༄༅།།རྫ་ཆུ་ཁའི་རིག་གནས་ཆེད་བཀོད།(2)

འཆི་མེད་དབང་ཕྱུག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-10


ཐུན་མིན་རྡོ་བརྐོས་སྒྱུ་རྩལ་རིག་པའི་འོད། ། འགྲོ་མིའི་དཔལ་ཡོན་ཞིང་དུ་རྣམ་པར་འཚེར། །


མཁའ་དབྱིངས་ནས་མཐོང་བའི་གསང་གི་མ་ཎི་རྡོ་མཁར་གྱི་རྣམ་པ། ཀྲང་ཏ་མིང་གིས་པར་བླངས།
        བྱང་སྡེ་ཉི་མ་རྫ་ཆུ་ཁ་ནི་རྡོ་བརྐོས་རིག་གནས་ཀྱི་སྒྱུ་རྩལ་བླ་ལྷག་ཏུ་དར་ས་ཞིག་སྟེ། བོད་ཁམས་ནས་ནང་པའི་བཀའ་བསྟན་དང་། མ་ཎི། ལྷ་སྐུ་སོགས་རྡོ་ངོར་བརྐོས་ཏེ་ནང་སེམས་ཀྱི་དད་རྟེན་དང་ཕྱི་སྣོད་བཅུད་ཀྱི་དཔལ་ཡོན་ཏུ་བཞེངས་བསྐྲུན་གནང་བའི་ཆོས་བརྩིགས་རྡོ་འབུམ་དང་རྡོ་མཁར་ཆེས་མང་ཤོས་ཀྱི་གྲས་སུ་གཏོགས་ངེས་ཏེ། དཔེར་ན། རྫ་དཔལ་དགེའི་མ་ཎི་རྡོ་འབུམ་རིང་མོ། གསང་གི(བསང)རྡོ་མཁར་མཐོང་བ་རང་གྲོལ། ཁྲོམ་རྫ་འགབ་མའི་བྲག་བརྐོས་ཡིག་རྙིང་། བྲག་ལྷ་མོ། མ་ཆུའི་རྡོ་མཁར། མུ་རའི་མ་ཎི་རྡོ་འབུམ། དགེ་མང་སྐུ་འབུམ་མ་ཎི། ཧི་རའི་མ་ཎི། སེར་ཤུལ་རི་བཀྲའི་མ་ཎི་སོགས་ཆེ་ཆུང་དང་རིང་ཐུང་། མཐོ་དམན་དང་རྣམ་པ་སོགས་མི་མཚུངས་པའི་ཆོས་བརྩིགས་རྡོ་འབུམ་གྲངས་ལས་འདས་པ་ཞིག་ཡོད་ཀྱང་། དེ་དག་ལས་གསང་གི་མ་ཎི་རྡོ་མཁར་དང་དཔལ་དགེའི་མ་ཎི་རྡོ་འབུམ་གཉིས་ཆེ་བར་བརྗོད་ན།

གསང་གི་རྡོ་མཁར་མཐོང་བ་རང་གྲོལ།
        རྫ་ཆུ་ཁའི་སྡེ་པ་ཆེ་ཤོས་ཟླ་རྒྱུད་ཨ་རིག་རྫའི་ཆེས་དབེན་འཇགས་ཀྱི་འབྲོག་ལུང་ཞིག་གམ་མཛེས་སྡུག་གི་རྩྭ་ཐང་ཞིག་ཏུ་མཐོང་དཀོན་ཞིང་མཐོང་མ་ཉིད་ནས་ངོ་མཚར་གྱི་སྣང་བ་སྟེར་བར་བྱེད་པ། རྒྱང་ནས་བལྟས་ཚེ་གནའ་བོའི་གཡུལ་འགྱེད་སྐབས་ཀྱི་བཙན་རྫོང་ཞིག་དང་འདྲ་ཞིང་ཉེ་བར་བཅར་ན་ཆོས་ཀྱི་དགོན་པ་ཞིག་གམ་གནའ་བོའི་མཁར་གྲོང་ཞིག་དང་མཚུངས་པ། ཞིབ་ཏུ་མཇལ་ཚེ་ནང་ཆོས་ཀྱི་ཡིག་བརྒྱ་དང་མ་ཎི། རྡོར་གཅོད། ཐར་མདོ་སོགས་ཆོས་ཚན་རྣམ་པ་སྣ་ཚོགས་དང་། དེ་བཞིན་ཆོས་ལུགས་ཀྱི་ལྷ་སྐུ་སོགས་བརྐོས་པའི་རྡོ་མཁར་ཁྱད་པར་བ་ཞིག་ཡོད། དེ་ནི་བྱིན་རླབས་ཀྱི་འོད་སྣང་འཛམ་གླིང་གི་མཁའ་རུ་འཕྲོས་ཤིང་། མཚན་སྙན་གྱི་འདབ་མ་འགྲོ་དྲུག་གི་འཛིན་མར་ཁྱབ་པའི་གསང་གི་མ་ཎིའམ་རྡོ་མཁར་མཐོང་བ་རང་གྲོལ་ཞེས་ཡོངས་སུ་གྲགས་པ་དེའོ། །(འདིར་གསང་ཞེས་པ་ཡུལ་ལུང་དེའི་མིང་ལ་གསང་ཐོག་ཅེས་ཟེར་བས་དེ་ལྟར་ཐོགས་པར་བཤད་ལ། བསང་ཞེས་འདི་ལྟར་འབྲི་མཁན་ཡང་འདུག) རྡོ་མཁར་གྱི་སྨད་དུ་རྡོ་རུ་མ་ཞེས་ཁྱིམ་གཞི་སྦྲ་གུར་ཁོ་ན་ཕུབ་ཅིང་ཁྱིམ་ཚང་སོ་སོའི་ཁྱིམ་མི་ཆེ་ཆུང་ཚང་མས་དད་ལྡན་མཇལ་བའི་ཚོགས་ཀྱི་རེ་བ་ལྟར་རྡོ་ལ་ཆོས་ཚན་འདྲ་མིན་རྐོ་བར་བྱང་ཆུབ་ཅིང་དེ་ཉིད་བླུ་ཁ་གཏོད་བཞིན་པའི་རུ་ཚོ་ཆུང་ཆུང་ཞིག་ཡོད་ལ། ཁོང་ཅག་གིས་གནའ་ནས་ད་བར་དུ་རྡོ་མཁར་འདི་ལ་ཁ་གསོ་དང་ཞལ་འདེབས། རྡོ་བརྐོས་ལག་རྩལ་རྒྱུན་འཛིན་དང་གོང་སྤེལ་གནང་བས་ཁོ་ཚོ་ནི་རྡོ་མཁར་འདིའི་དུས་གསུམ་གྱི་དར་རྒུད་སེམས་ཀྱིས་འཚོས་ཤིང་མིག་གིས་སྲུང་བཞིན་པའི་ས་མཐའི་སོ་པ་བཀའ་དྲིན་ཅན་དག་དག་ཡིན། དེ་བཞིན་གནས་འདིར་དུས་བཞིའི་ཁྱད་པར་མེད་པར་བོད་མདོ་དབུས་ཁམས་གསུམ་ནས་དད་པ་དང་སྙིང་སྟོབས་ཀྱི་གོ་ཆ་ཕྲག་ཏུ་བགོས་ཤིང་ངལ་དུབ་དང་སྤྲོ་སྣང་གི་འཚོ་བ་ལུས་ཀྱིས་མྱོང་བཞིན་ཆེད་དུ་མཇལ་ཕྱག་སྐོར་གསུམ་ལ་ཕེབས་པའི་གནས་སྐོར་མཇལ་བ་དང་། ཞིབ་འཇུག་གི་བློ་མིག་རྣོ་ཞིང་སྒྱུ་རྩལ་གྱི་ཕྲ་ཕུང་ཟབ་པའི་རྒྱལ་ཁབ་ཕྱི་ནང་གང་ས་ནས་འོངས་པའི་ཡུལ་སྐོར་ལྗོངས་རྒྱུ་བའི་འཚང་ཁ་ནི་རབ་ཏུ་ཆེའོ། །
        རྡོ་མཁར་འདིའི་དབྱིབས་ནི་གྲུ་བཞི་ནར་མོའམ་མཆོད་རྟེན་ལྟ་བུ་ཞིག་སྟེ། ཤར་ནུབ་ཀྱི་རིང་ཚད་ལ་སྨི་73དང་། ལྷོ་བྱང་གི་ཞེང་ཚད་ལ་སྨི་47 མཁར་གྱང་གི་མཐོ་ཚད་ལ་སྨི་9ཡས་མས་ཤིག་ཡོད་ལ། མཁར་གྱང་གི་ཕྱོགས་བཞིའི་ཕྱི་གྱང་སྟེང་དུ་གའུ་མང་པོ་བཤམས་ཡོད་ཅིང་། དེ་དག་གི་ནང་དུ་ཡིད་དུ་འོང་བའི་ཚོན་ལྡན་གྱི་རྡོ་བརྐོས་ལྷ་སྐུ་སྣ་ཚོགས་བཞུགས་སུ་གསོལ་ཡོད། ས་གནས་དེའི་མི་ཡིས། མ་ཎི་རྡོ་མཁར་འདིའི་ཕྱི་ངོས་ཀྱི་མཁར་གྱང་སྟེང་དུ་གའུ་383ཡས་མས་ཤིག་གི་ནང་མཆོད་བཤམས་བྱས་ཡོད་པ་དང་། དེ་ལས་ཁ་གཏད་ཀྱི་གྱང་ངོས་སུ་མཆོད་གཤོམ་གྱི་གའུ་204 ཤར་ངོས་ཀྱི་གྱང་ལྡེབས་སུ་མཆོད་གཤོམ་གྱི་གའུ་62 རྒྱབ་ངོས་ཀྱི་གྱང་ལྡེབས་སུ་མཆོད་གཤོམ་49བཅས་དང་། དེ་བཞིན་མཁར་ནང་དུའང་གའུ་མང་པོ་ཡོད་པར་བརྗོད།
རྡོ་མཁར་གྱི་ཤར་ཕྱོགས་སུ་མ་ཎི་རྡོ་བརྐོས་ལས་བཞེངས་པའི་མཆོད་རྟེན་ཞིག་ཡོད་ལ། དེ་ལས་ཀྱང་མཁར་ནང་དུ་ཆེས་ངོ་མཚར་ཆེ་ལ་ཆེ་ཆུང་མི་འདྲ་བའི་རྡོ་ཟླུམ་5རིམ་པ་ལྟར་བསྒྲིགས་པའི་དོང་མིག་ཅིག་འདུག་པའང་ཞིབ་འཇུག་པ་དག་གིས་དངོས་སུ་མཐོང་ཞིང་། བཤད་སྲོལ་ལའང་དོང་མིག་འདི་ནི་མཁར་གྱི་དཀྱིལ་དབུས་སུ་ཡོད་ཅིང་མ་ཎི་རྡོ་མཁར་གྱི་སྙིང་ལྟ་བུ་ཡིན་པར་བཤད། རྡོ་ཟླུམ་5བསྒྲིགས་པ་དག་གི་སྟེང་དུ་མ་ཎི་རྡོ་ལེབ་རེས་བཀབ་ཡོད་པ་དང་། གནའ་སྔ་མོར་དེ་དག་ཁ་ཕྱེས་ཚེ་རྡོ་ཟླུམ་གྱི་དཀྱིལ་དབུས་སུ་གཏིང་མཐའ་མཐོང་དཀའ་བའི་དོང་མིག་ཅིག་ཡོད་པ་ལས་སྐད་སྒྲ་སྣ་ཚོགས་པ་སྟེ་དགོན་པའི་དུང་སྒྲ་དང་རྔ་སྒྲ། མཐའ་ན་རྟའི་རྨིག་སྒྲ་དང་མིའི་ཀི་སྒྲ་སོགས་དངོས་སུ་ཐོས་ཐུབ་ཅེས་རྒན་པོའི་སྐད་ཆ་བུ་ཕྲུག་གི་རྣ་ཐོས་སུ་གྱུར་ཏེ་ངག་རྒྱུན་གྱི་སྙན་པ་ད་དུང་ཡང་འཁྲོལ་བཞིན་འདུག་གོ །
        ལོ་འགའི་སྔོན་དུ་སེར་ཤུལ་རྫོང་རིག་དངོས་སྡེ་ཁག་ཅེས་པས་མ་ཎི་རྡོ་མཁར་འདིའི་རྨང་འདིང་སར་གཏིང་ཚད་ལ་སྨི་1.5ཅན་གྱི་དོང་ཞིག་བརྐོས་ཏེ་ཞིབ་འཇུག་བྱས་པར་རྡོ་བརྐོས་ཀྱི་སྟེང་གི་ཡི་གེ་ནི་རྒྱ་གར་ལེགས་སྦྱར་སྟེ་སཾ་སྐྲ་ཏའི་ཡི་གེ་ཡིན་པར་བཤད་ཅིང་། དེས་ནི་འཛུགས་སྐྲུན་གྱི་ལོ་དུས་གཏན་འཁེལ་བྱེད་པར་ཁུངས་སྣེ་གལ་ཆེན་ཞིག་དང་ཞིབ་འཇུག་གི་ཁ་ཕྱོགས་གསར་པ་ཞིག་མཁོ་སྤྲོད་བྱས་ཡོད་པ་ནི། དེ་ཡང་ལེགས་སྦྱར་གྱི་སྐད་དེ(ཡི་གེ)གཙོ་བོ་བསྟན་པ་སྔ་དར་ཏེ་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་དར་བ་ཡིན་ཞིང་། སྤྱི་ལོ་842ལོར་བཙན་པོ་འུ་དུམ་བཙན་པོ་དཀྲོངས་རྗེས་ནང་བསྟན་མདོ་ཁམས་སྨད་དུ་ཁྱབ། དེ་ནས་ལོ་100ལྷག་འགོར་ཏེ་དུས་རབས་བཅུ་པའི་རྗེས་སུ་བསྟན་པ་མདོ་ཁམས་སྨད་ནས་དབུས་གཙང་ཕྱོགས་སུ་དར་བ་དང་། སྐབས་དེར་སེར་ཤུལ་(རྫ་ཆུ་ཁ།)དང་སྡེ་དགེ དཔལ་ཡུལ་སོགས་རྒྱལ་མོ་དངུལ་ཆུའི་འགྲམ་རྒྱུད་ནི་འདུལ་བ་སྨད་དར་གྱི་ས་ཁུལ་གལ་ཆེ་ཤོས་ཤིག་ཡིན་པ་དང་། འོག་ཏུ་གླེང་འགྱུར་གྱི་ཁྲོམ་རྫ་འགབ་མར་ཡོད་པའི་བཙན་པོའི་དུས་ཀྱི་བྲག་བརྐོས་ཡི་གེ་དང་ལྷ་སྐུ། ཐང་བོད་གནའ་ལམ་གྱི་རྟོག་ཞིབ་ཟིན་བཀོད་སོགས་ལས་བསམ་གཞིག་གི་རྟ་ཕོ་ཞིབ་འཇུག་གི་ཐང་ཆེན་གཞན་ཞིག་ཏུ་བརྒྱུག་པར་གྲ་སྒྲིག་ཀྱང་མི་བྱེད་རང་བྱེད་ཡིན་ནོ། །
དཔལ་དགེའི་མ་ཎི་རྡོ་འབུམ།
        དེ་ཡང་རྫ་ཆུའི་ཁུག་པ་དང་པོ། རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་གི་མདུན་དྲུང་། རྫ་མ་མོའི་ཐང་ཞེས་དབྱར་གསུམ་མེ་ཏོག་གི་རྦ་རླབས་འཕྱོ་ཞིང་། སྦྲ་གུར་དང་ཕྱུགས་རིགས་ཀྱི་ཁྱུ་ཚོགས་སྐར་མའི་གྲངས་ལས་བརྒལ་བའི་ཐང་དབུས་དེ་ན། གཡུ་འབྲུག་ཐང་ལ་ཉལ་བའམ། གཙང་ཆབ་དལ་གྱིས་འབབ་པ་ལྟ་བུའི་བློ་ཡུལ་ལས་འགོངས་པའི་ཆོས་ལུགས་ཀྱི་ལྕགས་རི་རིང་མོ་ཞིག་ཡོད། དེ་ནི་འཛམ་གླིང་སྟེང་ཆེས་རིང་བའི་མ་ཎི་རྡོ་བརྩིགས་ཀྱི་ཅོད་པན་མ་བགོས་ངང་གིས་བཞེས་པའི་རྫ་དཔལ་དགེའི་མ་ཎི་རྡོ་འབུམ་རིང་མོའོ། །
དཔལ་དགེའི་མ་ཎི་རྡོ་འབུམ་གྱི་རིང་ཚད་ལ་ད་ལྟ་སྤྱི་ལེ་1.7ཙམ་དང་། མཐོ་ཚད་ལ་སྨི་2.5ནས་3.5བར། མཐུག་ཚད་ལ་སྨི་1ནས་སྨི་3བར་ཡོད་ལ། རྡོ་འབུམ་གྱི་སྟེང་དུ་མཆོད་རྟེན་གྱི་ཕྲེང་བ་ཚར་དུ་དངར་ཞིང་། ལྡེབས་ངོས་ཀྱི་སྨི་3དང་སྨི་4རེའི་མཚམས་སུ་བང་རིམ་ཉིས་བརྩེགས་ཀྱི་གའུའམ་སྒེའུ་ཁུང་ལྟ་བུ་རེ་ཡོད་ཅིང་དེ་དག་གི་ནང་དུ་རྡོ་བརྐོས་ལྷ་སྐུའི་རིགས་སོགས་བཤམས་ཡོད།
        རྡོ་རྩིག་སྤྱིའི་ནང་དོན་ནི་བཀའ་བསྟན་འགྱུར་དང་། མ་ཎི། ཡིག་བརྒྱ། ཐར་མདོ་ཚར་5000ཙམ་སོགས་དང་། རྡོ་ལ་བརྐོས་པའི་ལྷ་སྐུ་ཆེ་ཆུང་མི་འདྲ་བ་3000ལྷག་སོགས་ཡོད་པ་ཡོངས་སུ་གྲགས་སོ། །
        རྡོ་འབུམ་འདི་ནི་དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཞུ་བའི་བྱ་བཏང་རི་ཁྲོད་པ་ཞིག་ཡོད་པ་གང་ཉིད་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་སྟེ་ཕྱི་ལོ་1640ལོར་རྡོ་རྐོ་བ་མ་ཎི་ཚེ་རིང་ཞེས་པ་ཞིག་དང་འཕྲད་དེ་རྟེན་འབྲེལ་གྱི་ཉི་གཞོན་ངང་གིས་ཤར་ཞིང་ཐུགས་བསྐྱེད་ཀྱི་པད་འདབ་དེ་མུར་གྲོལ་བ་ལ་བརྟེན་ཐོག་མར་རྨང་བཏིངས་ཏེ་གསར་བཞེངས་མཛད་ཅིང་། དེ་ནས་བཟུང་ས་གནས་མི་དམངས་ཀྱིས་དད་པའི་རྟེན་སྐལ་དུ་གྱུར་ཏེ་མཇལ་ཕྱག་སྐོར་གསུམ་དང་རྡོ་བརྐོས་ཁ་སྣོན་གྱི་རྒྱུན་མ་ཆད་པ་དང་། ཁྱད་པར་དུ་དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ལགས་ཀྱི་ཡང་སྲིད་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་མཆོག་དགུང་ལོ་སུམ་ཅུ་བཞེས་པ་ནས་ལོ་ལྔ་ཙམ་གྱི་རིང་ལ་ཁོང་གིས་ཆེད་དུ་རྡོ་རྐོ་བ་དུ་མ་བསྡུས་ཏེ། མ་ཎི་བཀའ་ཆེན་དང་བཅུ་འགྱུར་སོགས་རྡོ་ལ་བརྐོས་རྗེས་རྩིས་ལེན་དང་ཞིབ་གཟིགས། ཇུས་འགོད་སོགས་ནན་ཏན་མཛད་དེ་རྡོ་འབུམ་དེ་ཉིད་རྒྱ་ཇེ་ཆེ་དང་དཔངས་ཇེ་མཐོར་བཏང་སྟེ་ཁྱད་དུ་འཕགས་པ་ཞིག་ཏུ་བཞེངས་སྐྲུན་མཛད་ཅིང་། དུས་མཚུངས་སུ་ཕྱོགས་ཀྱི་བླ་སྤྲུལ་མང་པོ་གདན་དྲངས་ནས་རྡོ་འབུམ་ལ་རབ་གནས་ཀྱང་རྒྱ་ཆེན་པོ་མཛད་དེ་ཐུགས་བསྐྱེད་སྨོན་ལམ་གྱི་འགྲོ་དྲུག་བདེ་ཞིང་རྒྱལ་བསྟན་རྒྱས་པའི་དཔལ་དུ་བསྔོས་པའི་དགེ་རྩ་དང་བསོད་ནམས་ཀྱི་མར་མེ་བསྐལ་བའི་བར་དུ་འབར་བར་མཛད་དོ།།
        ད་ལྟ་ཕྱོགས་ཀྱི་མཇལ་བ་དང་ཡུལ་སྐོར་པ། ཞིབ་འཇུག་པ་ནི་དབྱར་དགུན་སྟོན་དཔྱིད་ཀུན་ཏུ་པདྨའི་ཚོགས་ཀྱི་བུང་བ་དང་ཉི་མའི་ཟེར་གྱི་རྡུལ་ཕྲན་བཞིན་འདུ་འགོད་ལང་ལོང་དུ་འཁྲིགས་བཞིན་ཡོད། དེ་བཞིན་སེར་ཤུལ་རྫོང་དང་དཀར་མཛེས་ཁུལ་སོགས་ཀྱི་རིག་དངོས་སྲུང་སྐྱོབ་དང་མ་འོངས་པར་ཡུལ་སྐོར་གྱི་འཛུགས་སྐྲུན་གྱི་རྣམ་གྲངས་ཆེས་ཆེ་བའི་གྲས་སུ་བཞག་ཡོད་དོ། ། 
འཛམ་གླིང་ཅི་ཉི་སུ་ཟིན་ཐོར་ཚུད་པའི་འཛམ་གླིང་སྟེང་ཆེས་རིང་བའི་དཔལ་དགེའི་མ་ཎི་རྡོ་མཁར། དཀོན་རྡོས་པར་བླངས།

ཐང་བོད་གནའ་ལམ་བྲག་བརྐོས་རི་མོ།
        རྫ་ཆུ་ཁའི་རྫ་སྨད་ཀྱི་སྡེ་བ་ཁྲོམ་རྫ་འགབ་མའི་ས་ཐོག་རྒྱ་ཚའི་ཞལ་ཐང་ཞེས་པའི་བྲག་ངོས་སུ་ཡོད་པའི་རི་མོ་དང་ཡི་གེ་སོགས་ལ་ཕྱི་ལོ་2013ལོའི་ཟླ་5པར། གནའ་བོའི་ཕོ་བྲང་བཤམས་སྟོན་ཁང་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། སི་ཁྲོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། ཧྲན་ཞི་ཞིང་ཆེན་རིག་དངོས་ཅུས་སོགས་མཉམ་འབྲེལ་གྱིས་ཕྲ་ཞིང་ཞིབ་པའི་སྒོ་ནས་རྟོག་ཞིབ་ཟབ་མོ་བྱས་པ་ན། གནའ་རྫས་རྟོག་ཞིབ་ཀྱི་ཆེད་མཁས་པ་པེ་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞེར་ཅིང་ཧྲན་གྱིས་གསུང་དོན། བྲག་བརྐོས་དེ་དག་ལས་འདབ་ཆགས་ཀྱི་གཟུགས་དང་དབུ་རྒྱན་འདབ་མ་གསུམ་ལྡན་གྱི་ལྷ་སྐུ། བོད་ཀྱི་གནའ་ཡིག་ལས་རྒྱ་བོད་ཡིག་རིགས་ཟུང་གིས་བཀོད་པའི་མིང་རྟགས་གནའ་བོའི་བོད་ཡིག་ལ་བལྟས་ན། དུས་རབས་བརྒྱད་པའི་མཇུག་ནས་དུས་རབས་དགུ་པའི་དུས་མགོའི་བར་གྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཡིན་པ་དཔོག་ཐུབ་ཅེས་གསུངས་པ་ཧ་ཅང་བདེན་ཏེ། བྲག་ངོས་ཀྱི་ཡི་གེ་ཁག་གི་གུ་ཕྱིར་ལོག()ཅན་དང་། འགྲེང་བུ་ཉིས་བརྩེགས་(བཻ།)ཅན། ཡང་འཇུག་གིས་གོ་ཉིས་ཆོད་(ཡོངསུ)བྱས་པ། རྗེས་འཇུག་འོག་ཏུ་(མཚྣ།)བྲིས་པ། ཀླད་ཀོར(རྣཾམ)ཅན་སོགས་སྐད་གསར་བཅད་མ་བྱས་གོང་དང་། ཏུན་ཧུང་ཡིག་རྙིང་གི་རྣམ་པ་ཇི་མ་ཇི་བཞིན་གྱི་ཡི་གེ་འབྲི་སྟངས་དང་ནང་དོན་ལའང་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་དབུ་རྨོག་མཐོ་བར་སྨོན་ནོ། ། (མཚན•ཕོ•ཁྲི•སྲོང•ལྡེ•བརྩན•ཡབ……རྨོག•མཐོ•བར•སྨོན•ཏོ། །)ཞེས་དང་། གསལ་ལ་མི་གསལ་བའི་ཆོས་ཀྱི་ཚིགས་སུ་བཅད་པའང་མང་པོ་ཞིག་ཡོད་པ་སོགས་ཀྱང་བོན་ཆོས་ཀྱི་ཤས་ཆེ་བར་སྙམ་པ་ཞིག་འདུག ཤད་ཀྱི་མཐར་གཡུང་དྲུང་བཀོད་པ་དང་། མཇུག་ཏུ་ཡི་གེ་བའི་མཚན་ཁ་ཚང་མི་གསལ་རུང་གཅུང་ཀྱི་སློབ་མ་ཞེས་སོགས་བྲིས་ཡོད་པ་ལས་བཙན་པོའི་དུས་ནས་བྲིས་པར་ཐག་གིས་ཆོད་ཅིང་། ངག་རྒྱུན་དང་བཤད་སྲོལ་དུ་མའི་ཁྲོད་ན་རབ་རིབ་མག་མོག་ཏུ་གྱུར་པའི་ཐང་བོད་གནའ་ལམ་ཞིབ་འཇུག་བྱེད་པར་གལ་ཆེའི་ཁུངས་སྣེ་ཞིག་མཁོ་སྤྲོད་བྱས་ཡོད་པར་མ་ཟད། རྫ་ཆུ་ཁའི་ཤར་རྒྱུད་ཀྱི་རྡོ་བརྐོས་ཁག་ལ་ཞིབ་འཇུག་བྱས་ན་གནའ་སྔ་མོར་རྫ་ཆུ་ཁ་ནི་བོད་རྒྱའི་བར་གྱི་འགྲུལ་ལམ་ཆེན་པོ་ཞིག་ཡིན་པའི་གྲུབ་དོན་རྙེད་ཡོད་པ་ལྟར། 2016ལོར་སེར་ཤུལ་རྫོང་གི་སྦྲ་གུར་དུས་སྟོན་སྐབས་སུའང་ལོ་ངོ་སྟོང་གི་ཐང་བོད་གནའ་ལམ་ཞེས་པ་སོགས་བརྗོད་དོན་དུ་བྱས་པའི་འཁྲབ་ཚན་ཆེ་ཆུང་མང་པོའང་བཀོད་སྒྲིག་བྱས་སོང་།
        དེ་བཞིན་གནའ་རྫས་ཞིབ་འཇུག་པ་དགེ་རྒན་ཞེར་ཅིང་ཧྲན་གྱིས་ཡང་བསྐྱར་གསུངས་དོན། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་དུས་ཚོད་ལས་ལོ་100 ཡས་མས་འཕྱི་རུང་(ཁྲི་སྲོང་ལྡེ་བཙན་སྐབས་བརྐོས་པ་ཡིན་ན།)བོད་བཙན་པོའི་རྒྱལ་རབས་དུས་སྐབས་ཀྱི་ཆོས་ལུགས་མཛེས་རྩལ་སྐོར་ལ་ཞིབ་འཇུག་བགྱིས་པར་གལ་ཆེའི་དཔྱད་གཞིའི་རྒྱུ་ཆ་ཡིན་པ་རེད་ཅེས་དང་། བྲག་བརྐོས་ཡི་གེ་རྣམས་ཀྱི་མཇུག་སོགས་སུ་རྒྱ་བོད་ཡིག་རིགས་གཉིས་ཀས་མཚན་བཀོད་ཡོད་པ་འདིས་སེར་ཤུལ་དུ་(རྫ་ཆུ་ཁ་དང་འདན་ཁོག)བོད་བཙན་པོའི་རྒྱལ་རབས་དུས་ནས་རྒྱ་བོད་རིག་གནས་ཕན་ཚུན་བརྗེ་རེས་བྱེད་སྲོལ་ཡོད་པ་བདེན་དཔང་བྱས་ཞེས་དང་། སྔོན་ཆད་སྲོལ་རྒྱུན་ལྟར་ཐང་བོད་གནའ་ལམ་སྐོར་ལ་ཞིབ་འཇུག་བྱེད་པར་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་ལས་ལྷོ་རྒྱུད་ཕྱོགས་སུ་འཚོལ་ཉུལ་བྱེད་མཁན་ཧ་ཅང་ཉུང་། ཐེངས་འདིར་རྡོ་བརྐོས་ཁག་གཅིག་གསར་རྙེད་བྱུང་བས་སེར་ཤུལ་(རྫ་ཆུ་ཁ་དང་འདན་ཁོག)ནི་ཐང་བོད་གནའ་ལམ་གྱི་བརྒྱུད་ལམ་ན་གལ་ཆེ་བའི་འབྲེལ་མཐུད་འགག་གནས་ཞིག་ཡིན་པ་དང་གནས་འདི་ནི་ཐང་རྒྱལ་རབས་དང་བོད་བཙན་པོའི་རྒྱལ་རབས་གཉིས་བར་འགྲོ་འོང་བྱེད་སའི་གལ་ཆེ་བའི་བརྒྱུད་ལམ་ཞིག་ཡིན་པ་ཤེས་ཐུབ་ཅེས་སོགས་གསུངས་ཡོད།
        མདོར་ན། ཡིག་གཟུགས། རི་མོ། ནང་དོན་བཅས་གང་ལ་དཔག་ཀྱང་བོད་བཙན་པོའི་དུས་སུ་བརྐོས་པ་ཏན་ཏན་ཡིན་པའི་བྲག་བརྐོས་དེ་དག་ད་ལྟ་དུས་བཞིའི་ཆར་རླུང་གིས་རབ་ཏུ་གསེད་བཞིན་ས་གནས་མི་དམངས་ཀྱིས་རིན་ཐང་མ་ཤེས་པའི་ངང་ནས་བདག་མེད་ཞིག་རལ་དུ་སོང་བའི་སྣང་ཚུལ་ཅུང་ཙམ་ཚབས་ཆེ་བས་ཞིབ་འཇུག་གི་མིག་ཤེལ་གྱོན་ཞིང་སྲུང་སྐྱོབ་ཀྱི་འཇོན་ནུས་མངའ་བའི་དཔྱོད་ལྡན་རིགས་པ་སྨྲ་བ་རྣམས་གནས་འདིར་ཕེབས་ཏེ་ལྷོད་ལྷོད་ཞིབ་ཆ་དོད་པོས་འཚོལ་ཞིབ་ཐེངས་གཅིག་བྱས་ན་དངོས་ཡོད་ལོ་རྒྱུས་ཀྱི་གསང་བ་ཟབ་མོའི་མདུད་སྣེ་མང་པོ་ཞིག་རང་ཤུགས་ཀྱིས་འགྲོལ་བར་གདོན་མི་ཟའོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1