སྒོག་པ་འཛུགས་སྟངས་སྦྱངས་ནས་ཡོང་འབབ་འཕར་ཐབས་བྱས།
དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-25
ཉེ་ཆར། ཁུལ་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་གྲོང་སྡེར་བཅའ་སྡོད་བྱེད་པའི་ཞིང་ལས་ལག་རྩལ་པ་ལིའུ་དབྱི་དང་ཞའོ་ཨན་ཀྲུའུ་གཉིས་ཀྱིས་ཉག་ཆུ་རྫོང་མིག་ནོར་ཤང་ཁྲིམས་འཛམ་གྲོང་སྡེར་ཕྱིན་ཏེ། ཡུལ་མི་ཚོར་སྒོག་པ་ཐོན་ལེགས་ཡོང་དགོས་ན་ཐོག་མར་ས་ཞིང་བགོས་ནས་གྲ་སྟར་ཡག་པོ་བསྒྲིག་དགོས་པ་དང་། དེ་ནས་དུས་ཚོད་དམ་འཛིན་དང་ལུད་ཡག་པོ་བརྒྱག་རྒྱུ། ཆུ་ཡག་པོ་འདྲེན་རྒྱུ་སོགས་བྱ་དགོས་ཞེས་སློབ་ཞོར་དུ་ཡུལ་དངོས་སུ་མི་རེ་རེ་བཞིན་སྒོག་པ་འཛུགས་སྟངས་ཀྱི་ལག་རྩལ་སློབ་བཞིན་པ་རེད།
དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་སྤེལ་རིང་དུ་ཁྲིམས་འཛམ་གྲོང་སྡེས་ཡུལ་དངོས་ཀྱི་ས་རྒྱུའི་ཁྱད་ཆོས་དང་གནམ་གཤིས་ཀྱི་ཆ་རྐྱེན་ལ་དམིགས་ནས། སྒོག་པ་འདེབས་འཛུགས་བྱེད་པའི་མཐུན་ཚོགས་འཛུགས་གཉེར་བྱས་ཏེ་ས་ཞིང་མུའུ104བཤུག་སྤྲོད་བྱ་རྒྱུ་དང་ཁྲིམས་འཛམ་གྲོང་སྡེའི་ཡུལ་མིའི་དུད་ཚང52སྒྲིག་འཛུགས་བྱས་ནས་སྒོག་པ་འདེབས་འཛུགས་བྱས་པ་རེད། གྲོང་མི52སྒོག་པ་འདེབས་འཛུགས་བྱེད་པའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ནང་ཞུགས་ནས་ས་ཞིང་མུའུ22ཀྱི་ནང་དུ་གཅིག་བསྡུས་ཀྱིས་ཡུལ་དེ་གའི་ཤུམ་པགས་སྨུག་པོའི་སྒོག་པའི་ས་བོན་རྒྱ་མ2300འདེབས་འཛུགས་བྱས་པར་མ་ཟད་ར་བསྐོར་དྲ་བ་སྒྲིག་སྦྱོར་བྱས། ཐེངས་འདིའི་གསོ་སྦྱོང་ལས་ཀ་དེས་གྲོང་སྡེའི་ཞིང་ལས་ཐོན་ལས་ལ་བརྟེན་ཏེ་དབུལ་སྐྱོར་འགག་སྒྲོལ་བྱེད་པའི་ཚན་རྩལ་སྦྱོང་བརྡར་གྱི་ལས་ཀ་སྤེལ་འགོ་བཙུགས་ནས་གྲོང་སྡེ་དེའི་སྒོག་པ་འཛུགས་པའི་དབུལ་སྐྱོར་ལས་གཞིའི་འགོ་ཡག་པོ་ཞིག་འཛུགས་པ་མཚོན་ཞིང་། ཕྱིན་ཆད་ཀྱི་ཞིང་ལས་ཐོན་ལས་ཀྱི་ཆགས་ཚུལ་ལེགས་སྒྲིག་དང་གཞི་ཁྱོན་ལྡན་པའི་སྒོག་པའི་རྟེན་གཞིའི་ནང་འདེབས་འཛུགས་བྱེད་པར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད།
ཁྲིམས་འཛམ་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཁྲེང་དབྱིན་ཅུན་གྱིས་ངོ་སྤྲོད་བྱས་དོན། གྲོང་སྡེ་དེའི་གནམ་གཤིས་ཚ་གྲང་རན་པ་དང་ཉི་འོད་ཕོག་ཡུན་རིང་བས་ཡུལ་དེ་གར་ཤུམ་པགས་སྨུག་པོའི་སྒོག་པ་འཛུགས་པའི་སྲོལ་རྒྱུན་དེ་སྔར་ནས་ཡོད་པ་དང་། ཡུལ་དེར་ཐོན་པའི་སྒོག་པའི་སྤུས་ཀ་བཟང་ལ་ཐོན་ཚད་ཆེ་བས་ཐག་རིང་ཐུང་གང་སར་སྐད་གྲགས་ཡོད་པར་མ་ཟད། 《ཉག་ཆུ་རྫོང་གི་ལོ་རྒྱུས་ཟིན་ཐོ》ནང་ཆེད་དུ་ཐོ་འགོད་བྱས་ཡོད་མོད། ཡིན་ནའང་སྔོན་མར་གྲོང་སྡེར་སྒོག་པ་འཛུགས་ཁྱོན་ཆུང་ལ་གཞི་ཁྱོན་ལྡན་པར་འཛུགས་མཁན་མེད་པ་རེད། གང་ལྟར་བྱས་ཏེ་སྒོག་པའི་ཐོན་ལས་གཞི་ཁྱོན་ལྡན་པར་འཕེལ་རྒྱས་གཏོང་ཐུབ་པའི་ཐད་གྲོང་སྡེས་མཉམ་ལས་ཁང་འཛུགས་རྒྱུ་ཐག་བཅད་པར་མ་ཟད། ས་ཞིང་བཤུག་སྤྲོད་བྱེད་པ་དང་། གཅིག་བསྡུས་ཀྱིས་འདེབས་འཛུགས་བྱེད་པ། ཚད་ཆེ་ཤོས་ཀྱིས་ས་ཞིང་བེད་སྤྱོད་གཏོང་བ་བཅས་བྱས་པར་བརྒྱུད། ས་ཞིང་མ་རྐང་དུ་འཇོག་ན་ཞིང་དུད་ཀྱིས་དངུལ་ཕུད་མི་དགོས་པ་རྐང་དངུལ་གྱི་མ་རྩ་ལ་སྒྱུར་ཆོག་པ་རེད། དེ་ལྟར་བྱས་ན་ཐོན་ཁུངས་ལེགས་སྒྲིག་བྱེད་ཐུབ་ལ་ངལ་རྩོལ་མི་ལག་འཕྲོ་བརླག་མི་འགྲོ་བ་རེད། མི་སེར་ཚོ་ཁོམ་པའི་དུས་སུ་ད་དུང་ཕྱིར་ཡུལ་དུ་གླ་རྒྱག་སར་འགྲོ་ཆོག་པ་དང་སྦྲགས་འདེབས་ཁྱོན་ཡང་རྒྱ་སྐྱེད་གཏོང་ཆོག་པ་རེད།
ཀྲུང་གོའི་ཉིང་རྡུལ་སྒུལ་ཤུགས་ཁང་གི་ཁྲིམས་འཛམ་གྲོང་སྡེར་བཅའ་སྡོད་བྱེད་པའི་གྲོང་སྡེའི་ལས་བྱེད་པ་ཁྲེང་ལེ་ཡིས་ངོ་སྤྲོད་བྱས་དོན། མཉམ་ལས་ཁང་གིས་གཅིག་གྱུར་གྱིས་འདེབས་འཛུགས་དང་། དོ་དམ། ལག་རྩལ། ཐོན་རྫས།ཕྱིར་འཚོང་བཅས་བྱེད་པ་དང་ཞིང་དུད་ཀྱིས་རང་མོས་ངང་མ་རྐང་འཇོག་པའི་བྱེད་ཐབས་བརྒྱུད་ནས། མང་ཚོགས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་ཀའི་ནང་ཞུགས་པའི་རང་རྟོགས་རང་བཞིན་སྐུལ་སློང་བྱས་པ་རེད། ཉེན་ཁ་ཉུང་དུ་ཕྱིན་ཆེད་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་ཞིང་ལས་ཀྱི་ཉེན་འགོག་ལེན་བྱེད་ཉོས་ནས། ཚད་ལྡན་ཅན་དུ་དོ་དམ་དང་ཚད་ཆེ་ཤོས་ཀྱི་ཐོག་ནས་ས་ཞིང་བེད་སྤྱོད་གཏོང་ཐུབ་པ་བྱས། སྒོག་པ་བརྔ་བསྡུ་བྱས་ཟིན་རྗེས་ཡུངས་མ་འདེབས་ཏེ་ཕག་གསོ་བྱེད་བྱས་ཤིང་ཕག་ལུད་དེ་ཡང་སྒོག་པ་དང་ཡུངས་མའི་ལུད་རྫས་བྱས་པ་རེད། ལོ་མཇུག་ཞིང་དུད་ལ་ཁེ་སྤོགས་བརྒྱ་ཆ70བགོ་ཞིང་བརྒྱ་ཆ30ཐུན་མོང་དཔལ་འབྱོར་གྱི་ཐོན་ལས་འཕེལ་རྒྱས་གཏོང་བྱེད་ཀྱི་ཐེབས་རྩར་བྱས་ནས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱ་སྐྱེད་གཏོང་བར་འགན་ལེན་བྱས་པ་རེད།
དབུལ་ཕོངས་ཁྱིམ་མི་སྐལ་བཟང་བསྟན་འཛིན་ནི་སྒོག་པ་འཛུགས་སྟངས་སློབ་མཁན་གྱི་ཕུལ་བྱུང་སློབ་མ་རེད། ཁོས་སྔོན་མར་སྒོག་པ་འཛུགས་རྒྱུ་ནི་ལས་སླ་མོ་ཞིག་རེད་བསམ་མྱོང་། སྒོག་པ་འཛུགས་སྟངས་ལ་ད་དུང་ཐབས་ཤེས་མང་པོ་འདི་འདྲ་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། རྗེས་མར་ངས་སྒོག་པ་བཙུགས་ནས་དབུལ་ཐར་འབྱོར་འབྲིང་གི་ལམ་དུ་བསྐྱོད་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།