༄༅།། རྒན་པ་རྣམས་ཀྱི་དགུན་ཁའི་ལུས་སྦྱོང་བྱེད་ཐབས།

འབྲུག་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 04-24


        གྲོང་ཁྱེར་དུ་འཚོ་བ་རོལ་བཞིན་པའི་ལོ་ལོན་ཚོར་མཚོན་ནས་བཤད་ན། ཐང་ཆེན་དུ་སོང་ནས་སྐོར་བྲོ་སོགས་རྩེད་པ་ནི་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་ལུས་སྦྱོང་བྱེད་ཐབས་གལ་ཆེན་ཞིག་རེད། ཡིན་ནའང་ནམ་ཟླ་ཧ་ཅང་འཁྱག་པའི་དགུན་ཁའི་དུས་སུ། ཕྱི་རོལ་དུ་སོང་ནས་ལུས་སྦྱོང་བྱེད་དཀའ་བས། གཤམ་དུ་དགུན་ཁར་གྲོང་ཁྱེར་གྱི་རྒན་པ་རྣམས་ལ་འཚམ་པའི་ལུས་སྦྱོང་བྱེད་ཐབས་འགའ་ངོ་སྤྲོད་ཅིག་བྱེད།
གཅིག ཕིང་ཕང་སྤོ་ལོ་དང་བྱ་སྒྲོའི་སྤོ་ལོ་རྩེད་པ། དེང་སྐབས་སྡོད་ཁུལ་མང་ཆེ་བར་སྤོ་ལོའི་རིགས་རྩེད་སའི་གནས་མེད་མོད། ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག དགུན་ཁར་རྒན་པ་རྣམས་ཀྱིས་ཕིང་ཕང་སྤོ་ལོ་དང་བྱ་སྒྲོའི་སྤོ་ལོ་རྩེད་ན་ལུས་ཡོངས་ཀྱི་ཤ་གྲིམ་དང་རུས་ཚིགས་མང་ཆེ་བར་སྦྱོང་བརྡར་ཐོབ་ཐུབ་པ་དང་། དུས་མཚུངས་སུ་ད་དུང་རྒན་པ་རྣམས་ཀྱི་དབྱང་དབུགས་རྔུབ་པའི་ནུས་པ་དང་། གློ་བའི་བྱེད་ལས་ཇེ་ལེགས་སུ་གཏོང་ཐུབ། དེ་ལས་གཞན་སྤོ་ལོ་ཆུང་བའི་རིགས་ཀྱི་སྦྱོང་བརྡར་དེས་ལག་པ་དང་མིག་གི་ནུས་པ་སྙོམས་སྒྲིག་ལེགས་པོ་བྱེད་ཐུབ་པས། ལོ་ལོན་གྱི་རིག་སྟོབས་ཉམས་པ་སྔོན་འགོག་བྱེད་ཐུབ། 
གཉིས། ཁང་བའི་ནང་དུ་ཆུར་རྐྱལ་བྱེད་པ། གལ་ཏེ་ཆུའི་དྲོད་ཚད་འོས་འཚམ་ཡིན་ན་ཆུར་རྐྱལ་བྱེད་པ་དེ་ཡང་རྒན་པ་རྣམས་ལ་ཆེས་འཚམས་པའི་ལུས་སྦྱོང་བྱེད་ཐབས་ཤིག་ཡིན་ཏེ། ཆུར་རྐྱལ་བྱས་ན་གློ་བའི་དབུགས་རྒྱུ་ཇེ་ལེགས་སུ་གཏོང་ཐུབ་པ་ཡིན། 
གསུམ། ལུས་སྦྱོང་ཁང་དུ་སོང་ནས་རང་དང་འཚམས་པའི་གཟུགས་གཞི་བདེ་ཐང་ཡོང་བའི་སྦྱོང་བརྡར་བྱས་ན་ལེགས། ལྷག་པར་དུ་བྲོ་འཁྲབ་རྒྱུར་དགའ་བའི་རྒན་པ་རྣམས་ཀྱིས་བྲོ་འཁྲབ་ན། ལུས་ཕུང་ལ་སྦྱོང་བརྡར་ཐོབ་ཐུབ་པར་མ་ཟད། ད་དུང་མི་མང་པོར་འབྲེལ་འདྲིས་ཀྱང་བྱེད་ཐུབ། ཕྱོགས་གཅིག་ནས་དགུན་ཁར་ཆམ་རིམས་འབྱུང་ཚད་མཐོ་བ་དང་། རྒན་པ་རྣམས་ཀྱི་ལུས་སྟོབས་དེ་འདྲ་མི་བཟང་བས། ཆམ་རིམས་སོགས་འབྱུང་ཚད་མཐོ་བ་རེད། ཕྱོགས་གཞན་ཞིག་ནས་ལུས་སྦྱོང་དེ་མཁའ་དབུགས་ལེགས་པའི་ཁོར་ཡུག་འོག་བྱེད་དགོས་པས། ཁང་བའི་ནང་དུ་ལུས་སྦྱོང་བྱེད་སྐབས་སྒོ་དང་དྲ་མ་དམ་དུ་མི་རྒྱག་པར་ནང་དུ་རླུང་ཅུང་ཟད་རྒྱུ་རུ་འཇུག་དགོས། 
ཕྱི་རོལ་དུ་སོང་ནས་སྦྱོང་བརྡར་བྱེད་སྐབས་ཀྱི་མཉམ་འཇོག་བྱ། 
        དབྱར་ཁར་ཚ་བ་ཆེ་བས་ཞོགས་པར་སྦྱོང་བརྡར་བྱས་ན་ཕན་ལ། དགུན་ཁར་སྦྱོང་བརྡར་བྱེད་པར་དེ་འདྲ་སྔ་མི་རུང་སྟེ། ཉི་མ་ཤར་ནས་དུས་ཚོད་ཕྱེད་ཀ་ཙམ་འགོར་རྗེས་ད་གཟོད་སྦྱོང་བརྡར་བྱེད་དགོས། དེ་ལས་ཀྱང་ད་དུང་མཉམ་འཇོག་དགོས་པ་ཞིག་ནི། དགུན་ཁར་ཞོགས་པའི་མཁའ་དབུགས་དེ་འདྲ་མི་བཟང་བས། དབུགས་འཚང་ནད་དང་དལ་བའི་རང་བཞིན་གྱི་གློ་ཡུའི་ཡན་ལག་གི་གཉན་ཚད་ཡོད་པའི་རྒན་པ་རྣམས་ལ་མཚོན་ནས་བཤད་ན། ལྷག་ཏུ་ཉི་མ་ཤར་ནས་མཁའ་དབུགས་ཇེ་དྭངས་སུ་སོང་བའི་རྗེས་སུ་ད་གཟོད་སྦྱོང་བརྡར་བྱས་ན་བཟང་། ཕྱི་རོལ་དུ་སྦྱོང་བརྡར་བྱེད་དུ་འགྲོ་སྐབས་ལྭ་བ་དྲོན་པོ་གོན་ནས་འགྲོ་དགོས་པ་དང་། རུས་ཚིགས་གཉན་ཚད་ཡོད་པའི་རྒན་པ་རྣམས་དང་ལྷག་པར་དུ་པུས་ཚིགས་ལ་གནད་དོན་ཡོད་པའི་རྒན་པ་རྣམས་ཀྱིས་པུས་ཤུབས་གོན་དགོས་ཤིང་ཕྱི་རོལ་དུ་འདུག་ཡུན་རིང་མི་རུང་། དགུན་ཁར་ལུས་སྦྱོང་བྱེད་ཚད་དེ་མི་རང་ཉིད་ཀྱི་བྱེ་བྲག་གི་གནས་ཚུལ་དང་བསྟུན་ནས་བྱེད་དགོས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1