རྫ་ཆུ་ཁའི་སྦྲ་གུར་དུས་ཆེན།
བྱང་སྡེ་ཉི་མ་རྫ་ཆུ་ཁ་(太阳部落扎溪卡) ནི་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མཐའ་མཚམས་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དང་ས་མཚམས་འབྲེལ་བའི་སེར་ཤུལ་རྫོང་(石渠)གི་མངའ་ཁོངས་ཀྱི་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་4200ཡན་ལ་བརྒལ་བའི་དལ་འབབ་རྫ་ཆུ་རིང་མོའི་འགོ་ཁུངས་ཀྱི་འགྲམ་རྒྱུད་དུ་གཞིས་ཆགས་པའི་འབྲོག་སྡེ་ཆེན་པོ་ཞིག་སྟེ་བྱང་སྡེ་ཉི་མ་རྫ་ཆུ་ཁ། འབྲོག་སྡེ་ཉི་ཤུ་རྩ་ལྔའི་མངའ་བདག་སྡེ་དགེ་རྒྱལ་པོའི་མངའ་འབངས་སྟེ་བྱང་གི་འབྲོག་སྡེ་བཅོ་བརྒྱད་དུ་གྲགས་པའི་སེར་ཤུལ་སྡེ་པ། ཁྲོམ་རྫ་གོང་མ། ཨ་རིག་རྫ། ཝ་ཤུལ། འབར་ཆུང་། འཇུ་པ། ཁྲོ་གོང་དང་ཁྲོ་འགབ། ཐར་ཤུལ། དགེ་རྩེ། འབུམ་རྙིང་། འབུམ་གསར། པཱ་ཐུར། ཆེ་ཝོ། ཕྱག་ཚ་དང་། བྱང་པ་ཁག་གསུམ་བཅས་ལོ་རྒྱུས་ཀྱི་བརྗིད་ཉམས་དང་དཔའ་མཛངས་ཀྱི་མངའ་ཐང་ཁྲོད་ན་ཀྲོང་ངེར་འགྲེང་ཡོད་ལ། ཡུལ་གྲུ་འདི་ན་མཛེས་པའི་སྤང་ཐང་ཁོད་ཡངས་ཤིང་རྒྱ་ཆེ་བས་ས་མཐོའི་མེ་ཏོག་ཨུཏྤལ་དམར་པོ་དང་ཨུཏྤལ་སེར་པོ། ཨུཏྤལ་དཀར་པོ། མེ་ཏོག་ལུག་མིག མེ་ཏོག་ཨུག་ཆོས། སྤང་རྒྱན་དཀར་པོ་དང་ནག་པོ། སྲད་མ་དཀར་སེར། ཕ་ཝང་སྒོ་ཏི། སུམ་ཅུ་ཏིག་ཏ། བྱ་རྒོད་སུག་པ། ཁུར་མོང་། ལུག་རི་སྨུག་པོ་དང་སེར་པོ། རྩ་འཁྲིས་བ་མོ་ཁ། ཚེར་སྔོན། མེ་ཏོག་སེར་ཆེན། སྲོ་ལོ་དམར་པོ། དབྱར་རྩྭ་དགུན་འབུ། རྫ་ཡུང་། གླང་དུག མྱི་རྒན་བྲང་ཀོ་སོགས་སྨན་རྫས་ཀྱིས་ཕྱུར་བུར་གཏམས་པའི་རང་བྱུང་གི་བང་མཛོད་ཅིག་ཡིན་ལ། ཡུལ་འདིའི་ས་གཞི་ཆེན་མོར་ཐང་མར་བརྡལ་བའི་རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པའམ་མེ་ཏོག་གི་རྒྱ་མཚོ་ཀློང་དུ་བརྡོལ་བ་ལྟ་བུ་ཞིག་ཡིན། ཁྱད་པར་དུ་ས་མཐོའི་གྲུ་གཟིངས་དང་ནོར་གནག་གི་ཕ་ས་ཞེས་པའི་མཚན་གྱི་སྙན་པ་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་ཁྱབ་ཡོད།
གླིང་གི་དཔའ་རྟུལ་ཕུ་ནུ་སུམ་ཅུ་ཡི། ། མཛད་རྗེས་རི་མོ་མ་ལུས་འདི་ན་གསལ། །
འདན་མ་འཁྲུངས་ཡུལ་གྱི་འདན་ཁོག་ལོ་ཕྱུག་གྲོང་རྡལ།
དེ་ཡང་འཛམ་གླིང་རིག་པའི་བང་མཛོད་ན་གཟི་འོད་ཀྱི་སྣང་བ་རབ་ཏུ་འཚེར་བའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་སྟེ་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་ཕུ་ནུ་སུམ་ཅུའི་ནང་ནས་མང་ཤས་ཤིག་གི་ལྟེ་ཁྲག་གི་ཐིགས་པ་གནས་འདི་ནས་འཕོས་ཏེ། ཕྱི་དགྲ་བོའི་སྟེང་ལ་ཐོག་ལས་བཙན་ཞིང་ནང་ཕུ་ནུའི་ཕྱོགས་ལ་དར་ལས་འཇམ་པའི་དགྲ་འདུལ་གཉེན་སྐྱོང་གི་རླབས་ཆེན་ལས་ཀྱི་འཁོར་ལོ་ཡང་གནས་འདི་ནས་བསྐོར་འགོ་བརྩམས་ཏེ་སྟོབས་ཤུགས་མངའ་ཐང་ཕྱོགས་མེད་དུ་རྒྱས་པའི་ངག་རྒྱུན་གྱི་བདེན་པ་དང་དངོས་ཡོད་ཀྱི་ཁུངས་སྣེ་ཡང་རྣམ་པར་གསལ་བ་སྟེ། ཡུལ་འདིར། གླིང་ཆོས་ལུ་བུ་ཡི་དར་འཕེན་གྱི་མཚེར་ཤུལ་དང་ཁོང་གི་སྐུ་གདུང་དུ་གྲགས་པའི་རྡོ་ཕ་བོང་མིའི་དབྱིབས་ཅན། སྒ་སྐྱ་ལོའི་འབྲུག་མོའི་སྦྲ་ཤུལ་དང་རྟ་སྒ། འབྲུག་མོའི་བྲག་ཁུང་། བུ་གེ་སར་གྱི་རྐྱང་རྒོད་འདོགས་ཕུར། དགའ་སྡེ་ཆོས་སྐྱོང་བེར་ནག་གིས་ཕབ་པའི་སྒྱོགས་ཆར་གྱི་འགྱུར་རྡོ། འབུམ་པ་རྒྱ་ཚ་ཞལ་ལུ་ཧོར་ཤན་པ་རྨེ་རུ་རྩེས་བཀྲོངས་ཡུལ་དུ་གྲགས་པའི་རྒྱ་ཚའི་ཞལ་ཐང་། ཤན་འདན་ནང་འཁྲུག་སྐབས་བློན་ཆེན་འདན་མ་བྱང་ཁྲ་རང་གི་ཕ་ཡུལ་འདན་ཁོག་ལ་ལོག་སྐབས་ཁ་བ་དང་བུ་ཡུག་སོགས་འབྱུང་བཞིའི་འགོག་རྐྱེན་ཐེབས་ཡུལ་གྱི་རྨ་ཡུལ་ན་ཐང་དུ་གྲགས་པ་སོགས་འགྱུར་རྡོ་དང་གནའ་ཤུལ། དེ་དང་མཐུན་པའི་ངག་རྒྱུན་ངོ་མཚར་ཅན་མང་པོ་ཞིག་ཡོད། དེ་བཞིན་ལྡོང་འབུམ་པའི་རྒྱ་ཚ་ཞལ་དཀར་དང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་གདུང་རྒྱུད་ལས་དངོས་སུ་ཆད་པར་གྲགས་པའི་འབུམ་རྙིང་སྡེ་པ་སོགས་དང་། གླིང་སྒྲུང་དུ་གསལ་བའི་ས་མིང་དང་རི་མིང་རྣམས་དངོས་སུ་ཐོགས་པའི་རི་ལུང་ཆུ་གསུམ་མང་ཞིང་། ཡུལ་སྡེ་ལ་ལར་གླིང་གི་དཔའ་རྟུལ་དག་གི་འཐབ་རའི་ཤུལ་ཡིན་པར་གྲགས་པའི་རྡོ་རྩིག་ཆེན་པོ་ཁ་ཤས་དང་གྱད་རྡོར་གྲགས་པའི་བྲག་རྡོ་ཡ་མཚན་པ། གླིང་དང་ཧོར་འཐབ་དུས་གླིང་གི་སྒར་མལ་ཡིན་པར་གྲགས་པ་ཐང་གི་བཀོད་པ་སྤོ་ཆེན་གྱི་ར་བས་བསྐོར་བ་ལྟ་བུ་དང་། ལྷག་པར་དུ་གླིང་གེ་སར་གྱི་སྒྲུང་རྟ་རྒྱུག་ནོར་བུ་ཆ་བདུན་ལས། ལྷ་དིལ་མགོ་ནས་ལྷ་བསང་བཏང་། ཀླུ་དིལ་མགོ་ན་མ་སྲུ་མོ་སྨན་རྣམས་ཀྱིས་ལྟད་མོ་བལྟས། ཞེས་བྱ་བའི་ལྷ་དིལ་དང་ཀླུ་དིལ་དུ་གྲགས་པ་དག་ཀྱང་མངོན་སུམ་དུ་ཡོད་པར་མ་ཟད་འབྲོག་མི་དག་གིས་ཀྱང་མིང་དེ་སྐད་དུ་ཟེར་ཞིང་ལོ་རྒྱུས་དེ་རང་དུ་ཤོད་སྲོལ་ཡོད་པ་སོགས་གེ་སར་རིག་གནས་ཀྱི་ཕ་སའམ་རྩྭ་ཐང་གི་དཔའ་རྒོད་རྣམས་ཀྱིས་དགྲ་འདུལ་གཉེན་སྐྱོང་གི་མངའ་ཐང་རབ་ཏུ་དར་མྱངས་སའི་ཡུལ་ལུང་ཁྱད་པར་བ་ཞིག་ཡིན་པ་དངོས་གསལ་ལྟར། རྫ་ཆུ་ཁའི་ཡུལ་ལྷ་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་ལ་སྟག་གཟིག་ནོར་འགྱེད་སྐབས་ལུག་གཡང་ཐོབ་ཡོད་པ་དང་ཡུལ་འདིའི་མི་རྣམས་ལའང་དཔའ་མཛངས་རྟུལ་ཕོད་ཀྱི་སྒམ་བརླིང་དང་དཔའ་བོའི་སྙིང་སྟོབས་ལ་བརྩི་བཀུར་བྱེད་པའི་བག་ཆགས་དང་རང་གཤིས་ལྷན་སྐྱེས་སུ་མངའ་བ་སོགས་མདོར་བསྡུས་ཙམ་ཞིག་གོ །