བདེ་སྐྱིད། རང་གི་འབད་བརྩོན་ལ་རག་ལས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 04-27


        བདེ་སྐྱིད་ཀྱི་འཚོ་བ་ནི་རང་ཉིད་ཀྱི་འབད་བརྩོན་ལ་རག་ལས། བཟའ་མི་ཚང་མ་མཐུན་ཞིང་། དགའ་དགའ་སྐྱིད་སྐྱིད་དུ་འཚོ་བ་རོལ་ན་ཧ་ཅང་སྐྱིད་ཅེས་ཝང་ཕིང་གིས་བཤད། ད་ལོར་ལོ་ན་82ལོན་པའི་ཝང་ཕིང་ནི་ཝུན་ཁྲོན་རྫོང་ཧྲུའེ་མའོ་གྲོང་རྡལ་ཧའེ་ཧྲི་ཕའོ་གྲོང་སྡེའི་ཡིན་ལ། ཁོས་རྒྱུན་པར་བུ་ཕྲུག་རྣམས་ལ་འབད་བརྩོན་གྱི་ལག་ཟུང་ལ་བརྟེན་ན་དབུལ་ཕྲལ་ཕྱུག་སྒྱུར་ཡོང་ཐུབ་པའི་སློབ་གསོ་གཏོང་བ་རེད།

        ཝང་ཕིང་གི་བུ་ཆེ་བ་ཝང་ཙེ་ཡུས་ཞ་འཁུམ་དུ་གྱུར་ནས་ཡུན་རིང་དུ་མལ་སར་ལྷུང་སྟེ་ངལ་རྩོལ་གྱི་ནུས་པ་མེད། འགན་ལེན་ལྔའི་གསོ་སྐྱོང་གྲལ་ལ་བཞག་ཡོད། བུ་ཆུང་བ་ཝང་ཙེ་ཁིན་དང་མནའ་མ་ཚའོ་ཞུའེ་ཧྥང་གཉིས་ཀྱིས་བཟའ་མིར་ལྟ་སྐྱོང་གི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཡོད།

        ཀུན་གྱི་མིག་ལམ་དུ་ཝང་ཕིང་ནི་ལས་ལ་བརྩོན་པའི་བགྲེས་པོ་ཞིག་ཡིན། ཁོས་སྒོ་ཁྱིམ་ཕྱི་ནང་ནས་ཁྱིམ་ལས་རྩག་རྩིག་ལ་རོགས་བྱེད་པར་མ་ཟད། བུ་ཆེ་བར་ལྟ་སྐྱོང་དང་སྒོ་ཕྱུགས་ཀྱང་གསོ་རོགས་བྱེད། ཁོ་ལ་ཁོམ་པོ་ཞིག་གཏན་ནས་མེད། ཉིན་བཞིན་གཙང་སྦྲ་བྱེད་པར་མ་ཟད། ཕུ་བོར་ཟས་ལྡུད་པ། བྱ་དང་ཕག་ཀྱང་གསོ་རོགས་བྱེད། ཁོས་ལས་ཡང་མོ་རེ་ལས་ཐུབ་ལ། གཟུགས་གཞི་ཡང་བདེ་ཐང་ཡིན་པ་འདི་ནི་ང་ཚོའི་བསོད་ནམས་ཤིག་མ་ཡིན་ནམ་ཞེས་ཚའོ་ཞུའེ་ཧྥང་གིས་བཤད། ས་ཞིང་གི་རྨོ་ལས་ནི་མོ་གཅིག་པུས་འགན་བླངས་ནས་སྒྱུག་པོ་ལ་ལས་ཀ་ལྗིད་མོ་གཏན་ནས་ལས་སུ་མི་འཇུག 

        ཝང་ཕིང་ཚང་གི་དམིགས་བསལ་གནས་ཚུལ་ལ་གཞིགས་ནས། གྲོང་སྡེ་དེས་ཁོ་ཚང་ལ་མི་གཅིག་གི་སྤྱི་ཕན་གོ་གནས་ཏེ་གཙང་སྦྲ་བ་ཞིག་ཏུ་བཀོད་སྒྲིག་བྱས། གཙོ་བོར་སྡེ་ལམ་གཙང་སྦྲ་བྱེད་དགོས་ལ། ཟླ་རེར་གླ་ཕོགས་ལ་སྒོར་1380ཡོད། ན་ནིང་། ཁོ་ཚང་གིས་ཟླ་6ལ་སྡེ་ལམ་གཙང་སྦྲ་བྱས་ཏེ་ཡོང་འབབ་ལ་སྒོར་8280ཡོད།

        ན་ནིང་། སྲིད་གཞུང་གིས་སྒོར་ཁྲི་2ཀྱི་བོད་ཁུལ་གཞིས་གསར་གྲོན་དངུལ་དང་སྒོར་4500ཡི་སྐྱིད་ཅིང་མཛེས་པའི་ཁྱིམ་གཞིས་གྲོན་དངུལ་གྱིས་རོགས་སྐྱོར་བྱས་ཏེ། ངེད་ཚང་གི་ཟ་ཁང་དང་ཆབ་ཁང་ལེགས་སྐྲུན་བྱས་ཤིང་། ཕག་གསོ་ར་བའང་རྒྱ་ཆེ་རུ་བསྐྲུན། སྡོད་ཁང་དང་ཐོན་སྐྱེད་ཁོར་ཡུག་ལ་ལེགས་སྒྱུར་ཆེན་པོ་བྱུང་ཡོད་ཅེས་ཝང་ཕིང་གིས་གསར་འགོད་པར་བཤད།

        ན་ནིང་། ངེད་ཚང་གིས་ཕག་17གསོས་ཏེ་ཕག་16ཕྱིར་བཙོང་བ་ཡིན། བྱ་དེ་80གསོས་ཏེ་50ལྷག་ཕྱིར་བཙོང་བ་ཡིན། མ་རྩ་ལས་གཞན་ཡོང་འབབ་ལ་སྒོར་8000ཡས་མས་ཡོད་ཀི་ཞེས་ཚའོ་ཞུའེ་ཧྥང་གིས་བཤད། ཁྱིམ་ཚང་དེས་ཕག་གསོ་ར་བ་བསྐྱར་དུ་བསྐྲུན་རྗེས། ཕག་མང་བོ་གསོས་ནས་ཕྱིར་བཙོང་ཆོག་པར་མ་ཟད། ད་དུང་ཁོ་ཚང་ལ་དམར་ཟས་ཀྱང་འདང་ངེས་ཡོད་པ་རེད།

         མ་འོངས་འཚོ་བར་མཛའ་ཞིང་མཐུན་པའི་ཁྱིམ་ཚང་འདི་ལ་ཡིད་ཆེས་ཀྱིས་བལྟམས་འདུག ཤིང་བཟོ་ཡི་བུ་ཆུང་བ་ཝང་ཙེ་ཁིན་ལ་ལས་མང་ན་ལོ་རེར་སྒོར་ཁྲི་གཉིས་གསུམ་རེ་གསོག་ཐུབ་ལ། ཁྱིམ་ལས་དང་ཞིང་ལས་ལ་བྲེལ་བའི་མནའ་མ་ཚའོ་ཞུའེ་ཧྥང་གིས་སྒོ་ཁྱིམ་ཕྱི་ནང་གི་ལས་དང་དུ་ལེན་པར་མ་ཟད། ལོ་འདི་གའི་རིང་ལ། འདེབས་འཛུགས་སྒྲིག་གཞི་ལེགས་བསྒྱུར་ལ་བརྟེན་ནས་ཁོ་ཚང་གི་རི་རྐེད་ཀྱི་ཞིང་སར་མུའུ་2ལ་མཐུག་ཐང་ལ་བཏབ། གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་ཞུགས་ནས་ཁང་ལྟག་གི་མུའུ་1ལྷག་ཏུ་སྨྱུག་མ་བཙུགས། འབད་བརྩོན་བྱས་ན་ཁོ་ཚང་གི་འཚོ་བ་ཉིན་རེ་ལས་ཉིན་རེར་བཟང་བར་ཡིད་ཆེས་ཀྱིས་ཁེངས་འདུག
        ཝང་ཕིང་ཚང་གི་བཟའ་མི་མཛའ་ཞིང་མཐུན་ལ། འབད་བརྩོན་ལ་བརྟེན་ནས་ཁྱིམ་གཞིས་སྐྱོང་བ་དང་ཕྱུག་སྒྱུར་ལམ་ལ་སྐྱོད་བཞིན་གདའ། ན་ནིང་། ཁོ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བར་སྒོར་12000ལྷག་ཡོད་པས། དབུལ་བྲལ་གྱི་དམིགས་འབེན་དུ་བསླེབས་ཡོད། དབུལ་བྲལ་གནད་སྒྲོལ་གྱི་ལམ་དུ། ཁོ་ཚང་གིས་བྱམས་བརྩེ་དྲིན་སྐྱོང་གི་དགེ་བའི་ལས་བརྒྱུད་སྤྲོད་བྱེད་བཞིན་འདུག་གོ།
             (རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་ཚན་ཆུང་གིས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1