རོལ་དབྱངས་ཀྱི་རྒྱུན།

མཚོ་སྔོན། རེ་རྐང་གླིང་། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-24


སྐར་མ་མཐའ་དག་རང་གི་སྐྲ་གསེབ་ལ་ཐོར་དུས་ནི།
རང་ཉིད་ལ་བཟོད་རླག་མེད་པའི་ཟ་འཕྲུག་གི་ཚོར་བ་འབྱུང་དུས་ཏེ།
དུས་ཚོད་ཀྱི་ཚེག་ལྡེབ་ཁོ་ནས་སྐྱེད་པའི།
སྐད་ཅིག་མའི་འགྱུ་བག་དེ་ཡིས།
རང་ཉིད་ད་གཟོད་སུ་གང་ཞིག་གི་ཁ་གཏད་དུ་ལུས་པའི།
མྱ་ངམ་ཐང་ཆེན་པོ་དེ་ཡིན་པ་ཤེས་སོང་།
——སྔོན་འགྲོའི་ཚོར་བ།
   ནམ་ཡང་མདུན་ཕྱོགས་སུ་བཞུར་བའི་གཙང་བོ་དེའི་སྒལ་བར་བལྟ་གིན། ཡང་སྙིང་དོན་ཅི་ཞིག་ལ་བྲེལ་བའི་བདག་གི་ལག་པ་དེ། སོས་དལ་དུ་སྡོད་ཐབས་མེད་པའི་ན་ཟུག་དེས། ངས་ཁྱོད་ཀྱི་བྲང་ཁ་བརྟོལ་བཞིན་ལྷོག་ལྷོག་ཏུ་ལྡིང་གིན་པའི་སྲོག་སྙིང་དེ་ལ་མི་རེག་ཐབས་མེད་བྱུང་སོང་།
   སྨུག་པ་འཐིབ་དྲགས་པས་རྐྱེན་གྱིས་སམ། སེམས་པ་རྒྱུག་དྲགས་པའི་དོན་དུ་སྣང་བ་གང་ཡིན་མི་ཤེས་ནའང་། མྱུར་ཚད་ཀྱིས་སྐྱེད་པའི་རྨོངས་པ་དེས། ངེད་གཉིས་ལ་ལམ་བུ་གཅིག་ཁོ་ན་ལས་བསྐྱུར་མི་འདུག་ལ། ཐ་ན་དམིགས་སའང་གཅིག་ཙམ་ལས་ལྷག་མི་འདུག
   ཁྱོད་ཀྱི་རྩྭ་ལྗང་གི་འཇམ་ཤ་ལས་རྙེད་པའི་ལོ་མའི་ལྷན་པ་དེ། མེ་ཏོག་གི་འགྲམ་ངོས་ལ་སྦྱོར་དུས་ནི། ཆུ་ཟིལ་གྱི་མཛེས་པ་དེ་ས་གཞིའི་ངོ་གདོང་ནས་འཕྲོག་པའི་ཧམ་སེམས་མངོན་ཡོད་ནའང་། ཕྱེ་ལེབ་ཀྱི་ཚོགས་ལ་དབང་བའི་འཆོར་སྒེག་གི་གར་སྟབས་དེས། ལྷ་མོ་གང་ཞིག་འཁྲུས་ལ་རོལ་བའི་སྒྱུ་འཕྲུལ་གྱི་རྨི་ལམ་དེ་སྒེའུ་ཁུང་ནས་བྲིད་དེ་ནམ་མཁའི་སྤྱོད་ཡུལ་དུ་བཞག་ཡོད་པས། ང་ཡང་ཁྱོད་ཀྱི་རྩིད་བཅུད་ལ་ཞེ་ཤོར་བའི་སྦྲང་མ་ཞིག་ཏུ་གྱུར་སོང་།
   བདེ་སྐྱིད་ནི་ཐ་སྙད་ཀྱི་ཆག་རོ་ཙམ་ཞིག་སྟེ། ལན་རེར་མེ་ཏོག་གི་གཞུང་རྟའི་ངོས་ནས་ཆག་འགྲོ་ལ། སྐབས་རེར་ཕྱེ་མ་ལེབ་ཤི་བོ་ཞིག་གི་གཤོག་པ་ཡ་གཅིག་གི་སྟེང་ནས་ཀྱང་ཡལ་འགྲོ་ཡི།
   ཕུན་སུམ་ཚོགས་པའི་དམིགས་ས་ཞིག་ལ་གཅར་བ་ནི། དོན་དུ་རང་ཉིད་བློས་གཏོང་བའི་གོ་རིམ་ཞིག་ལས་དམིགས་ས་དེ་མཐར་གཏུག་ན་ཁ་ཕྱོགས་གང་ལ་འཁོར་ཡོད་པའང་བདེན་པར་སྨྲར་མི་སྤོབས།
   ནམ་མཁས་མ་ཐུབ་པའི་ནམ་མཁའ་ཞིག་དང་། ས་གཞིས་མ་ཟིན་པའི་ས་གཞི་ཞིག་གི་བར་སྣང་ལ། བདག་གི་རྨི་ལམ་འཛུལ་བ་ནི། དོན་དུ་ཁྱོད་ཀྱི་དྲོད་ལམ་ལམ་གྱི་ལག་པ་དེར་འཇུ་བའི་ཕྱིར་དང་། སྨྲ་བསམ་བརྗོད་འདས་ཀྱི་ཤུགས་ལས་བཙུར་བའི་བདག་གི་སེམས་པ་འདི་རང་གིས་རང་ལ་བདག་པོ་རྒྱག་ཐབས་མ་བྱུང་བས་ཡིན།
   ཁེར་རྐྱང་གི་ན་ཟུག་ལས་བཞེངས་གྲུབ་ཐུབ་པའི་སྟ་རེ་དེ། ངས་ལོ་ངོ་གང་མང་ཞིག་ལ་ཤུབ་ཏུ་བསྡུ་དོན་ནི། ཁྱོད་ཀྱི་མཉེས་གཤིན་ལས་བཏོན་པའི་རྒྱུད་སྐུད་ཀྱི་འདར་ཡོམ་དེ། ཆད་འགྲོ་བར་དོགས་པས་ཡིན་ལ།
   བུ་ག་བཏོད་པའི་རང་ཉིད་ཀྱི་བྲང་གཞུང་ལ་མཛེར་མས་ལྷན་པ་མང་པོ་ཞིག་རྒྱག་དོན་ཡང་། དོན་དུ་ངའི་སེམས་ལ་བསྡུས་པའི་ཁྱོད་ཀྱི་མཛེས་པ་དེ་གཞན་ཞིག་གིས་རྐུས་ཨེ་འགྲོར་བསམ་པས་ཡིན།
   མིང་ཡིག་དེ། ང་ལ་མཚོན་ན་ཐུམ་བརྒྱབ་པའི་སྡུག་བསྔལ་ཞིག་སྟེ། སྐལ་བ་དུ་མའི་བར་དུའང་ཁ་ཕྱེ་མི་འདོད་ལ། དུས་ཚོད་སྐར་ཆ་རེ་ལའང་རྔམ་པས་ལེན་འདོད་ཀྱི་ལེགས་སྐྱེས་ཤིག་དང་ཀུན་ནས་མཚུངས།
   དེ་ནི་ཁྱོད་རང་སྟེ། གཞོན་ནུ་མའི་མཁུར་ཚོས་སུ་བཞུར་བའི་དམར་མདངས་ཀྱི་བྱི་རུ་དེ་ཁྱོད་རང་ཡིན།
   དེ་ནི་ཁྱོད་རང་སྟེ། གསེར་ཀོང་མང་པོའི་སྤྱི་གཙུག་ན་གཟི་བྱིན་གྱིས་འབར་བའི་ ལྷ་ཞལ་གྱི་བྱིན་རླབས་དེ་ཡང་ཁྱོད་རང་ཡིན།
   སྤྲིན་དཀར་གྱི་ལྟོ་བ་ནས། མུ་ཏིག་གི་ཆར་ལྡོག་ལྷུང་དུས་སུ། ངས་ནི་ང་རང་དཀར་གཙང་གི་རྡོ་བ་ཞིག་ལ་ངོས་འཛིན་ངེས་ཏེ། མཆུ་སྦྱོར་གྱི་བདེ་སྣང་ཁོ་ནས། བདག་གི་ལུས་པོ་རླན་གྱིས་བཟུང་མྱོང་བ་དེ་བཞིན། ངས་ཉི་མའི་དྲོད་སྣང་ལ་མ་ལྟོས་པའི་འོད་ཟེར་གཞན་ཞིག་གིས། ཁྱོད་ཀྱི་ཡོད་ཚད་ཁོག་ལ་འཇུག་འདོད།
   སྐྱེ་པའི་དུས་ཀྱི་ངུ་སྒྲའི་ངག་སྒོ་ཁྱོད་ཀྱིས་ཕྱེ་བ་དེ་བཞིན། འཆི་བའི་དུས་ཀྱི་དབུགས་ཀྱི་རྒྱུ་བའང་ཁྱོད་ལ་མ་བསྩལ་བས། ངས་ནི་སྐལ་བ་གྲངས་མེད་ཅིག་ལ་བསགས་པའི་ཚོགས་བསག་གི་དགེ་བ་དེས་སྐྱེད་པའི་བྱང་སེམས་ཀྱི་ས་བོན་དེ་ཡང་། མདོར་དེད་ན་ངེད་གཉིས་ཞེས་དབྱེ་ཐབས་ཤིག་མི་འདུག
   སོང་སོང་ན་ཐོན་ས་དེ་ཁྱོད་ཡིན་ངེས་ལ། བཙལ་བཙལ་ན་རྙེད་ངེས་པ་དེ་ཡང་ཁྱོད་རང་ཡིན་ངེས་པས། ཁྱོད་དང་མ་མཇལ་བས་སུ་ཞིག་གི་བློ་ཁ་བདེ་ལ་འབབ་ཐུབ་བམ། ཁྱོད་ཡོད་པས། བདག་གི་འཚོ་བ་ལ་བདེ་སྐྱིད་ཀྱི་རྩ་བ་ཚུགས་ཡོད་ཅིང་། ཡལ་ཟིན་པའི་རྨི་ལམ་དེ་ཡང་བདེན་པའི་གཏམ་རྒྱུད་ཅིག་ལ་ངོས་འཛིན་ཐུབ་ཀྱིན་ཡོད།
   མཚོ་ཆེན་གྱི་འདར་གཡོམ་དང་རླུང་གི་རྒྱུ་སྟངས། ཉི་མའི་བདེ་དྲོད་སོགས། ཁྱོད་ལ་མ་འབྲེལ་བ་གཅིག་ཀྱང་མེད་ལ། ཐ་ན་ངའི་མདུན་ཕྱོགས་སུ་འགྱེལ་བའི་ཁེར་རྐྱང་གི་གྲིབ་མ་དེའི་དྲན་གདུང་ལྕི་མོ་དེ་དང་། རྒྱབ་ཕྱོགས་སུ་བོར་བའི་ལྗིད་ཏིག་ཏིག་གི་རྐང་རྗེས་མཐའ་དག ཁྱོད་དང་མ་འབྲེལ་བའི་ཆོས་ཤིག་དབྱེ་ཐབས་མི་འདུག


རྩོམ་ཡིག་རྗེས་མ།
སྟོན་མཇུག་གི་མཚན་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1