༄༅།།《 ཁང་ཆེན་དམར་པོའི་རྨི་ལམ།》 ལས་ལེའུ་བཞི་པའི་བོད་འགྱུར་མ་གཉིས་ཀྱི་དཔྱད་བསྡུར།

ཚེ་རིང་ལྷ་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-02


ཚེ་རིང་ལྷ་སྒྲོན།

        ལོ་ཙཱའི་མཐའ་དཔྱོད་ནི་ལོ་ཙཱའི་གཞུང་ལུགས་དང་ལོ་ཙཱའི་མཐའ་དཔྱོད་ཀྱི་གཞུང་ལུགས་ངེས་ཅན་ཞིག་རྒྱབ་ལྗོངས་དང་རྨང་གཞི་བྱས་ནས་ལོ་ཙཱའི་སྣང་ཚུལ་སྣ་ཚོགས་དང་ལོ་ཙཱའི་བརྩམས་ཆོས། ལོ་ཙཱའི་བསམ་བློའི་འཁྱེར་སོ་སོགས་ལ་དབྱེ་ཞིབ་དང་མཐའ་དཔྱོད་བྱེད་པ་ཉིད་ལ་ངོས་འཛིན་བྱེད། འདིར་བསོད་ནམས་དཔལ་འབྱོར་དང་ངག་དབང་ཆོས་དར་ལགས་གཉིས་ཀྱི་བོད་འགྱུར་མའི་ 《 ཁང་ཆེན་དམར་པོའི་རྨི་ལམ།》གྱི་ལེའུ་བཞི་པ་དམིགས་སུ་བཀར་ནས་གཤིབ་བསྡུར་བྱེད་པར་བྱ།

གཅིག ཁ་བྱང་འགྱུར་མའི་དཔྱད་བསྡུར།

        སྤྱིར་ལོ་ཙཱ་བ་གཉིས་ཀྱིས་བརྩམས་ཆོས་དེའི་ཁ་བྱང་གི་འགྱུར་ནི་གཅིག་གྱུར་ཏུ་ཐོན་མེད། གཅིག་གིས་《ཁང་ཆེན་དམར་པོའི་རྨི་ལམ།》དང་། གཅིག་ཤོས་ཀྱིས་《ཐོག་ཁང་དམར་པོའི་རྨི་ལམ།》 ཞེས་བསྒྱུར་འདུག དེ་ནི་སྐབས་བབ་ཀྱི་བརྗོད་བྱ་མ་ཡིན་པས་རེ་ཞིག་བཏང་སྙོམས་སུ་བཞག་ནས་སྐབས་སུ་བབ་པའི་བརྗོད་བྱ་ནི་ལེའུ་བཞི་པའི་ཁ་བྱང་དེ་རྒྱ་ཡིག་ཏུ་薄命女偏逢薄命郎,葫芦僧乱判葫芦案ཞེས་པ་དེ་བསོད་ནམས་དཔལ་འབྱོར་ལགས་ཀྱིས་བསོད་དམན་བུ་མོར་བསོད་དམན་ཁྱོ་བོ་ཕྲད། །ཀ་བེད་བཙུན་པས་ཀ་བེད་གྱོད་དོན་བཅད་ཅེས་བསྒྱུར་འདུག་ལ། ངག་དབང་ཆོས་དར་ལགས་ཀྱིས་སྐལ་བ་ངན་པའི་བུ་མོ་བཟའ་སྐལ་མེད་པའི་མག་པ་དང་ཕྲད། །ལྐོག་སྦེད་སྨུག་བན་གྱིས་ལྐོག་སྦེད་ལྷ་ཁང་གི་གྱོད་གཞི་ཞལ་ལྕེ་གཅོད་ཅེས་བསྒྱུར་ཡོད། 薄命女དང་ 薄命郎གཉིས་སོ་སོའི་བསོད་དམན་བུ་མོ་དང་ཁྱོ་བོ། སྐལ་བ་ངན་པའི་བུ་མོ་དང་སྐལ་མེད་མག་པ་ཞེས་བསྒྱུར་བ་ལས་ཁོ་མོས་བསོད་དམན་ཞེས་བསྒྱུར་བ་དེ་འཐད་པར་སེམས། རྒྱུ་མཚན་ནི་སྐལ་བ་ངན་པའམ་སྐལ་མེད་ཅེས་བསྒྱུར་དུས་གོ་བ་ལེན་དཀའ་ཞིང་སྐབས་ཐོབ་ཀྱི་བརྗོད་གཞི་ལ་འཚམ་པོ་མི་འདུག་སྙམ། 葫芦ནི་ཀ་བེད་ཅེས་པའི་སིལ་ཏོག་དེ་ཡིན་མོད། འོན་ཀྱང་གནའ་བོའི་རྒྱ་ཡིག་ཁྲོད་དུ་དེར་མགོ་འཐོམ་པའམ་མགོ་རྨོངས་བའི་糊涂དོན་ལའང་འཇུག ཡིན་ནའང་ལོ་ཙཱ་བ་གཉིས་ཀྱིས་དེ་མགོ་རྨོངས་བའི་དོན་ལ་འཇུག་པ་ཁ་བྱང་ལས་བསྟན་མེད། ཁོ་མོས་བསོད་དམན་བུ་མོར་བསོད་དམན་བུ་ཆུང་ཕྲད། མགོ་ཐོམ་བཙུན་པས་མགོ་རྨོངས་གྱོད་དོན་བཅད་ཅེས་བསྒྱུར་ན་དོན་ལ་འབྱོར་ཤས་ཆེ་བར་བསམ།

གཉིས། མིང་ཚིག་འགྱུར་མའི་དཔྱད་བསྡུར།
        སྤྱིའི་ཆ་ནས་བསྒྱུར་བྱའི་མ་ཡིག་གི་རྩོམ་ལས་མི་འདྲ་བར་དམིགས་ནས་དེ་དང་དེ་མཚམས་ཀྱི་བེད་སྤྱོད་བྱེད་པའི་ཐབས་ཀྱང་རྒྱ་ཆེ་ལ། བྱེ་བྲག་ཏུ་མིང་དང་ཚིག བརྗོད་པ་སོགས་ཀྱི་ཆ་ནས་ཀྱང་སྒྱུར་ཐབས་བཀོལ་སྤྱོད་བྱེད་པར་ཁྱད་པར་ཡོད། དེ་ཡང་མཐར་གཏུགས་ནས་བཤད་ན་དོན་སྒྱུར་དང་ཐད་སྒྱུར། སྒྲ་སོར་འཇོག་གི་ཐབས་སོགས་བཀོལ་ནས་རིག་གནས་ཕན་ཚུན་འབྲེལ་བའི་ཟམ་ཆེན་ལྟ་བུ་ཞིག་འཛུགས་དགོས་པ་རེད། མ་ཡིག་གི་ནང་དོན་དང་མ་ཡིག་དེ་ལས་བསྟན་པའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས། བསམ་བློའི་འཁྱེར་སོ། ཐུན་མིན་གྱི་རིག་གནས་སོགས་ཇི་མ་ཇི་བཞིན་ཏུ་བུ་ཡིག་ཏུ་སྟོན་དགོས་པ་མ་ཟད། བུ་ཡིག་ཏུའང་མི་རིགས་དེའི་སྐད་ཆའི་འགྲོས་ལུགས་དང་བསྟུན་ཅི་ཐུབ་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པར་གདོན་མི་ཟ། མ་ཡིག་ནང་གི་མི་མིང་དང་ས་མིང་སོགས་བསྒྱུར་བར་དུས་རྒྱུན་དུ་ང་ཚོས་སྒྲ་སོར་འཇོག་གི་ཐབས་བཀོལ་བ་ནི་ཀུན་གྱིས་མཁྱེན་པ་ལྟར་རེད། སྒྲ་སོར་འཇོག་དེའང་རང་སྣང་གང་ཤར་དང་ལག་ནང་ཅི་ཡོང་དུ་སོར་འཇོག་བྱས་ན་ང་ཚོར་མཁོ་བའི་ཐུན་མོང་གི་མིང་ཚིག་གམ་མིང་ཚིག་གཅིག་གྱུར་ཡོང་བར་བཀག་རྡོ་ལྟ་བུར་མི་འགྱུར་བའི་ངེས་པ་མེད། དཔེར་ན། 林黛玉 ལྟ་བུར་མཚོན་ན་བསོད་ནམས་དཔལ་འབྱོར་ལགས་ཀྱི་འགྱུར་ནང་དུ་ལེན་ཏའེ་ཡུད་དང་ངག་དབང་ཆོས་དར་ལགས་ཀྱི་འགྱུར་གྱི་ནང་དུ་ལིན་ཏེ་གཡུ་ཞེས་བསྒྱུར་འདུག་ལ། ཡང་薛宝钗བསོད་ནམས་དཔལ་འབྱོར་ལགས་ཀྱིས་ཤོའི་རྦ་དྲའེ་ཞེས་བསྒྱུར་ཞིང་ངག་དབང་ཆོས་དར་ལགས་ཀྱིས་ཞའོ་པོ་ཕྲེ་ཞེས་བསྒྱུར་འདུག ཁོ་མོས་བལྟས་ན་མཁས་དབང་རྣམ་པ་གཉིས་ཀྱིས་མི་མིང་དེ་འདྲ་བར་སྒྱུར་བར་ཅུང་མི་མཚམས་སྙམ། རྒྱུ་མཚན་ནི་ཁོང་རྣམ་པ་གཉིས་ཀྱིས་རྒྱ་བོད་ཤན་སྦྱར་གྱི་ཚིག་མཇོད་དང་ཕལ་ཆེར་བསྟུན་མེད་ལ་རང་སྣང་གང་ཤར་གྱིས་སྒྲ་སྒྱུུར་གནང་ཡོད། རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ནི་མཁས་དབང་དུ་མའི་ངལ་བ་དང་དུ་བླངས་ནས་བོད་མདོ་དབུས་ཁམས་གསུམ་དུ་སྐད་དང་ཡི་གེ་གཅིག་གྱུར་ཡོང་བར་རྨང་གཞི་གཏིངས་པ་ཡིན་པས་དེར་ངེས་པར་ཏུ་ཚད་གཞི་འཛིན་དགོས་སོ། །ཚིག་མཛོད་དང་བསྟུན་ནས་བསྒྱུར་ན་ལིན་ཏའེ་ཡུས་དང་ཞུའེ་པའོ་ཁྲའེ་ཞེས་སྒྱུར་དགོས། དེ་ལྟར་བསྒྱུར་ན་རྒྱུད་འབྱམས་སུ་འགྲོ་བས་འགྱུར་ཡིག་གཅིག་འགྱུར་ཡོང་བར་དགོས་གལ་ཤིན་ཏུ་ཆེ་བས་དེ་མཐོང་ཆེན་བྱེད་པར་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན།
གསུམ། བརྗོད་པ་འགྱུར་མའི་དཔྱད་བསྡུར།
        བརྗོད་པ་ནི་ཚིག་མང་པོ་སྦྲེལ་ནས་གྲུབ་པའི་དོན་ལྡན་གྱི་ངག་གི་ཕྲེང་བ་ལ་ཟེར། མི་རིགས་གང་ཞིག་ཡིན་རུང་དེར་སྐད་ཆའི་སྦྱོར་ལུགས་དང་འགྲོས་ཤིག་ཡོད་པ་ནི་སྨོས་མ་དགོས་པ་རེད། ལོ་ཙཱ་བྱེད་དུས་ཀྱང་ཐོག་མར་མིང་དང་ཚིག་དེ་ཡིག་སྒྱུར་བྱས་རྗེས་མིང་ཚིག་དེ་དག་རང་མི་རིགས་ཀྱི་སྐད་ཆའི་འགྲོས་དང་བསྟུན་ནས་གུང་བསྒྲིགས་པ་ནི་ཆེས་རྩ་བའི་རྣམ་བཞག་ཅིག་ཡིན། དེ་ལས་འགྱུར་མར་ཡུལ་སྐད་ཀྱིས་ཕྱུག་པ་ནི་དེ་ནས་ཀྱང་སྤང་དགོས་པའི་གནས་ཤིག་ཏུ་གྱུར་འདུག
        གཤམ་དུ་ལེའུ་བཞི་པའི་ཁྲོད་ཀྱི་བརྗོད་པ་འགྱུར་མ་འགའ་དཔྱད་བསྡུར་བྱས་ན། དཔེར་ན།逐趁年纪蓄了发,充了门子ཞེས་པ་དེ་བསོད་ནམས་དཔལ་འབྱོར་ལགས་ཀྱིས་རང་ཉིད་ན་ཚོད་ཕྲ་ཐོག་ཏུ་མགོ་སྐྲ་བསགས་ནས་སྒོ་སྲུང་བའི་ཁྲལ་ཞབས་བྱུང་དང་ངག་དབང་ཆོས་དར་ལགས་ཀྱིས་ཁོ་རང་ན་ཚོད་གཞོན་པར་བསྙེམས་ནས་མགོ་ལ་རལ་པ་བཞག་སྟེ་འདིར་བརྡ་རྒྱག་བྱས་པ་རེད་ཅེས་བསྒྱུར་འདུག དེ་ལས་མགོ་སྐྲ་བསགས་ཞེས་པ་དེ་མ་ཡིག་ལས་བཙན་སྒྱུར་བྱས་པ་རེད། བོད་ཀྱི་སྐད་ཆའི་འགྲོས་དང་བསྟུན་ན་མགོར་སྐྲ་བསགས་ཅེས་པའི་སྦྱོར་ལུགས་མེད། ཁོ་མོས་ངག་དབང་ཆོས་དར་ལགས་ཀྱི་འགྱུར་དེ་འོས་པར་སྙམ། ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བཙན་སྒྱུར་དང་འཁྱོག་སྒྱུར། ལོག་སྒྱུར་སོགས་སྤོངས་ཅི་ཐུབ་བྱས་ནས་རང་གཞན་གཉིས་ཀྱི་སྐད་ཀྱི་འགྲོས་དང་བསྟུན་ཅི་ཐུབ་བྱེད་དགོས། ལོ་ཙཱའི་མཐའ་དཔྱོད་ཀྱི་དམིགས་ཡུལ་ནི་ལོ་ཙཱའི་རྒྱུ་སྤུས་མཐོར་འདེགས་དང་ལོ་ཙཱའི་བྱ་བ་འཕེལ་རྒྱས་གཏོང་བ་དེ་ཡིན་ཕྱིར། ལོ་ཙཱའི་མཐའ་དཔྱོད་བྱེད་དུས་ཀྱང་ལོ་ཙཱ་བ་ཞིག་ལ་ཕོག་ཐུག་འགྲོ་བ་སྨོས་མ་དགོས་པས། ལོ་ཙཱ་བ་ཚོས་ཀྱང་རང་རེའི་བོད་ཀྱི་ལོ་ཙཱའི་བྱ་བཞག་གོང་འཕེལ་འགྲོ་ཕྱིར་ཆེད་དུ་སེམས་རྒྱ་བསྐྱེད་པར་འཚལ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1