༄༅།། སློབ་མར་རྩོམ་འབྲིའི་སློབ་ཚན་ལེགས་པར་ཁྲིད་རྒྱུ་དེ་སློབ་ཁྲིད་ཀྱི་འགངས་ཆེའི་གནས་བབ་ཐོག་ཏུ་འཇོག་དགོས་པའི་སྐོར་མདོ་ཙམ་གླེང་བ།

ཨ་ནུའུ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 04-20


        དགེ་རྒན་གྱི་ཤེས་ཡོན་བྱང་ཚད་དང་འགན་སེམས་ཇི་ལྟར་ཡོད་མེད་ལ་དཔྱད་རྒྱུ་དང་། དགེ་རྒན་ལ་དངོས་ཡོད་འཇོན་ཐང་ལ་གཞིགས་ནས་གོ་མིང་གི་ཐོབ་ཐང་སྤྲོད་པའི་ཆ་རྐྱེན་དུ་རང་ཉིད་ཀྱི་ལས་དོན་དང་འབྲེལ་བའི་ཆེད་རྩོམ་དགོས་པའི་བླང་བྱ་བཏོན་གཤིས། ཉེ་བའི་ལོ་ཤས་རིང་། ང་རང་ལྗོངས་ཀྱི་སློབ་གསོའི་འཐབ་ཕྱོགས་སུ་འབད་འཐབ་བྱེད་བཞིན་པའི་སློབ་གྲྭ་འབྲིང་ཆུང་ཀུན་གྱི་དགེ་རྒན་རྣམས་ཀྱིས། སློབ་གསོ་སློབ་ཁྲིད་དང་སློབ་མའི་ཀུན་སྤྱོད་སྐྱོང་ལུགས། དེ་བཞིན་ཁྱིམ་ཚང་གིས་སློབ་གསོ་དོན་གཉེར་ཇི་ལྟར་བྱེད་དགོས་ཚུལ་དང་། འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀའི་ཉམས་མྱོང་སོགས་ཆེད་རྩོམ་སྣ་ཚོགས་སྤེལ་ཡོད་པ་དེས། དགེ་རྒན་ཕན་ཚུན་དབར་རིན་ཐང་བྲལ་བའི་ཉམས་མྱོང་མཁོ་འདོན་ཐུབ་ཡོད་ལ། དེ་བཞིན་དུ་འབྲེལ་ཡོད་སློབ་གསོའི་ཚན་པར་ཡང་དུས་སྐབས་གསར་པའི་བོད་ཀྱི་སློབ་གསོའི་ལས་དོན་ཐད། ཚན་རིག་དང་མཐུན་པའི་སློབ་གསོ་དོ་དམ་དང་དགེ་རྒན་བཀོལ་སྤྱོད་བྱེད་ཐབས་སོགས་ལ་དཔྱད་གཞི་ཕུན་སུམ་ཚོགས་པོ་ཞིག་མཁོ་འདོན་བྱེད་ཐུབ་ཡོད་ཅིང་། ཆེད་རྩོམ་དེ་རིགས་འབྲི་བའི་བརྒྱུད་རིམ་ནང་དགེ་རྒན་ཚོས་རང་ཉིད་ལ་ཐོབ་འོས་པའི་ལས་ཀའི་གོ་མིང་དང་འབྲེལ་བའི་ཆེད་རྩོམ་འབྲི་རྒྱུ་དེ་ཆེས་རྩ་བའི་བླང་བྱར་བརྩིས་ཡོད་པར་བརྟེན། དེ་སྔ་སློབ་མར་སློབ་ཚན་ཁྲིད་པ་ཙམ་ལས་རང་ཉིད་ཀྱིས་རྩོམ་ཡིག་དེ་ཙམ་མི་འབྲི་བའི་དགེ་རྒན་མང་པོ་ཞིག་གི་རང་ངོས་རྩོམ་འབྲིའི་ཆུ་ཚད་ཀྱང་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་བྱེད་ཐུབ་ཡོད་པས། རང་ཉིད་ཀྱང་དེ་དང་འདྲ་བར་རྩོམ་འབྲིའི་བྱང་ཚད་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག དེ་རིང་འདི་གར་རང་ལྗོངས་ཀྱི་བོད་ཡིག་དགེ་རྒན་ཚོའི་སློབ་ཁྲིད་བྱེད་ཕྱོགས་ལ་བློ་སྒོ་འབྱེད་ཕྱིར་དང་། ཕན་ཚུན་མྱོང་བ་འདོན་སྤྲོད་དང་། དགེ་མཚན་སྤེལ་རེས། སྐུལ་ལྕག་གཏོང་རེས་སོགས་ཕྱོགས་ཡོངས་ལ་དམིགས་ཏེ། སློབ་མར་རྩོམ་འབྲིའི་སློབ་ཚན་ལེགས་པར་ཁྲིད་རྒྱུ་དེ་གལ་ཆེའི་གནས་བབ་ཏུ་འཇོག་དགོས་པའི་སྐོར་རང་ཉིད་ཀྱི་ལྟ་ཚུལ་དང་། གྲོས་འགོ་ཅུང་ཟད་གླེང་རྒྱུ་ཡིན།
དང་པོ། རྩོམ་འབྲིའི་གནས་བབ་ལ་མཐོང་ཆེན་གང་ལེགས་བྱེད་དགོས་པའི་སྐོར།
        རྩོམ་ཡིག་འབྲི་བ་དེ་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་སྒྱུར་བཀོད་བྱེད་པ་དང་། རང་ཉིད་ཀྱི་འཚོ་གནས་ཆ་རྐྱེན་ལེགས་སུ་གཏོང་བ། རང་ཉིད་གནས་སའི་སྤྱི་ཚོགས་འདིར་ཤེས་དཔལ་དར་སྤེལ་ཡོང་བ་བྱེད་པ་སོགས་ཀྱི་བྱ་བ་ཐམས་ཅད་ལ་ཁྱབ་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་ལ། རྩོམ་འབྲི་ནི་ཁྱིམ་ཚང་དང་མི་སྒེར་ཚང་མར་ཁྱབ་པའི་བྱེད་ལས་ཤིག་ཡིན་པས། ང་ཚོས་རྩོམ་འབྲིའི་དགོས་མཁོ་དང་དེའི་གནས་བབ་ལ་བསམ་བློའི་ཐད་ནས་ངོས་འཛིན་གང་ལེགས་བྱེད་པ་དང་། བྱ་སྤྱོད་ཀྱི་ཐད་ནས་མཐོང་ཆེན་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཡིན། མི་ཁག་གཅིག་གིས་ཡི་གེ་སྦྱོང་རྒྱུར་མཐོང་ཆེན་བྱེད་པ་ཙམ་ལས་རྩོམ་འབྲིར་སྣང་ཆུང་བྱེད་ཀྱི་ཡོད་ཅིང་། ཡི་གེ་ཤེས་ནས་གཞན་གྱི་རྩོམ་ཡིག་གམ། ནང་བསྟན་གྱི་ཆོས་གཞུང་རིག་གནས་ཀློག་ཐུབ་ཙམ། དེ་མིན་བརྗེད་ཐོ་འགོད་ཐུབ་པ་ཙམ་བྱུང་ན་འགྲིག་པའི་ངོས་འཛིན་བྱེད་པ་ལས། རྩོམ་ཡིག་འབྲི་རྒྱུར་དོ་ཁུར་གཏན་ནས་བྱེད་ཀྱི་མེད་པས། དེ་ནི་དོན་དངོས་ཐོག་ཡི་གེ་སྦྱངས་པའི་དགོས་འདུན་ལ་ཕྱོགས་ཡོངས་ནས་བསམ་གཞིག་ནན་ཏན་མ་ཐུབ་པའི་ཞན་ཆ་ཞིག་རེད།
        ང་ཚོས་རྩོམ་འབྲིའི་གནས་བབ་ལ་མཐོང་ཆེན་བྱེད་སྐབས། རྩོམ་འབྲི་བྱས་པ་ལས་བྱུང་བའི་ཤེས་ཡོན་གང་དང་གང་ཡོད་པ་དེ་ངེས་པར་དུ་རྟོགས་དགོས་ཀྱི་ཡོད་ལ། རྩོམ་ཡིག་འབྲི་མ་ཤེས་པའམ་ཡང་ན་ཡག་པོ་འབྲི་མ་ཤེས་ཚེ། ཡི་གེ་མ་ཤེས་པ་དང་ཁྱད་ཆེར་མེད་པའི་ངོས་འཛིན་བྱེད་དགོས་ཀྱི་རེད། ངོས་འཛིན་དེ་ལྟར་བྱེད་དགོས་དོན་གང་ཡིན་ནམ་ཞེ་ན། རང་གིས་རང་ལ་ངར་སློང་འགྲན་སློང་བྱེད་པ་ཞིག་ཡིན། སྤྱིར་ན་ཡི་གེ་མི་ཤེས་པའི་སྐྱེ་བོ་མང་པོ་ཞིག་གིས་རྩོམ་ཡིག་ཅེས་པའི་རིན་ཐང་དེ་ཙམ་ཤེས་ཀྱི་མེད་ཅིང་། དེ་ནི་ཁོང་ཚོར་ལེ་ཁག་དཀྲི་ཐབས་བྲལ་བའི་འགལ་བ་ཞིག་ཡིན་ཏེ། རྒྱུ་མཚན་ཅི་ཡིན་ཟེར་ན། ཁོང་ཚོས་ཡི་གེ་མི་ཤེས་པས་རྩོམ་ཡིག་གི་སྐོར་ལ་དཔྱད་གླེང་བྱེད་ཐབས་བྲལ་བས་ཡིན། བོད་དུ་སྔོན་ཆད་མི་རབས་ནས་མི་རབས་བར་དུ་ཆོས་དད་མང་ཚོགས་ཚོས་ཁྱིམ་དུ་དགེ་འདུན་པ་གདན་དྲངས་ནས་བཀའ་བསྟན་ཀློག་རོགས་གནང་ཞེས་ཞུ་དགོས་དོན་ཡང་ཡི་གེ་མ་ཤེས་པས་ལན་པ་མ་གཏོགས། རྒྱལ་བའི་གསུང་རབ་དང་བཀའ་བསྟན་དགེ་འདུན་པས་མ་གཏོགས་ཀློག་མི་ཆོག་པ་གཏན་ནས་མིན་པར། ཆོས་ཀྱི་ངོས་ནས་བཤད་ན་རང་ཉིད་ངོ་མས་ཀློག་ན་ཕན་པ་དེ་བས་ཆེ་བ་ཡོད་སྐོར་བཀའ་བསྟན་ནང་དུ་བསྟན་གནང་ཡོད་པས་ཀུན་གྱི་ཡི་གེ་ཤེས་དགོས་པའི་དོན་སྙིང་དེ་ནས་ཀྱང་མཚོན་གྱི་མེད་དམ། ཡིན་ནའང་ཤེས་དགོས་པ་ཞིག་ལ་ང་ཚོའི་མིག་ངོར་ཡི་གེ་ཤེས་པ་མང་པོ་ཞིག་གིས་ཀྱང་རྩོམ་ཡིག་གི་རིན་ཐང་ལ་བསམ་བློ་གཏོང་གི་མེད་པས། དེ་ནི་དངོས་གནས་ཐབས་ཤིན་ཏུ་སྐྱོ་དགོས་པའི་སྣང་ཚུལ་ཞིག་ལས་མ་འདས།
        རྒྱུ་མཚན་ངེས་གཏན་ཞིག་གི་སྟེང་ནས་བཤད་ན། རྩོམ་ཡིག་འབྲི་ཤེས་པ་ཞིག་ཡིན་ཕྱིར། ད་གཟོད་ང་ཚོས་ཤེས་ཡོན་ཅན་གྱི་ཁོངས་སུ་འཇོག་ཆོག་སྙམ་པ་དང་། དེ་ལས་ལྡོག་པ་ཞིག་སྟེ། རྩོམ་ཡིག་འབྲི་མི་ཤེས་མཁན་ཞིག་ཡིན་ཕྱིར། ཤེས་ཡོན་ཅན་གྱི་ཁོངས་སུ་གཏོགས་པར་དཀའ་ཞིང་། རྟོགས་དབང་དུ་བྱས་ཀྱང་རང་ཉིད་ངོ་ཚའི་རྒྱུ་ལས་མ་མཆིས། ཡི་གེ་ཤེས་ཀྱང་རྩོམ་ཡིག་འབྲི་མི་ཤེས་པ་དང་། ཡི་གེ་ཤེས་ཤིང་རྩོམ་ཡིག་ཀྱང་འབྲི་ཤེས་པའི་དབར་གྱི་ཁྱད་པར་ཇི་ལྟར་ཡོད་དམ་ཞེ་ན། ཁོ་བོ་ལྟར་ན་དེ་ཡང་བསམ་གཞིག་གི་ནུས་པ་ཆེ་ཆུང་གཏན་ནས་མི་འདྲ་བ་དེ་ཡིན། རྩོམ་ཡིག་འབྲི་ཤེས་དང་མི་ཤེས་དབར་གྱི་བསམ་གཞིག་གི་ནུས་པ་གང་འདྲ་བྱས་ནས་བྱུང་བ་ཡིན་ནམ་ཞེ་ན། དེ་ཡང་རྩོམ་ཡིག་འབྲི་མཁན་གྱི་ཐོས་བསམ་རྒྱ་ཆེ་ལ་སྦྱོང་བརྡར་ནང་ཐེངས་མང་ཞུགས་ཡོད་པས་ཡིན་པ་དང་། རྩོམ་ཡིག་འབྲི་མི་ཤེས་མཁན་གྱི་ཐོས་བསམ་རྒྱ་ཆུང་ལ་ཁོང་ཚོས་རྩོམ་ཡིག་གི་ཆེད་དུ་སྨྱུ་གུ་མ་སྒུལ་བའམ་ཡང་ན་སྒུལ་ཡང་ཐེངས་དང་པོ་ལེགས་གྲུབ་མ་བྱུང་བ་ཙམ་དུ་ཕྱིར་བཤོལ་བའི་ལོ་རྒྱུས་ཡོད་ངེས་པ་དེའོ། དེ་ཡང་དཔེར་ན། དཔྱིད་དུས་ཀྱི་ཕྱི་ལྗོངས་ལ་བསྔགས་པའི་ཚིག་ལྷུག་ཅིག་འབྲི་དགོས་ཚེ། ངེས་པར་དུ་དཔྱིད་རླུང་ལྡང་ཞིང་། ཤིང་རྩེ་ཁ་འབུས་པ་དང་། འཁྱག་རོམ་བཞུར་ནས་ས་གཞིར་བརླན་གཤེར་སླེབས་པ། སོ་ནམ་གྱི་འགག་རྩ་དཔྱིད་ལ་ཐུག་དུས་ཞིང་པས་བྱ་བ་གང་ཞིག་བྱེད་དམ། དེས་མི་རྣམས་ལ་ཚོར་སྣང་གང་འདྲ་ཞིག་སྤྲོད་ཀྱི་ཡོད་མེད་སོགས་ཀྱི་རང་བྱུང་ཁོར་ཡུག་གསར་པ་ཞིག་ཡིན་པའི་སྣང་ཚུལ་དང་བཅས་པ་འཚོལ་ཞིབ་ལེགས་པོ་བྱེད་དགོས་ཀྱི་རེད། རྩོམ་འབྲི་མ་བྱས་གོང་བརྗོད་དོན་རྒྱ་ཆེན་པོ་ཞིག་འཚོལ་ཐུབ་ཕྱིར་སྤྱིར་ན་རྩོམ་ཡིག་ལེགས་གྲུབ་ཡོང་ངེས་ཡིན་ལ། རྩོམ་ཡིག་གི་སྤུས་ཚད་ལ་མཚོན་ན། འཚོལ་བསྡུ་བྱས་པའི་བརྗོད་དོན་གྱི་ཁྲོད་ནས་གདམ་གསེས་མཁས་པོ་ཡོད་མེད་ལ་ཐུག་ཡོད་པ་ཨ་ཅང་ཅང་། ད་དུང་རྩོམ་གྱི་སྒྲིག་གཞི་ལེགས་མིན་དང་། བརྗོད་དོན་མཚོན་བྱེད་ཀྱི་ཚིག་སྦྱོར་ལེགས་མིན་སོགས་ཕྱོགས་མང་པོ་ཞིག་ལ་དོ་སྣང་བྱས་ཏེ་དང་དོད་ཆེན་པོ་བྱེད་དགོས་ཀྱི་རེད།
        འོན་ཀྱང་ཡི་གེ་ཤེས་ཀྱང་རྩོམ་འབྲི་མི་བྱེད་མཁན་ཞིག་གམ་ཡང་ན་རྩོམ་འབྲི་མི་ཤེས་མཁན་ཞིག་ཡིན་ཕྱིར། དེ་ལ་རྩོམ་འབྲིའི་གོང་གི་རྒྱུ་ཆ་འཚོལ་བའི་གནོན་ཤུགས་མེད་སྟབས། དེའི་དབང་གིས་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་བསམ་གཞིག་བྱེད་པའི་ནུས་པའང་མ་འཕེལ་བར་གང་དྲན་དྲན་ཞིག་བྲིས་པས་རྩོམ་ཡིག་དེ་མགོ་ལུས་མི་འཚམས་པ་དང་ཡང་ན་ལེགས་གྲུབ་རྩ་བ་ནས་ཡོང་གི་མེད། དེ་བཞིན་དུ་སྒྲུང་གཏམ་གསར་རྩོམ་བྱེད་མཁན་ཞིག་གི་ངོས་ནས་བཤད་ཀྱང་། སྒྲུང་གཏམ་མ་བྲིས་གོང་མི་སྣ་དང་། ཁོར་ཡུག མི་སྣ་ཕལ་པ་སོགས་གསར་བཞེངས་བྱེད་པར་བྱ་དངོས་ལ་ཟབ་འཇུག་གིས་ཤེས་རྟོགས་བྱེད་དགོས་ཀྱི་ཡོད་པས། དེའི་དབང་གིས་གསར་རྩོམ་པའི་བསམ་གཞིག་གི་ནུས་པ་ཡང་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ནང་གོང་མཐོར་འགྲོ་གི་ཡོད་མོད། འོན་ཀྱང་གསར་རྩོམ་བྱེད་འདོད་ཀྱང་ལེ་ལོས་སྒྲུབ་མི་ཐུབ་པ་དང་ཡང་ན་གསར་རྩོམ་རྩ་བ་ནས་མི་ཤེས་མཁན་ཞིག་ཡིན་ཕྱིན། གོང་དུ་ཚིག་ལྷུག་ཅིག་འབྲི་རྒྱུའི་སྐོར་བཤད་པ་བཞིན། སྐྱེ་བོ་དེ་གྲས་ཀྱིས་གསར་རྩོམ་གྱི་སྐོར་གླེང་གི་ཡོད་ཀྱང་བསམ་གཞིག་གི་ནུས་པ་མེད་པ་ནི་སྨོས་ཅི་དགོས། དེ་མིན་ང་ཚོའི་འཚོ་བ་དངོས་ཀྱི་ནང་མི་ཁག་གཅིག་གིས་ཡི་གེ་ཤེས་ནས་རྩོམ་ཡིག་དང་སྒྲུང་གཏམ་སོགས་ཀློག་གི་ཡོད་ཀྱང་དེ་ཚོའི་བརྗོད་དོན་གཙོ་བོ་གང་ཡིན་ལ་བསམ་བློ་གཏོང་མི་ཐུབ་པ་དང་། གོ་བ་ཡང་དག་པ་ལེན་ཐུབ་ཀྱི་མེད་ལ། དེ་བས་ཀྱང་ཚིག་སྦྱོར་དང་སྒྲིག་གཞི་སོགས་ལ་དོ་སྣང་སྤུ་ཙམ་བྱེད་ཀྱི་མེད་སྟབས། རྩོམ་འབྲིའི་སྐོར་བཤད་ན་དེ་བས་མགོ་ན་ནས་སེམས་ནང་འཇོག་འདོད་བྱེད་མི་སྲིད།
        མིའི་རིགས་ཀྱི་འཚོ་བའི་ནང་རྩོམ་ཡིག་གིས་གྲངས་ལས་འདས་པའི་ཤེས་བྱ་སྟོན་གྱི་ཡོད་པས། གལ་ཏེ་རྩོམ་ཡིག་ལྟ་བར་བྱང་བ་ཞིག་དགོས་ན། ངེས་པར་དུ་རིང་ཐུང་ལ་མ་བལྟོས་པས་རྩོམ་ཡིག་སྣ་ཚོགས་འབྲི་ཤེས་པ་ཞིག་དགོས་ངེས་ཡིན་ལ། དེ་བཞིན་དུ་བོད་ལ་མཚོན་ན། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་རིག་གནས་དང་སྔོན་བྱོན་མཁས་པའི་བསྟན་བཅོས་ཆེས་མང་བའི་ཁུལ་ཞིག་ཡིན་པས། དེ་དག་ཁོང་དུ་རགས་ཙམ་ཆུད་ཐབས་བྱེད་རྒྱུ་ནི་རང་ཉིད་ཀྱི་རྩོམ་འབྲིའི་ལམ་དུ་ཞུགས་པའི་ཆ་རྐྱེན་འཚོལ་བ་ཞིག་རང་ཡིན། དེ་ཡང་དཔེར་ན། སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་དང་འབྲེལ་བའི་སྔོན་བྱོན་མཁས་པའི་བསྟན་བཅོས་ཀྱི་ཁོངས་སུ་གཏོགས་པ། ལེགས་བཤད་དང་། སྙན་ངག་གི་བསྟོད་སྨོན་སོགས་ནི་བརྗོད་དོན་ཟབ་ལ་བརྗོད་བྱའི་ཚིག་སྦྱོར་ལེགས་པའི་རྩོམ་ཡིག་ཡིན་མོད། འོན་ཀྱང་རང་ཉིད་རྩོམ་འབྲི་མི་ཤེས་མཁན་ཞིག་ཡིན་ཕྱིན། ཡི་གེ་ཤེས་ཀྱང་བསྟན་བཅོས་དེ་རིགས་ཀློག་མི་ཐུབ་པའམ་ཀློག་ཀྱང་གོ་དོན་མི་ཤེས་པར་དཔེ་དེབ་ཀློག་རྒྱུའི་གོམ་ཁ་ཡང་རང་བཞིན་བཤོལ་མཁན་དུ་འགྱུར་སྲིད་པ་ཡིན། དེས་ན་ང་ཚོས་རྩོམ་འབྲིའི་གནས་བབ་ལ་མཐོང་ཆེན་བྱས་ཏེ་ཡི་གེ་ཤེས་པའི་རྗེས་སུ། ངེས་པར་དུ་རྩོམ་ཡིག་འབྲི་རྒྱུ་དེ་བྱང་བ་བྱེད་རྒྱུ་ནི་གལ་ཤིན་ཏུ་ཆེ། སློབ་གྲྭ་ཆུང་བའི་སློབ་མར་མཚོན་ན། སློབ་ཚན་ནང་གཏོང་ཡིག་འབྲི་སྟངས་ནས་འགོ་བཙུགས་ཏེ། རྩོམ་འབྲི་སྟངས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད་ཅིང་། གཏོང་ཡིག་འབྲི་སྟངས་ལྟ་བུ་སྟབས་བདེའི་རྩོམ་ཡིག་འབྲི་བ་དེ་ནི་རྩོམ་འབྲིར་འཇུག་པའི་བློ་སྒོ་འབྱེད་ཐབས་ཤིག་ཡིན་ལ། རྒྱུན་དུ་བརྗོད་པ་ཐུང་ངུ་བཟོ་བའི་སྦྱངས་ཚན་ཡང་རྩོམ་ཡིག་གི་བརྗོད་བྱེད་ཚིག་བྱང་གོམས་ཡོང་བའི་ཆེད་དུ་ཡིན་པ་དང་། དེ་བཞིན་དུ་སློབ་མར་ཉིན་ཐོ་འབྲི་རུ་འཇུག་པ་ཡང་དོན་དམ་དུ་རྩོམ་ཡིག་འབྲི་བའི་ལམ་དུ་བདེ་བླག་ངང་འཇུག་ཐབས་བྱེད་པ་ལས་མ་འདས། གལ་ཏེ་མི་རྣམས་ཀྱིས་རྩོམ་ཡིག་འབྲི་སྟངས་རྩ་བའི་ཆ་ནས་ཤེས་གྱུར་ཚེ། ད་གཟོད་རྩོམ་ཡིག་སྤྱི་དང་བྱེ་བྲག་སྟེ། ཕ་མ་དང་དགེ་རྒན་ལ་བསྟོད་པ་དང་། དུས་རབས་ལ་བསྟོད་པ། བྱ་ངན་ལ་རྒོལ་བ་སོགས་རྩོམ་ལུས་སྣ་ཚོགས་ཀྱི་ཐོག་ནས་འབྲི་ཐུབ་ཀྱི་རེད།
        གོང་དུ་ཁོ་བོས་བཤད་པའི་རྩོམ་འབྲིའི་བླང་བྱ་དེ་དག་ལེགས་གྲུབ་ཡོང་བ་བྱེད་པའི་སྔོན་འགྲོའི་མཐུན་རྐྱེན་ནི། ངེས་པར་དུ་རྩོམ་འབྲིའི་གནས་བབ་ལ་མཐོང་ཆེན་བྱེད་དགོས་པ་དེ་ཡིན། གལ་ཏེ་དགེ་རྒན་ཚོས་རྩོམ་འབྲིའི་གནས་བབ་ལ་མཐོང་ཆེན་བྱ་རྒྱུ་མ་འདང་ཚེ། སློབ་དེབ་གཞིར་བཟུང་རྩོམ་འབྲིའི་སློབ་ཚན་ཁྲིད་པ་ཙམ་ལས་སློབ་མས་རྩོམ་ཡིག་གང་འདྲ་འབྲི་ཐུབ་མིན་ལ་དོ་སྣང་མི་བྱེད་མཁན་གྱི་དགེ་རྒན་ཞིག་ཏུ་འགྱུར་ངེས་ཡིན་ལ། དགེ་རྒན་རང་ཉིད་ནས་རྩོམ་ཡིག་ཅིག་འབྲི་དགོས་ཀྱང་ཁུངས་འཕེར་བ་ཞིག་འབྲི་མི་ཐུབ་པར་སློབ་མའི་ཁྲོད་དུའང་ཁ་སྐྱེངས་དགོས་པར་འགྱུར་ཉེན་ཡོད།
གཉིས་པ། སློབ་མའི་རྩོམ་འབྲིའི་བྱང་ཚད་ལ་ཤུགས་སྣོན་རྒྱག་པ་དེ་ནི་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་ཞིག་ཡིན་པའི་སྐོར།
        གུས་པས་གོང་དུ་རྩོམ་འབྲིའི་གནས་བབ་སྐོར་གླེང་ཞིང་། དེ་ལྟར་གླེང་དོན་ནི་ངེད་ཚོ་དགེ་རྒན་ཚོས་སློབ་མའི་རྩོམ་འབྲིའི་སློབ་ཚན་ལ་སྣང་ཆེན་བྱ་རྒྱུར་ཕྱོགས་གང་ཅིའི་ཐད་ནས་སྐུལ་འདེད་འབྱུང་ཐབས་བགྱིས་པ་ཞིག་ཡིན། ད་ནི་སློབ་མའི་རྩོམ་འབྲིའི་བྱང་ཚད་ལ་ཤུགས་སྣོན་རྒྱག་པ་དེ་ཁྱོན་ཡོངས་ཀྱི་བྱང་ཚད་ལ་ཤུགས་བསྣན་པ་ཞིག་ཡིན་ཞེས་པའི་རྒྱུ་མཚན་ཅུང་ཟད་གླེང་རྒྱུ་སྟེ།
        དེ་ཡང་སློབ་ཆུང་དང་སློབ་འབྲིང་གང་རུང་དང་། ཐ་ན་སློབ་ཆེན་སློབ་མ་ཡིན་ན་ཡང་རིང་ཐུང་ལ་མ་བལྟོས་པའི་རྩོམ་ཡིག་འབྲི་ཤེས་ཚེ། དང་ཐོག་རྩོམ་ཡིག་འབྲི་བ་དེ་ཡི་གེའི་དག་ཆ་དང་བཅས་པ་བརྡ་སྤྲོད་དང་མཐུན་པ་ཞིག་ལ་རང་ཤུགས་སུ་ཤུགས་སྣོན་ཐེབས་ཀྱི་ཡོད་པ་དང་། དེ་དང་ཕྱོགས་མཚུངས་སློབ་མས་རྩོམ་འབྲི་བྱེད་རིང་དཔྱད་གཞིའི་ཡི་གེ་ལྟ་བ་དང་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་ཤེས་རྟོགས་བྱེད་པ་དེས། སྤྱི་ཚོགས་ཀྱི་འཚོ་བར་རྒྱུས་ལོན་ཟབ་ཏུ་འགྲོ་བ་དང་། དཔྱད་གཞིའི་དེབ་སྣ་ཚོགས་ཀྱིས་གཞན་གྱི་ལེགས་ཆ་རང་ཉིད་ཀྱི་ཀླད་པར་འཇགས་ཐུབ་པའི་དགེ་མཚན་ལྡན་ཐུབ་པ་དང་། དེ་བས་ཀྱང་ཁྱིམ་ཚང་དང་། སྤྱི་ཚོགས་སུ་ཐོན་པའི་འགལ་ཟླ་དང་། ཞི་མཐུན་སོགས་བརྗོད་དོན་གང་རུང་འབྲི་བ་དེས་སློབ་ཚན་གྱི་ཁྱབ་ཁོངས་ལས་བརྒལ་བའི་ཤེས་བྱ་ཕུན་སུམ་ཚོགས་པོ་བློར་ངེས་པའི་ཕན་པ་ཡོད་ཅིང་། ད་དུང་རྩོམ་ཡིག་འབྲི་བཞིན་དུ་དེར་དབྱིངས་ཞུགས་ཏེ་ཕྱི་རོལ་ནས་བྱ་དངོས་གསར་པ་ཞིག་མཐོང་མ་ཐག་རྩོམ་འབྲི་རྒྱུའི་བསམ་བློ་འཁོར་བའི་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་ཐུབ་ཀྱི་ཡོད། ང་ཚོས་ཕུལ་བྱུང་སློབ་མ་ཁག་གཅིག་ལ་དཔྱད་སྐབས་ཁོང་ཚོས་སྒྲུང་དེབ་མང་པོ་ལྟ་བ་དེ་ཡང་རྩོམ་འབྲིའི་བློས་བསླངས་པའི་དཔེ་ཀློག་ལ་དགའ་བའི་སྣང་ཚུལ་ཞིག་ཡིན་འདུག ཕ་མ་དང་དགེ་རྒན་གྱིས་བསྐུལ་མི་དགོས་པར་རྩོམ་ཡིག་འབྲི་མཁན་ཞིག་ཏུ་གྱུར་ཚེ། རིམ་བཞིན་གཞན་གྱི་རྩོམ་ཡིག་ལ་དཔྱད་པ་བྱེད་པ་དང་། གཞན་རྩོམ་ནས་ལེགས་ཆ་དང་ལེན་བྱེད་པའི་ནུས་པ་ལྡན་པར་འགྱུར་ངེས་ཡིན།
        རྩོམ་འབྲིས་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ཕན་པ་ཡོད་ཅེས་པའི“ཁྱོན་ཡོངས”ལ་ཁོ་བོས་གོང་དུ་སྨོས་པ་དེ་ཙམ་གྱིས་མི་ཚད་པར། བློ་རིག་སྤྱང་བའི་སློབ་མ་ཞིག་གིས་འཇིག་རྟེན་མི་ཡུལ་དུ་ངེས་པར་དུ་འཛོམ་དགོས་པའི་བླང་དོར་གྱི་ནུས་པ་དང་། ཡ་རབས་ཀུན་སྤྱོད་དར་སྤེལ་གཏོང་བར་བསམ་བློ་གཏོང་མཁན་ཞིག་ཏུ་འགྱུར་བ་སོགས་ཀྱི་ནུས་པ་ཐོན་གྱི་ཡོད། དེ་ཡང་སློབ་མས་རྩོམ་ཡིག་འབྲི་བ་དང་གཞན་རྩོམ་ལ་ལྟ་བ་དེ་ནས་ཇི་ལྟར་བྱས་ཏེ་འཇིག་རྟེན་ཀུན་མཐུན་གྱི་མི་ཞིག་བྱེད་དགོས་མིན་དང་། སྤྱོད་ལམ་གང་ཞིག་ལ་སྤྱི་ཚོགས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ། བསམ་བློ་དང་བྱ་སྤྱོད་གང་ཞིག་གི་ཐད་ནས་སྐྱེ་བོ་ཡ་རབས་ཤིག་ཏུ་འགྱུར་མིན་སོགས་ཀྱང་ཤེས་ཐུབ་པར་གྱུར་གྱི་ཡོད། དེའི་ཐད་ང་ཚོས་གནད་དོན་འདི་འདྲ་ཞིག་གི་ཐོག་ནས་བསམ་གཞིག་བྱེད་ཆོག་པ་སྟེ། དེའང་སྤྱིར་གངས་ལྗོངས་ཀྱི་ལོ་རྒྱུས་ཐོག་དང་བྱེ་བྲག་ཏུ་འཛམ་གླིང་ས་གནས་གང་དང་མི་རིགས་གང་གི་ཁྲོད་དུ་བརྟག་ཀྱང་བྱེད་ལས་ནུས་པ་ལྡན་པ་དང་། གྲུབ་འབྲས་ཕུལ་དུ་བྱུང་བ་གཏོད་མཁན་ཕལ་མོ་ཆེ་ནི་ཤེས་ལྡན་པ་ཡིན་པ་དང་། ཤེས་ལྡན་པས་ཤེས་ཡོན་ཡང་དག་པའི་སྒོ་ནས་བེད་སྤྱོད་བྱས་པ་ཤ་སྟག་ཡིན་ལ། ཤེས་ཡོན་ཡང་དག་པར་སྤྱོད་པའི་སྔོན་འགྲོའི་བསམ་བློ་ནི་དཔེ་དེབ་ལ་བརྟེན་པ་དང་། རང་གི་མཐོང་ཐོས་མྱོང་གྲུབ་ལ་བརྟེན་ནས་འཆད་རྩོད་རྩོམ་ལ་ཞུགས་པ་དང་། དེའི་དབང་གིས་ཐོས་བསམ་རྒྱ་ཆེར་སོང་བ་ཞིག་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་ཡིན་པ་གསལ་བཤད་ཡོང་གི་ཡོད་པ་དེའོ།
གསུམ་པ། སློབ་མའི་རྩོམ་འབྲིའི་ཆུ་ཚད་གོང་མཐོར་གཏོང་བའི་གོམ་སྟབས་མགྱོགས་སུ་གཏོང་ཐབས་སྐོར།
        སློབ་མའི་རྩོམ་འབྲིའི་ཆུ་ཚད་གོང་མཐོར་གཏོང་བའི་ཐད། སྤྱིར་ན་སློབ་གྲྭ་ཆུང་འབྲིང་གང་རུང་ལ་སློབ་དེབ་ནང་ལོ་ནའི་ཁྱད་ཆོས་དང་མཐུན་པའི་སློབ་ཚན་འོས་འཚམ་བཀོད་སྒྲིག་བྱས་ཡོད་མོད། འོན་ཏེ་དེ་ཁོ་ནས་ཆོག་པ་ཞིག་མིན་པར་ང་ཚོ་དགེ་རྒན་ཚོས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རྩོམ་འབྲིའི་ཆུ་ཚད་མཐོར་གཏོང་དང་དེའི་གོམ་སྟབས་མགྱོགས་སུ་གཏོང་བར་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཤིང་། དེ་འདྲ་བྱུང་ན་དུས་བསྟུན་འཕེལ་རྒྱས་གཏོང་བའི་ལས་ཀའི་ཆོས་ཉིད་དང་ཡོངས་སུ་མཐུན་པ་ཞིག་ཏུ་འགྱུར་ངེས་ཤིང་སློབ་མས་ཀྱང་དང་ལེན་བྱེད་ཐུབ་ངེས་ཡིན།
        འོ་ན། ཐབས་ལམ་ཇི་ལྟ་བུའི་སྒོ་ནས་རྩོམ་འབྲིའི་ཆུ་ཚད་གོང་མཐོར་གཏོང་དགོས་སམ་ཞེ་ན། གུས་པས་ཆེད་རྩོམ་འདིའི་ཐོག་མར་རྩོམ་འབྲིའི་དགོས་མཁོ་དང་གནས་བབ་སྐོར་གླེང་བ་བཞིན་རྩོམ་ཡིག་སློབ་ཚན་ཁྲིད་པའི་ཐོག་མར་དགེ་རྒན་གྱིས་ངེས་པར་དུ། སློབ་མ་ཚོར་ཤེས་ཡོན་སྦྱོང་བ་དེ་རྩོམ་ཡིག་འབྲི་བའི་ཆེད་དུ་ཡིན་པའི་སྐོར་གྱི་གལ་ཆེའི་གནས་ལུགས་གསལ་པོ་བགྲང་དགོས་ཏེ། སློབ་མ་ཚོར་རྩོམ་ཡིག་འབྲི་མ་ཤེས་ཚེ། ཕྱིན་ཆད་སྤྱི་ཚོགས་ཐོག་རྐང་པ་བརྟན་པོ་ཞིག་འཛུགས་མི་ཐུབ་པའི་ངེས་ཤེས་རྙེད་པ་ཞིག་བྱེད་དགོས་པ་དང་། སློབ་མར་རྩོམ་འབྲི་བའི་བསམ་བློའི་ཀུན་སློང་ཟུག་ཐབས་མེད་པ་ཞིག་སླེབས་ཕྱིན། ད་གཟོད་རྩོམ་འབྲིའི་ཕན་ཡོན་དང་། མ་ཤེས་པའི་ཉེས་སྐྱོན་སོགས་རགས་ཙམ་ཤོད་དགོས་པ་དང་། རྩོམ་ཡིག་གི་འགོ་བརྗོད་དང་། གླེང་གཞི། གཙོ་དོན། མཇུག་བྱང་སོགས་སྒྲིག་གཞི་རྣམས་སྟབས་བདེའི་ཐོག་ནས་ངོ་སྤྲོད་དང་རིམ་གྱིས་རྒྱས་བཤད་ཀྱི་ཕྱོགས་སུ་གོམ་པ་སྤོ་དགོས། དོ་སྣང་བྱེད་དགོས་པ་ཞིག་ལ། ང་ཚོས་སློབ་མ་རྣམས་རྩོམ་ལ་དབྱིངས་ཞུགས་པའི་རྒྱལ་སྒོའི་འཁྲིས་སུ་སླེབས་པ་ལྟ་བུར་གྱུར་སྐབས། ཚོད་དཔག་མཐོ་དྲགས་ནས་བརྗོད་དོན་རྙོག་འཛིང་ཆེ་བ་དང་། གོ་དོན་རྒྱ་ཆེ་བ། བརྗོད་དོན་གྱི་འགལ་ཟླ་མང་བ་སོགས་གླེང་མི་རུང་བར། འགོ་འཛུགས་བདེ་བ་དང་། བརྒྱུད་རིམ་མང་མ་དྲགས་པ། མཇུག་འགྲིལ་བདེ་བ་བཅས་ཀྱི་རྩོམ་གཞི་ལུང་དུ་འདྲེན་དགོས། དཔེར་ན། འགོ་བརྗོད་དུ། “དཔྱིད་དུས”ཞེས་པ་ལྟ་བུ་ཞིག་བཏོན་རྗེས་སློབ་མར་དཔྱིད་དུས་ནི་ལོ་གསར་པ་ཞིག་གི་ནམ་ཟླའི་ཐོག་མ་ཡིན་པ་དང་། དཔྱིད་དུས་དེར་རྩི་ཤིང་ལ་སོགས་རྐང་འཐུང་ཡོངས་རྫོགས་ལང་ཚོ་དར་བའི་དུས་ཡིན་པ། དཔྱིད་ཀྱི་དྲོད་དང་དེ་བས་བྱ་བྱིའུ་ཐམས་ཅད་གཉིད་ལས་སད་པ་ལྟར་ཐོན་ཞིང་གྲེ་འགྱུར་དབྱངས་སྙན་སྒྲོག་པ། ཕྱི་འཇིག་རྟེན་ཁམས་ཀྱི་ཉམས་འགྱུར་གསར་རྐྱང་དེས་མི་རྣམས་ཀྱི་བློ་ལ་རེ་བ་གསར་པ་འཁོར་ལུགས་དང་། དཔྱིད་ཀར་རེ་ཞིང་རང་ཉིད་ཀྱིས་འབད་བརྩོན་བྱེད་རྒྱུ་སོགས་འབྲི་དགོས་ལུགས་སྟོན་དགོས་པ་དང་། དེ་བཞིན་དུ་དཔྱིད་དུས་ནི་སྐྱེ་དངོས་ཐམས་ཅད་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཡིན་པ་ལྟར། སློབ་མ་རང་ཉིད་ཀྱི་ལང་ཚོ་ཡང་དཔྱིད་དུས་ཀྱི་གསོན་ཤུགས་ལ་སྦྱར་ཏེ་རིག་པ་གཞོན་པའི་དུས་ནས་ཤེས་བྱའི་གནས་ལ་འབད་འབུངས་ལྷོད་མེད་བྱེད་དགོས་པའི་ཚུལ་སྟབས་བདེ་འགོད་དུ་འཇུག་པའི་སློབ་ཁྲིད་ཀྱི་ཐབས་ལམ་དུ་ཞུགས་དགོས་པ་དང་། དེ་མིན་དཔྱིད་དུས་ཀྱི་སྐོར་ནས་དགེ་རྒན་ཚོས་སློབ་མར་དཔྱིད་དུས་ནི་ལོ་ལྟར་འཆར་རྒྱུ་ཡོད་པ་ཞིག་དང་། གཞོན་ནུའི་ལང་ཚོ་ནི་མི་ཚེ་གཅིག་ལ་ཐེངས་གཅིག་ཡིན་པ་དེ་གསལ་བཤད་བྱས་ཏེ་རང་ཉིད་ཀྱི་ལང་ཚོའི་རིན་ཐང་ཡང་རྩོམ་འབྲིའི་ཁྲོད་ནས་ཤེས་ཐུབ་པ་དང་། དེ་ལྟར་ཤེས་ནས་རྩོམ་འབྲིའི་བྱང་ཚད་དང་གོང་མཐོར་གཏོང་བའི་གོམ་སྟབས་མགྱོགས་སུ་གཏོང་ཐབས་བྱེད་དགོས།
        སློབ་མའི་རྩོམ་འབྲིའི་ཆུ་ཚད་གོང་མཐོར་གཏོང་བར་རྩོམ་ཡིག་འབྲི་རུ་འཇུག་པ་ཕུད། ད་དུང་ཆུ་ཚད་མཐོར་འདེགས་ལ་ཕན་པའི་བྱེད་ཐབས་དཔེར་ན། ཕུལ་དུ་བྱུང་བའི་རྩོམ་ཡིག་ཐེངས་མང་ལྟ་ཀློག་བྱེད་དུ་འཇུག་པ་དང་ཕྱོགས་མཚུངས་དགེ་རྒན་ཚོས་རང་བློས་གང་དཔོག་གིས་རྩོམ་ཡིག་གང་དེའི་བརྗོད་དོན་གཙོ་བོ་གང་ཡིན་དང་། རྩོམ་ཡིག་དེ་རྩོམ་དགོས་པའི་བསམ་བློའི་རང་བཞིན་དང་། ཚིག་སྦྱོར་ལ་སོགས་པའི་སྒྱུ་རྩལ་གྱི་རང་བཞིན། སྒྲིག་གཞི་ཇི་ལྟར་གྲུབ་ཚུལ་སོགས་ལ་འགྲེལ་བཤད་བརྒྱབ་ནས། སློབ་མ་ཚོ་ལྟ་ཀློག་གི་དབྱིངས་སུ་ཚུད་ཐབས་བྱེད་དགོས་པ་དང་། དེ་བཞིན་སློབ་མས་བྲིས་པའི་རྩོམ་ཡིག་ལ་དགེ་རྒན་གྱིས་ལེགས་པར་བརྟག་ཅིང་བཟོ་བཅོས་དགོས་སར་བཟོ་བཅོས་བྱེད་པ་དང་ཆབས་ཅིག་བཅོས་དགོས་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས། ཡང་སློབ་མས་བྲིས་པའི་རྩོམ་ཡིག་གི་བརྗོད་དོན་མཚོན་སྟངས་དང་། བརྗོད་བྱེད་ཚིག་སྦྱོར། དག་ཆ་སོགས་ཀྱི་ཐད་ལའང་ཆ་ཚང་ལེགས་པོ་ཡོད་སར་དམིགས་འཛུགས་ཀྱིས་བསྟོད་བསྔགས་བཏང་སྟེ། ཁོང་ཚོའི་སེམས་ནུས་དེ་སློབ་ཚན་ཁྲིད་དུས་ཙམ་མིན་པར་དུས་རྟག་ཏུ་རྩོམ་ཡིག་འབྲི་བའི་ཐོག་སླེབས་ཐབས་བྱེད་དགོས་ཀྱི་རེད།
        སློབ་མ་ཕན་ཚུན་འགྲན་བསྡུར་བྱེད་དུ་འཇུག་པ་དེ་ཡང་སློབ་མའི་རྩོམ་འབྲིའི་ཆུ་ཚད་གོང་མཐོར་གཏོང་བའི་ཐབས་ལམ་གཞན་ཞིག་ཡིན་ཏེ། ཕན་ཚུན་འགྲན་སེམས་ཡོད་པ་དེས་སློབ་མར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་སྐུལ་ལྕག་ཡོང་གི་ཡོད་པས་ཡིན། སློབ་མ་ཕན་ཚུན་འགྲན་བསྡུར་བྱེད་སྐབས་དགེ་རྒན་གྱིས་རྩོམ་ཡིག་གི་བརྗོད་དོན་དེ་གཅིག་གྱུར་ཞིག་འདོན་དགོས་པ་སྟེ། དཔེར་ན། “རླབས་ཆེན་མེས་རྒྱལ”ཞེས་པའི་བརྗོད་དོན་ཞིག་བཏོན་ནས་དེར་སློབ་མ་སོ་སོས་རླབས་ཆེན་མེས་རྒྱལ་སྐོར་ཇི་ལྟར་འབྲི་མིན་བསྡུར་དགོས་པ་དེ་ཡིན། གལ་སྲིད་འགྲན་བསྡུར་བྱེད་གཞིའི་རྩོམ་ཡིག་གི་བརྗོད་གཞི་གཅིག་གྱུར་ཞིག་མ་བྱུང་ཚེ། འགྲན་བསྡུར་གྱི་རྩོམ་ཡིག་ལེགས་ཞན་དབྱེ་འབྱེད་བྱེད་དཀའ་བའི་ཕྱིར། འགྲན་བསྡུར་གྱི་ཐབས་ཤེས་དེ་ལྟ་བུ་སྤྱད་པ་བརྒྱུད། དགེ་རྒན་ཁ་ཤས་ཀྱིས་མཉམ་དུ་ཞིབ་དཔྱོད་བྱེད་དགོས་པ་དང་། ལེགས་ཞན་དབྱེ་ཟིན་རྗེས་རྩོམ་ཡིག་ལེགས་ཞན་སོ་སོར་དཔྱད་བརྗོད་ཐུང་ངུ་རེ་ཡོད་དགོས་ཤིང་། དེས་སློབ་མར་ཡར་སྐུལ་ཤུགས་ཆེན་ཡོང་ངེས་ལ་དེའི་ཐོག་ནས་དགེ་རྒན་གྱི་སློབ་མའི་རྩོམ་འབྲིའི་ཆུ་ཚད་ལ་ཤུགས་སྣོན་རྒྱག་པའི་འགན་སེམས་ཀྱང་མངོན་ཐུབ།
བཞི་པ། དགེ་རྒན་རང་ངོས་ཀྱི་རྩོམ་འབྲིའི་བྱང་ཚད་གོང་མཐོར་གཏོང་རྒྱུ་དེའང་གལ་འགངས་ཆེན་པོ་ཡིན་པའི་སྐོར།
        སློབ་མ་སློབ་གྲྭར་ཡོང་དོན་ནི་ཤེས་བྱ་ཕྱོགས་ཡོངས་བློར་ཆུད་པའི་ཆེད་དུ་ཡིན་པས། དགེ་རྒན་ལ་ཕྱོགས་ཡོངས་ཀྱི་ཤེས་ཚད་ལྡན་དགོས་པ་ནི་སྨོས་ཅི་དགོས། འདིར་འཆད་པའི་སློབ་མའི་རྩོམ་འབྲིའི་ཆུ་ཚད་གོང་མཐོར་གཏོང་བའི་ཐད་ལ་མཚོན་ནའང་དགེ་རྒན་རང་ཉིད་རྩོམ་འབྲིར་འཁོན་ཐོགས་མེད་པ་ཞིག་དགོས་ཤིང་། དེ་ལྟར་བྱུང་ཚེ་ད་གཟོད་སློབ་མར་རྩོམ་འབྲི་སློབ་ཁྲིད་བྱེད་སྐབས་ཀྱང་ཐབས་ལམ་མང་ཞིང་། སློབ་ཁྲིད་བྱེད་མཁས་པ་ཞིག་ཏུ་འགྱུར་ཐུབ།
        མིག་སྔར་སློབ་གྲྭ་འབྲིང་ཆུང་མང་པོ་ཞིག་ཏུ་སློབ་དེབ་ནང་བཀོད་སྒྲིག་བྱས་པ་ལྟར་དགེ་རྒན་གྱིས་རྩོམ་འབྲི་སློབ་ཁྲིད་བྱེད་ཀྱི་ཡོད་མོད། འོན་ཀྱང་དགེ་རྒན་ཁག་གཅིག་ལ་སློབ་དེབ་མ་བལྟས་པར་ཐད་ཀར་རྩོམ་འབྲིའི་ཤེས་བྱ་དང་ཉམས་མྱོང་རང་བློས་བཟུང་ནས་སློབ་ཁྲིད་བྱེད་པའི་ནུས་པ་དེ་ཙམ་མེད་པ་དངོས་ཡོད་ཡིན་ལ། དེ་བཞིན་དུ་དགེ་རྒན་ཁག་གཅིག་ལ་རྩོམ་འབྲིའི་གཞུང་ལུགས་གང་ཙམ་འཆད་རྒྱུ་ཡོད་ཀྱང་། རང་ཉིད་ཀྱིས་རྩོམ་འབྲིའི་ལག་ལེན་ནང་ཞུགས་རྒྱུ་འདང་གི་མེད་སྟབས། གཅིག་ནས་རྩོམ་འབྲིའི་གལ་ཆེའི་རང་བཞིན་ལ་མཐོང་ཆེན་བྱེད་རྒྱུ་ཡང་དེ་མཚུངས་སུ་མི་འདང་བ་དང་། གཅིག་ཤོས་སུ་རྩོམ་འབྲིའི་སློབ་ཚན་གནད་སྨིན་ཞིག་ཁྲིད་ཐུབ་ཀྱི་མེད་པ་སྟེ། དཔེར་ན། སློབ་མས་བྲིས་པའི་རྩོམ་ཡིག་ལ་བལྟས་རྗེས་བཟོ་བཅོས་ལེགས་པོ་རྒྱག་མི་ཐུབ་པས། ཚུལ་དེ་ལྟ་བུའི་འོག་རང་ཉིད་ཀྱི་སློབ་ཕྲུག་རྩོམ་འབྲི་མཁས་པར་འགྱུར་དཀའ་བ་ནི་སྨོས་མི་དགོས་པ་ཞིག་ཡིན། ང་ཚོ་དགེ་རྒན་ཚོས་དུས་རྟག་ཏུ་རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་ཇི་ཙམ་དུ་སླེབས་མིན་དང་། ཆུ་ཚད་དེས་སློབ་མའི་རྩོམ་འབྲིའི་སློབ་ཚན་གྱི་དགོས་མཁོ་སྐོང་ཐུབ་མིན་སོགས་ལ་ངེས་པར་དུ་བསམ་གཞིག་ནན་པོ་བྱས་ཐོག་མི་འདང་བ་ཤེས་ཕྱིན། སློབ་མར་སློབ་ཁྲིད་བྱེད་པ་དང་སྦྲགས་རང་ཉིད་ཀྱི་རྩོམ་འབྲིའི་བྱང་ཚད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།
        དགེ་རྒན་རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་མཐོ་རུ་གཏོང་བ་ནི་དངོས་ཡོད་ལས་ཀའི་དགོས་མཁོ་ཡིན་པ་ཨ་ཅང་བརྗོད་མེད་ལ། དེ་བས་ཀྱང་རྩོམ་ཡིག་འབྲི་བ་ནི་རང་ཉིད་ཀྱི་སློབ་མར་རང་དཔེ་གཞན་སྟོན་བྱེད་པ་ཞིག་ལོས་ཀྱང་རེད། གལ་ཏེ་དེ་ལྟར་མ་བྱས་ཚེ་དགེ་རྒན་རང་ཉིད་ཀྱི་རྩོམ་འབྲིའི་ནུས་པ་མི་མངོན་པ་མ་ཟད། ཐ་ན་སློབ་མ་ཁག་གཅིག་གིས“རྒན་ལགས་ཁོ་རང་གིས་ང་ཚོར་བླང་བྱ་ནན་པོ་བཏོན་ཡང་དོན་དུ་ཁོ་རང་གིས་ཀྱང་རྩོམ་ཡིག་ཡག་པོ་ཞིག་འབྲི་ཤེས་ཀྱི་ཨེ་ཡོད་ནཱ”ཞེས་པ་སོགས་ལྐོག་ཏུ་དགེ་རྒན་ལ་འཕྱ་བའི་སྐད་ཆ་ཤོད་སྲིད་ཅིང་། དེ་ལྟར་བྱུང་ཚེ་དངོས་གནས་སློབ་ཕྲུག་གི་མདུན་དུ་ངོ་གནོང་དགོས་པར་འགྱུར་རྒྱུ་རང་རེད།
        སློབ་ཆུང་སློབ་མ་ཁོ་ནའི་ངོས་ནས་བཤད་ན། ཁོང་ཚོའི་རྩོམ་འབྲིའི་བློ་སྒོ་འབྱེད་པའི་ཐབས་ཤེས་བཟང་ཤོས་གཞན་ཞིག་ནི། བྱིས་སྒྲུང་འབྲི་ཐབས་ནས་རྩོམ་ཡིག་འབྲི་བའི་གོམ་པ་སྤོ་དགོས་ལ། དེ་བཞིན་དུ་ཁྱིམ་བདག་གི་གནས་ཚུལ་ཆུང་ཙག་ཉིན་ཐོར་འགོད་དུ་བཅུག་ཚེ། དེས་རིམ་བཞིན་རྩོམ་ཡིག་འབྲི་བའི་དད་མོས་འཆར་ཐུབ་པ་དང་། དེ་མིན་སློབ་ཚན་གཞན་དག་གི་གཙོ་གནད་དང་། བརྡ་སྤྲོད་ངག་སྐྱོར་བློར་འཛིན་བྱེད་པ་དང་སྦྲགས་སློབ་དེབ་ནང་འཁོད་པའི་ཚིག་བཅད་ཐུང་ཐུང་འགའ་ཡོད་པ་རྣམས་ངག་ཏུ་འཛིན་བཅུག་ཕྱིར། རྗེས་སུ་ཁོང་ཚོས་ཚིག་བཅད་རྩོམ་ཡིག་འབྲི་བར་ངག་སྐྱོར་བཏང་བ་དེ་ཚོས་དཔེ་ལྟ་ས་དང་། དཔྱད་གཞིའི་ནུས་པ་ཐོན་ཐུབ་ཀྱི་རེད། གཞན་ཡང་འདིར་དམིགས་བཀར་གྱིས་བརྗོད་འདོད་པ་ཞིག་ལ། རང་ཉིད་ཚུད་པའི་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཁག་གཅིག་གི་རྩོམ་འབྲིའི་ཆུ་ཚད་ཞན་ཙམ་ཡིན་པ་དེ་ནི་མིག་སྔར་ཚགས་པར་དང་དུས་དེབ་སོགས་ཀྱི་ཐོག་འཁོད་པའི་རྩོམ་ཡིག་ནས་མངོན་གྱི་ཡོད་ཅིང་། དགེ་རྒན་མང་པོ་ཞིག་གི་ཆེད་རྩོམ་ལ་ཆེད་རྩོམ་གྱི་རྩ་བའི་བླང་བྱ་ཡོད་པ་རྣམས་ཚང་རྒྱུ་ལྟ་ཞོག ཐ་ན་རྩོམ་གྱི་སྒྲིག་གཞི་ཡང་ཁ་གསལ་མེད་པའི་སྣང་ཚུལ་མཐོང་ཆོས་སུ་གྱུར་ཡོད་པས། དེ་ནི་དགེ་རྒན་རང་ངོས་ཀྱི་རྩོམ་འབྲིའི་ཆུ་ཚད་ལ་ཤུགས་སྣོན་རྒྱག་དགོས་པའི་དངོས་ཡོད་ཀྱི་ཚུར་སྣང་ཞིག་རེད། སྣང་ཚུལ་དེ་ཚོར་གཞིགས་ནས་འབྲེལ་ཡོད་སློབ་གསོའི་ཚན་པ་དང་སློབ་གྲྭ་སོ་སོས་ཀྱང་དགེ་རྒན་སྤྱི་དང་ཁྱད་པར་དུ་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་ཚོར་རྩོམ་འབྲིའི་ལག་ལེན་གྱི་འགྲན་བསྡུར་བྱེད་སྒོ་མང་ཙམ་སྤེལ་ཐོག་གཅིག་ནས་དགེ་རྒན་རང་ཉིད་ཐམས་ཅད་མཁྱེན་པ་ལྟ་བུ་ཡིན་པའི་ལྟ་བ་སེལ་དགོས་པ་དང་། གཞུང་ལ་མཁས་ཀྱང་རྩོམ་ལ་དམན་པའི་ཞན་ཆ་སེལ་ཐབས་བྱེད་དགོས་ལ། དགེ་རྒན་གྱི་རྩོམ་འབྲིའི་འགྲན་བསྡུར་དེ་རིམ་གྱིས་ལྗོངས་ཡོངས་རང་བཞིན་དུ་འགྱུར་བ་བྱས་ཏེ་འགྲན་བསྡུར་གྱི་རྣམ་པ་དང་བག་ཆགས་དེ་སློབ་མའི་ཁྲོད་དུ་ཡང་ཁྱབ་ཐབས་བྱེད་དགོས་ཀྱི་རེད་སྙམ།
        འདི་གར་ཁོ་བོས་སློབ་མར་རྩོམ་འབྲིའི་སློབ་ཚན་ལེགས་པོ་ཁྲིད་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བའི་སྐོར་སྨྲ་དོན་ནི་རྩོམ་ཡིག་འབྲི་བ་དེས་སློབ་མའི་ཤེས་བྱ་ཁྱོན་ཡོངས་ལ་སྐུལ་ཁྲིད་ཀྱི་ནུས་པ་ངེས་ཅན་ཐོན་གྱི་ཡོད་པས་ཡིན་ཞིང་། དོན་དེར་དམིགས་ནས་འབྲེལ་ཡོད་སློབ་དེབ་ནང་དུའང་རྩོམ་འབྲིའི་སློབ་ཚན་མང་པོ་ཞིག་བཀོད་སྒྲིག་བྱས་ཡོད་ལ། ལྷག་པར་དུ་སློབ་མ་རྣམས་སློབ་འབྲིང་དུ་སླེབས་པ་ནས་མཐོ་རིམ་སློབ་འབྲིང་བར་དུ་བོད་ཡིག་སློབ་ཚན་གྱི་ནང་རྩོམ་འབྲིའི་སྐོར་གྱི་སློབ་ཚན་གྱི་བསྡུར་ཚད་ངེས་ཅན་བཟུང་ཡོད་པ་དེའང་རྩོམ་འབྲིའི་གལ་ཆེའི་རང་བཞིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ང་ཚོས་སྔར་བས་ལྷག་པའི་སྒོ་ནས་སློབ་མའི་རྩོམ་འབྲིའི་སློབ་ཚན་ལ་མཐོང་ཆེན་དང་དེའི་ཐད་ནུས་པ་གང་ཡོད་འདོན་དགོས་པ་ནི་རྩོམ་འབྲི་ཙམ་མིན་པར་བརྡ་སྤྲོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ཆེད་དུའང་ཡིན་ལ། འཇིག་རྟེན་ལ་བསམ་གཞིག་བྱེད་རྒྱ་ཆེ་རུ་གཏོང་བ་ཞིག་དང་། ཕྱིན་ཆད་སློབ་གྲྭ་ཐོན་རྗེས་ལས་གནས་གང་དུ་སླེབས་ཀྱང་ཁ་འབྲལ་ཐབས་མེད་པའི་རྩོམ་འབྲིའི་ལག་ལེན་ནང་དཀའ་ངལ་མི་འཕྲད་པ་བྱ་རྒྱུ་དེ་ཡང་ཡིན། 
ལྔ་བ། མཇུག་བསྡུ་བ།
        མདོར་ན། རང་ཉིད་ནས་ལོ་མང་རིང་སློབ་ཁྲིད་བཤད་སྟེགས་ཐོག་སློབ་ཁྲིད་བྱས་པའི་མྱོང་ཚོར་དང་། རྩོམ་འབྲིའི་སློབ་ཁྲིད་ལ་བསམ་བློ་བཏང་བའི་མྱོང་ཚོར། སློབ་མར་རྒྱུས་ལོན་ཅི་ཐུབ་བྱས་པ་སོགས་ལས་བྱུང་བའི་ཚོར་སྣང་། སྤྱི་ཚོགས་འཚོ་བའི་ཁོར་ཡུག་ཆེན་པོ་ནས་བྱུང་བའི་མཐོང་འཆར་དངོས་སོགས་ནས་སློབ་གསོར་ཐོན་པའི་བླང་བྱ་གཞིར་བཟུང་སློབ་མའི་རྩོམ་འབྲིའི་སློབ་ཚན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གང་དྲན་ཞིག་གླེང་ཡོད་པས། རྒྱ་ཆེའི་དགེ་རོགས་རྣམས་ནས་དཔྱད་པ་གནང་རོགས་ཞུ་རྒྱུ་དང་སྦྲགས་རང་ཉིད་ཀྱི་ཆུ་ཚད་འདིས་དོན་འགལ་ཚིག་འགལ་ཡོད་ངེས་ལ། རིན་ཐང་བྲལ་བའི་བཀའ་སློབ་དང་བླང་དོར་གང་ལེགས་གནང་རོགས་ཞུ་རྒྱུ་དང་བཅས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1