༄༅།།བུད་མེད་ཀྱི་ཟླ་མཚན་མི་སྙོམ་པ་དེ་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་།

འབྲུག་མོས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ སྤེལ་དུས། 04-24


        མོ་ནད་སྒོ་བསྟེན་ཚན་ཁག་གི་སྨན་པ་རྣམས་ཆེས་རྒྱུན་པར་ཐུག་པའི་ནད་རིགས་ནི་ཟླ་མཚན་མི་སྙོམ་པ་དེ་ཡིན།
        བུད་མེད་རྣམས་ལ་མཚོན་ནས་བཤད་ན། ཟླ་མཚན་མི་སྙོམ་པ་དེ་ནི་ཉེན་ཁ་ཆེ་བའི་གནས་ཚུལ་ཞིག་ཡིན་ཏེ། དེས་བུད་མེད་ཀྱི་སྐྱི་པགས་དང་ངོ་གདོང་ལ་ཤུགས་རྐྱེན་བཟོ་སྲིད་དེ། དཔེར་ན་བ་སྤུ་མང་པོ་སྐྱེས་པ་དང་རྨ་འབུད་པ། ལུས་ཚོ་གསོག་པ། དེ་ལས་གཞན་ད་དུང་ཁམས་དམར་འདོན་པའི་བྱེད་ལས་ལ་གནོད་སྐྱོན་བཟོས་ནས་མངལ་སྦྲུམ་མི་ཐུབ་པར་བྱེད་པ་ཡིན། དེ་བས་བུད་མེད་ཀྱི་ཟླ་མཚན་མི་སྙོམས་པ་དེར་གཏན་ནས་སྣང་མེད་དུ་མི་བསྐྱུར་བར་གསོ་བཅོས་བྱེད་དགོས།
ཟླ་མཚན་རྒྱུན་ལྡན་ཡིན་མིན་དེ་ཇི་ལྟར་བརྟག་དགོས།
        བསམ་སེའུ་ནི་བུད་མེད་ཀྱི་ལུས་ཁམས་བདེ་ཐང་འབྱུང་བའི་གནས་གཙོ་བོ་ཞིག་ཡིན་ཏེ། ཟླ་རེར་དུས་ལྟར་ཁམས་དམར་ཕྱིར་ཕུད་པ་དང་བསྡོངས་ནས་མོ་གཤིས་སྐུལ་རྩི་དང་སྦྲུམ་མའི་སྐུལ་རྩི་ལ་དུས་འཁོར་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་བུ་སྣོད་ནང་སྐྱི་ནས་དུས་འཁོར་རང་བཞིན་གྱི་ཁྲག་བཞུར་བ་དེ་ལ་ཟླ་མཚན་ཟེར། དེ་ནི་བུ་མོ་རྣམས་ནར་སོན་པའི་མཚོན་རྟགས་ཤིག་ཡིན། ཆོས་ཉིད་ལྟར་ཟླ་མཚན་འབབ་པ་ནི་བསམ་སེའུ་བྱེད་ལས་རྒྱུན་ལྡན་ཡིན་པའི་མངོན་རྟགས་ཡིན།
        བུད་མེད་མང་ཆེ་བའི་ཟླ་མཚན་འབབ་པའི་དུས་ཡུན་ནི་ཉིན 28 ནས 35བར་ཡིན། བུད་མེད་ཉུང་ཤས་ཤིག་ལ་ཉིན 20 ནས 45 བར་ཡིན། དེའི་ནང་དུ་ཟླ་མཚན་བསྟུད་མར་ཉིན་གསུམ་ནས་ལྔ་ལ་འབབ་པ་དང་། ཆེས་ཉུང་ནའང་ཉིན་གཅིག་ནས་གཉིས་ལ་འབབ་སྲིད། ཆེས་མང་ན་ཉིན་བདུན་ནས་བརྒྱད་ལ་འབབ་པ་དང་དེའང་རྒྱུན་ལྡན་ཡིན།   རྒྱུན་ལྡན་ཡིན་པའི་གནས་ཚུལ་འོག་ཟླ་མཚན་གྱི་མདོག་ནི་ཅུང་དམར་པོ་ཡིན་ལ་ཁྲག་རྡོག་མེད།
ཟླ་མཚན་འབབ་སྐབས་ན་ཟུག་ལངས་པ་དེར་ཟུག་འཇོམས་སྨན་འཐུང་ནས་རང་དགར་འཇོག་མི་རུང་།
        རྒྱུན་ལྡན་གྱི་ཟླ་མཚན་འབབ་པའི་དུས་ཡུན་གྱི་འབབ་ཚད་དང་། ཆོས་ཉིད་རང་བཞིན། འབབ་ཡུན་དང་འབབ་ཚད་སོགས་གང་ཞིག་ལ་འགྱུར་བ་བྱུང་ནའང་རྒྱུན་ལྡན་མིན་པས་ཟླ་མཚན་མ་སྙོམ་པ་རེད། དེ་ལ་དབྱེ་ན་བུ་སྣོད་རང་སྟེང་ལ་དབང་རྫས་རང་བཞིན་གྱི་ནད་འགྱུར་བྱུང་བ་དང་བུ་སྣོད་ཕྱིའི་རྒྱུན་ལྡན་མིན་པའི་སྣང་ཚུལ་གཉིས་ཡོད།
        དབང་རྫས་རང་བཞིན་གྱི་ནད་འགྱུར་བྱུང་བ་དེ་གཙོ་བོར་བུ་སྣོད་ནང་སྐྱི་ལ་ཤ་འཛེར་སྐྱེས་པ་དང་བུ་སྣོད་ཀྱི་ཤ་སྐྲན་དང་བུ་སྣོད་གཤེར་རྨེན་ཤ་ནད་ཀྱི་རྟགས། བུ་སྣོད་ནང་སྐྱིའི་མངོན་གསལ་མིན་པའི་ཤ་འཛེར་དང་བུ་སྣོད་ནང་སྐྱིའི་སྐྲན་སོགས་ཀྱི་གནས་ཚུལ་ཡོད། བུ་སྣོད་ཕྱིའི་རྒྱུན་ལྡན་མིན་པར་ཁྲག་དཀག་བྱེད་ལས་ལ་གནོད་པ་ཐེབས་པ་དང་། བསམ་སེའུ་ཡིས་ཁམས་དམར་ཕྱིར་ཕུད་པར་གནོད་པ་ཐེབས་པ་དང་སྨན་བཅོས་རང་བཞིན་སོགས་ལྟ་བུ་ཡོད།
        ཟླ་མཚན་མི་སྙོམ་པའི་བུད་མེད་མང་ཆེ་བས་ཟླ་མཚན་འབབ་སྐབས་རྒྱུན་པར་ཟུག་གཟེར་གྱི་སྡུག་བསྔལ་མྱོང་བཞིན་ཡོད་ཅིང་། དེ་ནི་བུ་སྣོད་ཀྱི་ཤ་སྐྲན་དང་བུ་སྣོད་ནང་སྐྱིའི་གནས་འགྱུར་ནད། བུ་སྣོད་གཤེར་རྨེན་ཤ་ནད་སོགས་ནད་རིགས་ཀྱི་མངོན་རྟགས་ཡིན་ངེས་པས། ནད་ཀྱི་རྩ་བ་མི་བཙལ་བར་ན་ཟུག་འཇོམས་པའི་སྨན་སོགས་བསྟེན་མི་རུང་། ཟླ་མཚན་འབབ་སྐབས་ན་ཟུག་ལངས་པ་དེ་ཇེ་ཐུ་ནས་ཇེ་ཐུ་ཡིན་པ་དང་ཡང་ན་སྔོན་ཆད་ཟླ་མཚན་འབབ་སྐབས་ན་ཟུག་ཅི་ཡང་མེད་མོད། རྗེས་སུ་ན་ཟུག་ལངས་པ་བཅས་ཚང་མར་དོ་སྣང་བྱས་ནས་སྔ་མོ་ནས་གསོ་བཅོས་བྱེད་དགོས།
ཟླ་མཚན་མི་སྙོམ་པ་དེར་སྐུལ་རྩིས་སྙོམས་སྒྲིག་བྱེད་དགོས།
        བུད་མེད་མང་ཆེ་བའི་ཟླ་མཚན་འབབ་ཚད་རྒྱུན་ལྡན་མིན་པ་དེ་ཁམས་དམར་ཕྱིར་ཕུད་པའི་བྱེད་ལས་ལ་གནོད་སྐྱོན་ཐེབས་པའི་རྐྱེན་རེད། དེའི་ནད་ཐོག་གི་གསོ་བཅོས་བྱེད་ཐབས་ནི་ཟླ་མཚན་གྱི་དུས་མ་ཡིན་པའི་སྐབས་ཀྱི་ཁྲག་བཞུར་པ་དེ་འགོག་དགོས་པར་མ་ཟད། ཟུངས་ཁྲག་ཞན་པ་གསོ་བཅོས་བྱེད་པ་དང་། ཁྲག་བཅད་རྗེས་ཟླ་མཚན་གྱི་དུས་འཁོར་སྙོམས་སྒྲིག་བྱས་ནས་བུ་སྣོད་ནང་སྐྱི་ཇེ་མཐུག་དང་ཟླ་མཚན་མི་སྙོམ་པ་སྔོན་འགོག་བྱེད་དགོས།
        ཁྲག་གཅོད་པའི་བྱེད་ཐབས་ལ་སྦྲུམ་སྐུལ་རྩིས་བུ་སྣོད་ནང་སྐྱི་ལྷུང་དུ་འཇུག་པ་དང་། ཚད་མཐོ་བའི་མོ་གཤིས་སྐུལ་རྩིས་ནང་སྐྱི་བསྐྱར་སོས་བྱེད་དུ་འཇུག་དགོས། ཁྲག་བཅད་རྗེས་ཟླ་མཚན་གྱི་དུས་འཁོར་ལེགས་སྒྲིག་བྱས་ནས་ཆོས་ཉིད་ལྡན་པར་བྱེད་ཆེད། ལང་ཚོ་སྨིན་པའི་དུས་སྐབས་དང་སྐྱེས་ལོ་རན་པའི་དུས་སྐབས་ཀྱི་བུད་མེད་རྣམས་ཀྱིས་ལྷད་མེད་པའི་སྦྲུམ་སྐུལ་རྩི་བཀོལ་སྤྱོད་བྱས་ན། བསམ་སེའུ་ཡི་ནུས་པ་སླར་གསོ་བྱེད་པར་ཕན། བྱིས་པ་བཙས་ཟིན་པའམ་ཡང་ན་ལོ་གཅིག་གི་ནང་དུ་བྱིས་པ་བཙའ་བའི་འཆར་གཞི་མེད་པའི་བུད་མེད་ཚོས། རྒྱུ་སྤུས་ལེགས་པའི་སྐྱེ་འགོག་ཨ་ལོང་བཞག་ན་བུ་སྣོད་ནང་སྐྱི་ཇེ་མཐུག་ཏུ་འགྲོ་བ་སྔོན་འགོག་བྱེད་ཐུབ། སྦྲུམ་འགོག་བྱེད་འདོད་པའི་བུད་མེད་ཚོས་དུས་ཡུན་ཐུང་ངུའི་ནང་ཕན་ཐོགས་པའི་སྦྲུམ་འགོག་སྨན་འཐུང་བ་ནི་གསོ་བཅོས་བྱེད་ཐབས་ཆེས་ལེགས་ཤོས་ཡིན། དེའི་རྒྱུ་མཚན་ནི་སྨན་དེས་སྦྲུམ་འགོག་བྱེད་ཐུབ་པ་ལས་གཞན་ད་དུང་ཟླ་མཚན་གྱི་དུས་འཁོར་ཡང་སྙོམ་སྒྲིག་ལེགས་པོ་བྱེད་ཐུབ་ཅིང་། བུད་མེད་ཚོའི་ལུས་སེམས་བདེ་ཐང་ལའང་ཕན། དེ་ལས་གཞན་སྨན་དེས་ད་དུང་ངོ་གདོང་ལ་རྨ་འབུད་པར་གསོ་བཅོས་དང་ངོ་གདོང་གི་སྐྱི་པགས་ཇེ་མཛེས་ཇེ་ལེགས་སུ་གཏོང་ཐུབ་པ། ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན་བཅས་བྱེད་ཐུབ་པར་མ་ཟད། དེ་ལས་ཀྱང་ཟླ་མཚན་མི་སྙོམ་པ་དེ་ལེགས་བཅོས་བྱེད་ཐུབ་པ་ཡིན།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1