དངོས་མིན་ཤུལ་བཞག་རིག་གནས་མ་ཨར་སྐོར་བྲོ།
འཆམ་མཐུན་གྱི་བཙན་ལྷ། བོད་ཆའང་ཧུའེ་རྒྱ་མི་རིགས་མཉམ་གནས་མཉམ་དར་བྱེད། ཐུན་མོང་མ་ཡིན་པའི་རྒྱལ་རོང་ཡུལ་སྲོལ་གོམས་གཤིས་དང་། མཱ་ཨེར་སྐོར་བྲོ་སོགས་དངོས་མིན་ཤུལ་བཞག་རིག་གནས། མི་སེམས་སྐུལ་བའི་འབའ་ལུང་རི་བོའི་གཞུང་ལམ་བསྐྲུན་པའི་སྙིང་སྟོབས། ད་དུང་བརྗོད་མི་ཚར་བའི་རིག་གནས་ཤུལ་ལྷག་མི་རིགས་ཁག་གི་བུ་ཕྲུག་གི་བརྩེ་སེམས་མཚོན་པའི་ལ་གླུའི་ཁྲོད་ཤུར་ཤུར་དུ་བཞུར་བཞིན་འདུག
དེའི་མངའ་ཁོངས་སུ་བོད་རིགས་དང་ཆའང་རིགས། ཧུའེ་རིགས། རྒྱ་རིགས་སོགས་མི་རིགས་ཁག་མཉམ་དུ་འདུས་སྡོད་བྱེད་བཞིན་ཞི་མཐུན་མཉམ་འདྲེས་སུ་ཆགས། དགོན་སྡེ་དང་ལྷ་ཁང་མཁར་རྫོང་སོགས་ངོ་མཚར་གནའ་ལུགས་ལྡན་ཞིང་སོ་ཕག་དང་རྫ་གཡམ་གྱི་འོད་མདངས་རབ་ཏུ་འཚེར། བོད་ཆའང་སྐོར་བྲོ་བློ་གཤོགས་བརྗིད་ཉམས་ཆེ་ཞིང་དམངས་གཞས་སེང་རྩེད་སྙན་འཇེབས་ཡིད་དབང་འཕྲོག དངོས་མིན་རིག་གནས་ཤུལ་བཞག་མཱ་ཨར་སྐོར་བྲོ་དང་མཚན་སྙན་གྲགས་རྒྱལ་ཕྱི་ནང་དུ་གཡོ་བའི་ཧན་ཉིའུ་གླུ་གར། ཧྥུའུ་པེན་ཏ་ཕིང་གི་གེ་སར་ཟློས་གར། ཆ་ལུགས་ཁྱད་ལྡན་གྱི་ཏེན་ཁྲུན་རལ་གྲིའི་བྲོ་གར། མིང་ཆིང་འཚེམ་དྲུབ་ཀྱི་ཅའེ་སུའུ་རྒྱན་གོས། གྲོང་གསེབ་ཀྱི་དགའ་ཚལ་ཝོ་རི་དཔོན་སྡེ་སོགས་ཐུན་མིན་གྱི་རྒྱལ་རོང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་བཙན་ལྷའི་རིག་གནས་ཡུལ་སྐོར་གྱི་མི་ཆོས་རྨང་གཞི་བརྟན་པོ་བཏིངས།
འཆོར་སྒེག་ལྡན་པའི་སྐོར་བྲོ་རུ་ཁག
མི་ཆོས་ཀྱི་བཙན་ལྷ། རྒྱལ་རོང་དམངས་སྲོལ་རིག་གནས་ཀྱི་འོད་མདངས་བཀྲ། གནས་དེ་ནས་འགྱུར་ཁུག་སྙན་པའི་རྒྱལ་རོང་དམངས་གླུ་དང་མཆོར་སྒེག་ལྡན་པའི་རྒྱལ་རོང་གི་རྒྱན་གོས། དེ་མིན་ཐུན་མིན་གྱི་དམངས་སྲོལ་གོམས་གཤིས་སོགས་རོལ་མྱོང་བྱེད་བཞིན། དེ་ཡང་ཡུལ་སྐོར་བའི་བསྟོད་བསྔགས་རེ་རེའི་ཁྲོད་དུ་བཙན་ལྷ་རྫོང་གི་ཐུན་མིན་གྱི་མཛེས་སྡུག་ཡང་མངོན་ཐུབ།བཤད་སྲོལ་ལྟར་ན་བོད་མི་རིགས་ནི་འགྲོ་ཤེས་པ་ནས་བྲོ་འཁྲབ་ཤེས་པ་དང་། བཤད་ཤེས་པ་ནས་གླུ་ལེན་ཤེས་ཞེས་པ་ལྟར། བཙན་ལྷའི་རྒྱལ་རོང་སྐོར་བྲོ་ནི་ཕོ་མོ་སྔ་རྗེས་ལྟར་ལག་སྒྲིལ་བྱས་ནས་སྒོར་དབྱིབས་སུ་གྲུབ་ཏེ། གླུ་སྐད་དང་འགྲོགས་པའི་གར་སྟབས་ཆུང་བ་ནས་ཆེ་བ་དང་དལ་བ་ནས་ཇེ་མགྱོགས་སུ་འགྲོ། སྐད་སྙན་ཞིང་གཟུགས་བཟང་བས་མིག་དབང་འཕྲོག དེ་ཡང་བཙན་ལྷ་ཡུལ་གྱི་རྒྱན་གོས་མཛེས་ལ་བཟའ་བཏུང་ཕུན་སུམ་ཚོགས་པ། གུས་སྲོལ་ཡག་ལ་འཛུགས་སྐྲུན་ཁྱད་ཆོས་ལྡན། ཕུན་སུམ་ཚོགས་པའི་རིག་གནས་དང་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་གིས་མི་རབས་ནས་མི་རབས་བར་དུ་རྒྱལ་རོང་མི་རིགས་གསོ་སྐྱོང་བྱས་ཡོད་ལ། རྒྱལ་རོང་གི་བུ་རབས་ཚ་རྒྱུད་རྣམས་ས་གཞི་དེར་འཚོ་གནས་དང་དར་སྤེལ་བྱེད་བཞིན་ཡོད། །