● གསེར་མདོག་གི་དུས་ཚིགས།
ལྷིང་འཇགས་མཚན་མོར་ནང་མིའི་འདུག་རོགས་མེད།།
གཅིག་པུར་ཁང་ཆུང་ཙོག་པུར་ལྷོད་ཀྱིས་བསྡད།།
མུན་ནག་ཁྲོད་དུ་སྒོ་ཁྱིའི་ཟུག་སྐད་ལྷུང་།།
གློག་སྒྲོན་འོག་ཏུ་བསམ་གཞིགས་ཁྲི་ཕྲག་བརྩེག།
བདག་ནི་རྟག་ཏུ་གཅིག་པུར་གནས་པར་གྱུར།།
ཁྱོད་ཀྱིས་ཁ་པར་ཐེངས་མང་བཀའ་དྲིན་ཆེ།།
ལས་ཀྱི་དབང་གིས་ཚེ་འདིའི་གཏན་གྲོགས་སུ།།
སྐལ་བས་དབེན་ཡང་སེམས་པ་དྲོད་ཀྱིས་ཁེངས།།
ལྷན་འཛོམས་སྐབས་སུ་མཉམ་དུ་མི་ཡུལ་འགྲིམས།།
ལོ་ཟླའི་རྗེས་སུ་རང་རང་གནས་སུ་ལོག།།
གཞན་ཡུལ་རིང་དུ་བསྡད་པས་སྐྲ་ལོ་ལྷུང་།།
འདས་དོན་དྲན་ཚེ་སྐྱོ་གདུང་མུན་པ་ཟབ།།
སྐྱ་རེངས་ཉི་མས་བསུས་ཏེ་ལས་དོན་འབད།།
ཟླ་འོད་མཐོང་དུས་ཁྱོད་ཉིད་སླར་ཡང་དྲན།།
སྟོན་གྱི་རླུང་བུ་རྩྭ་སྐྱའི་ཁ་དོག་གིས།།
ལྷག་ཏུ་སྐྱོ་བའི་ཉམས་ཀྱི་གྲོགས་སུ་བསྡེབས།།
ཕུག་རོན་ཁྱུ་གཅིག་རྒྱང་རིང་བས་མཐར་འཕུར།།
གཅིག་པུར་གནས་པ་ང་རང་གང་དུ་བཞུད།།
ས་སྲོད་དུས་སུ་དགོང་ཇའི་བྲོ་བ་བཙལ།།
སྲང་ལམ་ཕྲ་མོར་གཅིག་པུའི་རྡོག་སྒྲ་ལྕི།།
གཞོན་ནུའི་དུས་ཀྱི་ལང་ཚོ་སྔར་ནས་ཡལ།།
བཞིན་རས་གཉེར་མས་ཁེངས་ཤིང་གཟི་མདངས་ཉམས།།
བརྩེ་དགའི་རྗེས་འཛིན་གཞོན་ནུ་ཕོ་མོ་ཟུང་།།
མཐོང་བས་ལོ་ཟླས་བསྐྱུར་བའི་སྣང་བ་ཤིག།།
སྟོན་རླུང་བསིལ་མོས་དགུན་གྱི་མགྲོན་པོ་བསུ།།
ཉི་མའི་འོད་ཟེར་ཆེ་ཡང་གྲིབ་མ་འཐུག།།
ཕྱི་ནང་མེད་པའི་ཁང་ཆུང་དོག་མོ་རུ།།
དགུན་ཟླ་རིང་མོ་ཞིག་གི་སྙན་ངག་འབྲི།།