བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་རྣམ་བཤད་ ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །

དབང་ཆེན་གྱིས་བྲིས། བ་རོང་ཐང་དཀར་གྱིས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 05-27



        ཨོཾ་སྭ་སྟི། །སྲས་བཅས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གར། །མཚན་དཔེའི་གཟི་འབར་འགྲོ་ལ་རྗེས་ཆགས་གཟུགས། །ཕན་བདེའི་ལམ་བཟང་ཞིང་འདི་སྣང་བ་ཡིས། །སྤྲུལ་པས་འགྲོ་བ་འདྲེན་ལ་བདག་ཕྱག་འཚལ། །སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཞིང་། །མཆོག་གི་སྤྲུལ་སྐུ་གཅིག་གི་གདུལ་ཞིང་དུ། །ཡང་སྤྲུལ་བསམ་ཡས་བྱེ་བ་ཕྲག་བརྒྱ་ཡིས། །འདུལ་མཛད་ཐུབ་ཆེན་དཔའ་བོའི་བདག་སྐྱོངས་ཤིག །ཞེས་མཆོད་པ་བརྗོད་པ་སྔོན་དུ་བཏང་ནས་གང་བཤད་པར་བྱ་བ་ནི་བདག་ཅག་གི་འདྲེན་མཆོག་དམ་པ་སྟོན་མཆོག་ཐུབ་པའི་དབང་པོ་དེས་གདུལ་བྱའི་ཁམས་དབང་དང་མཐུན་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་ཤིང་། ཐུགས་རྗེ་དང་བྱིན་རླབས་དུས་ལས་མི་ཡོལ་བའི་མཛད་པ་དང་ཕྲིན་ལས་ཀྱི་སྒོ་མཐའ་ཡས་པ་སྟོན་ཏེ་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་དྲངས་ནས་གྲོལ་བར་མཛད་པ་མཚོན་བྱེད་དུ་ལམ་བདེན་དང་འབྲེལ་བའི་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཇི་ལྟར་བྱུང་བ་བརྗོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་སཾསྐྲ་ཏའི་སྐད་དུ་སྟཱུས་ཞེས་པའི་སྒྲ་ལས་དྲངས་ན་མཆོད་པའི་ཞིང་ངམ་རྟེན་གྱི་དོན་ལ་འཇུག་ཀྱང་དོན་ངོ་མར་རྟེན་མཆོག་དང་བང་སོ་གཉིས་ཀ་ལ་འཇུག་རུང་བས། རྟེན་མཆོག་ནི་མཆོག་གསུམ་བྱིན་རླབས་ཀྱི་རྫས་གཞུག་པའི་དད་རྟེན་བཟོ་སྐྲུན་བྱས་པའི་མཆོད་རྟེན་འདི་ཡིན་ལ། བང་སོ་ནི་རོ་འཇུག་སའི་པུར་སྒམ་གྱི་དོན་ཡིན། དེ་ཡང་དེང་སང་བླ་སྤྲུལ་མཁན་གསུམ་གཤེགས་པའི་སྐུ་གདུང་དང་རིང་སྲེལ་སོགས་གཞུག་ཏུ་འབུལ་བའི་མཆོད་རྟེན་གྱི་གཟུགས་སུ་བཞེངས་པ་འདི་གདུང་རྟེན་ཡིན་ལ། མཆོད་རྟེན་དང་གདུང་རྟེན་གྱི་ཁྱད་མ་ཕྱེད་པར་དེང་སང་མང་ཆེ་བ་གཅིག་ཏུ་རློམ་ནས་འཁྲུལ་གཞི་འདི་འབྱུང་ངེས་པས་གདུང་རྟེན་ནི་མཆོད་རྟེན་གྱི་བྱེ་བྲག་ཞིག་ཡིན་པ་ད་གཟོད་དཔྱད་དང་ཤེས་པར་འགྱུར་རོ། །

        སྤྱིར་བདག་ཅག་གི་སྟོན་པ་མ་བྱོན་གོང་ནས་རྒྱ་གར་དུ་གདགས་གཞི་གྱུར་པའི་མིང་འདི་ཡོད་པ་ཞིག་སྟེ། རྒྱལ་པོ་སོ་སོའི་བང་སོ་ལའང་སྟཱུས་ཞེས་འབོད་པ་ཡིན། གང་ལྟར་སྐབས་སུ་བབས་པའི་བཤད་བྱའི་མཆོད་རྟེན་གྱི་རྣམ་པ་ཇི་ལྟར་བྱུང་བ་ཐུགས་ལ་ངེས་པར་བྱ་བའི་ཕྱིར་འདིར་འོག་ནས་རིམ་བཞིན་གྱེན་དུ་བགྲངས་ནས་ས་འཛིན་དང་། ཐེམ་སྐས་དང་པོ། ཐེམ་སྐས་གཉིས་པ།(ཐེམ་སྐས་འདི་པདྨ་བྱེད་པ་ཤས་ཆེ།)ཐེམ་སྐས་གསུམ་པ། ཁྲི་གདོང་། གཟུང་སྣེ། པདྨ་དང་བ་གམ་བཅས་རིམ་པ་བརྒྱད་ནི་ཁྲི་ཡིན། དེའི་སྟེང་དུ་དགེ་བཅུ། དེ་ནས་བང་རིམ་དང་པོ་ནས་བཞི་པའི་བར་དང་། བུམ་རྟེན། བུམ་པ། བྲེ་རྟེན། བྲེ་བཅས་རྒྱུའི་མཆོད་རྟེན་དང་། གདུངས་འདེགས་དང་པདྨ་མོ་འཁོར་ནས་ཕོ་འཁོར་རེས་མོས་བཞིན་བཅུ་གསུམ་དང་། དེ་ནས་ཐུགས་རྗེ་མདོ་གཟུང་གདུགས་དང་། གདུགས་ཁེབས། ཟླ་བ། ཉི་མ་ནོར་བུའི་ཏོག་བཅས་ཡིན། དེ་དག་ཇི་ལྟར་བྱང་ཆུབ་ཕྱོགས་ཀྱི་ལམ་དང་འབྲེལ་བའི་མཚོན་དོན་རྣམས་མདོ་རྒྱུད་ཀྱི་གཞུང་ཁུངས་བཅོལ་ནས་དམ་པ་རྣམས་ཀྱི་ཞལ་ཤེས་ལྟར་གཞིར་བཟུང་སྟེ་ཅུང་ཟད་གོ་བདེའི་ཆེད་དུ་འབྲི་བ་ལ། གོང་གི་འོག་ནས་རིམ་པ་ལྟར་སྟེང་དུ་བགྲངས་བ་བཞིན་གདན་ནམ་གཞི་ཡིས་གཞན་ལ་གནོད་པ་གཞི་དང་བཅས་པ་སྤང་ཞིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་རྨང་དང་གཞི་དགེ་བ་བཅུ་མཚོན་པས་དགེ་བཅུའི་གདན་ཞེས་བརྗོད་པ་དང་། གཞི་དེར་པད་འདབ་ཀྱིས་རྒྱན་ཞིང་མཛེས་པར་བྱས་པའི་ལུགས་ཀྱང་མཐོང་ངོ་། །


        དེའི་སྟེང་ཐེམ་སྐས་གསུམ་དང་། ཁྲི་གདོང་། གཟུང་སྣེ། པདྨ་དང་བ་གམ་བཅས་རིམ་པ་བརྒྱད་ཀྱི་ཕྱོགས་བཞིར་སེངྒེ་གླང་ཆེན་རྨ་བྱ་མཁའ་ལྡིང་གི་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་བང་རིམ་བཞི་ལས་དང་པོའི་ལུས་མི་གཙང་བ་དང་། ཚོར་བ་སྡུག་བསྔལ་བ། སེམས་མི་རྟག་པ། ཆོས་བདག་མེད་པ་སོགས་དྲན་པ་ཉེ་བར་བཞག་པ་བཞི་མཚོན་པ་དང་། བང་རིམ་གཉིས་པས་མི་དགེ་བ་མ་སྐྱེས་པ་མི་སྐྱེས་པའི་ཡང་དག་སྤོང་བ། སྐྱེས་པ་སྤོང་བའི་ཡང་དག་སྤོང་བ། དགེ་བ་མ་སྐྱེས་པ་བསྐྱེད་པའི་ཡང་དག་སྤོང་བ། སྐྱེས་པ་སྤེལ་བའི་ཡང་དག་སྤོང་བ་དང་བཞི་སྟེ་དགེ་སྡིག་སྤང་བླང་ལ་ཡང་དག་པར་འབད་པའི་བརྩོན་འགྲུས་རྣམས་ཏེ་སྤོང་བྱེད་ཡང་དག་པས་སྤང་བྱ་ཡང་དག་པར་སྤོང་བར་བྱེད་པས་ཡང་དག་སྤོང་བ་བཞི་མཚོན་པའོ། །
        བང་རིམ་གསུམ་པས་གཙོ་བོར་དགེ་བ་ལ་དད་ཅིང་འདུན་པའི་སྟོབས་ལས་བྱུང་བ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། འབད་བརྩོན་ཤུགས་དྲག་བསྟེན་པའི་སྟོབས་ལས་བྱུང་བའི་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། སྔོན་སེམས་ལ་ཡུན་རིང་གོམས་སྟོབས་ལས་བྱུང་བའི་སེམས་པའི་རྫུ་འཕྲུལ་གྱི་རྐང་པ་དང་། གདམས་པའི་དོན་ལ་དཔྱད་སྟོབས་ལས་བྱུང་བའི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཏེ། དེ་དག་གིས་ཞིང་ཁམས་རྣམས་སུ་མྱུར་དུ་བགྲོད་ནུས་པས་ན་རྫུ་འཕྲུལ་གྱི་རྐང་པ་བཞི་མཚོན་པ་ཡིན། བང་རིམ་བཞི་པས་དགེ་བ་ལ་ཡིད་ཆེས་པའི་དད་པའི་དབང་པོ། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་ཀྱི་དབང་པོ། དགེ་བའི་དམིགས་པ་མི་བརྗེད་པའི་དྲན་པའི་དབང་པོ། དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གྱི་དབང་པོ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་དབང་པོ་བཅས་ལྔ་སྟེ། དེ་ཡང་དེ་ལྔས་ཉེས་སྐྱོན་རྣམ་པར་བྱང་བ་ཐར་པ་ཐོབ་པ་ལ་དབང་བྱེད་པས་རྣམ་པར་བྱང་པའི་དབང་པོ་ལྔ་མཚོན་ལ། དེའི་སྟེང་བུམ་གདན་གྱིས་དད་པའི་སྟོབས་དང་བརྩོན་འགྲུས་ཀྱི་སྟོབས། དྲན་པའི་སྟོབས། ཏིང་ངེ་འཛིན་གྱི་སྟོབས། ཤེས་རབ་ཀྱི་སྟོབས་ཏེ་སྐབས་འདིའི་དད་སོགས་ལྔ་པོ་དེ་དག་མ་དད་པ་དང་ལེ་ལོ། བརྗེད་ངས་དང་རྣམ་གཡེང་། ཤེས་འཆལ་སོགས་རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་མི་ནུས་པའི་སྟོབས་སུ་གྱུར་པས་སྟོབས་ལྔ་མཚོན་པ་ཡིན། བུམ་པས་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ཆོས་རབ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ཤིན་སྦྱངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བྱང་ཆུབ་ཡན་ལག་བདུན་མཚོན་པ་ཡིན་ཞིང་དེ་དག་བྱང་ཆུབ་འཐོབ་བྱེད་ཀྱི་ཡན་ལག་གམ་རྒྱུ་ཡིན་པས་དེ་ལྟར་བརྗོད་པ་དང་། དེ་རྣམས་ལས་དགའ་བ་ཞེས་པ་ནི་ཟག་མེད་ཀྱི་བདེ་བས་སེམས་དགའ་བའམ་ཡིད་བདེ་ཞིང་རངས་པ་དང་། ཤིན་སྦྱངས་ནི་ལུས་སེམས་ལས་སུ་རུང་བ་དང་། བཏང་སྙོམས་ནི་སེམས་དགེ་བའི་དམིགས་པ་ལ་རང་དགར་འཇོག་ཐུབ་པ་རྣམས་ཡིན། མཆོད་རྟེན་གྱི་བྲེ་ཡིས་ཡང་དག་པ་ལྟ་བ་དང་ཡང་དག་པའི་རྟོག་པ། ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ་དང་ཡང་དག་པའི་ཏིང་ངེ་འཛིན་ཏེ་འདི་དག་ནི་འཕགས་པའི་ལམ་གྱི་ཆ་ཤས་སམ་ཡན་ལག་ཡིན་པས་འཕགས་ལམ་ཡན་ལག་བརྒྱད་མཚོན་པས་དེ་དག་གི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་ལམ་མཚོན་བྱ་དང་མཚོན་བྱེད་ཀྱི་དོན་མ་ནོར་བ་ཤེས་པར་བྱའོ། །
        ཡང་བྲེ་ལོགས་ཀྱིས་ཆོས་ཐམས་ཅད་གསལ་བར་འཆར་བ། སེམས་ཅན་ཀུན་ལ་སེམས་མཉམ་པར་འཇུག་པ། ཆོས་རྣམས་མ་འདྲེས་པར་སོ་སོར་རྟོགས་པ། འགྲོ་བའི་དོན་སྣ་ཚོགས་མཛད་པ་སྟེ་རིམ་པ་བཞིན་མེ་ལོང་ཡེ་ཤེས་དང་། མཉམ་ཉིད་སོར་རྟོགས། བྱ་གྲུབ། ཆོས་དབྱིངས་ཡེ་ཤེས་བཅས་ལྔ་ལས་དང་པོ་བཞིས་མཚོན་པ་དང་། ཆོས་ཀྱི་དབྱིངས་ལ་སླར་མི་ལྡོག་པར་མཉམ་པར་བཞག་པའི་ཆ་ནས་གོང་གི་ཡེ་ཤེས་བཞིའམ་ལྔ་དེ་དག་མཚོན་དོན་ཡིན་པ་བཞེད་ལ། ངོས་ལ་སྤྱན་བྲིས་པའི་སྲོལ་དེའང་ཡེ་ཤེས་ཀྱི་སྤྱན་མཚོན་བྱེད་ཡིན་པས་འདི་ཡན་གྱི་གོང་དུ་བཤད་པ་དེ་དག་གི་ལམ་གྱི་ཆོས་མཚོན་པ་བྱས་པ་ཡིན་ལ། བྲེའི་སྟེང་པདྨས་འཁོར་བའི་ཉེས་སྐྱོན་མ་གོས་པར་མཚོན་པ་དང་། དེའི་སྟེང་ཆོས་འཁོར་བཅུ་གསུམ་གྱིས་སྟོབས་བཅུ་དང་ཐུགས་དྲན་བ་ཉེར་གཞག་རྣམ་པ་གསུམ་བཅས་ཆོས་བཅུ་གསུམ་མཚོན་ལ། དེ་ལ་སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་དང་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། ཀུན་ནས་ཉོན་མོངས་དང་རྣམ་བྱང་མཁྱེན་པའི་སྟོབས། སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་བཅུའོ། །
འདིའི་དང་པོ་ནི་རྒྱུ་འབྲས་ཀྱི་རྣམ་དབྱེ་དང་། བདུན་པ་ནི་སྡུག་ཀུན་ཕྱོགས་དང་འགོག་ལམ་ཕྱོགས་ཀྱི་ཆོས་རྣམས་དང་། བཅུ་པ་ཉོན་མོངས་པ་ཅི་རིགས་ཟད་ཅིང་སྤངས་པར་མཁྱེན་པ་བཅས་ལ་ཟེར་ཞིང་། གཞན་དག་ནི་ཚིག་ཟིན་ལྟར་གོ་སླ་ལ། དེ་དག་གིས་མཁྱེན་བྱ་དེ་དག་ཐམས་ཅད་ཐོགས་མེད་དུ་མཁྱེན་པས་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་དྲན་པ་ཉེ་བར་བཞག་པ་གསུམ་སྟེ།གུས་པས་ཆོས་ཉན་པ་ལའང་ཆགས་པ་མེད་པར་ཐུགས་དྲན་པ་ཉེ་བར་བཞག་པ་དང་།མ་གུས་པས་མི་ཉན་པ་ལའང་སྡང་བ་མེད་པར་ཐུགས་དྲན་པ་ཉེ་བར་བཞག་པ་དང་།ཉན་པ་དང་མི་ཉན་པ་གཉིས་ཀ་མེད་པར་ཐུགས་དྲན་པ་ཉེ་བར་བཞག་པ་སྟེ་བཅུ་གསུམ་གྱི་དོན་མཚོན་པ་ཡིན་ནོ། །
        གཞན་ཡང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པ་བྱེད་པར་མཚོན་བྱེད་ཀྱི་གདུགས་དང་། འཇིག་རྟེན་གསུམ་གྱི་སེམས་ཅན་རྣམས་ཀྱི་བདག་ཏུ་འཛིན་པ་བྱེད་པའི་གཞི་མ་རིག་པའི་མུན་པ་དྲུང་ནས་འབྱིན་པར་མཚོན་པ་བྱེད་པའི་ཉི་མ་དང་ཟླ་བས་རྒྱན་པ། ས་གསུམ་ན་འགྲན་ཟླ་དང་བྲལ་བའི་མཚོན་བྱེད་དུ་ནོར་བུ་རིན་པོ་ཆེའི་ཏོག་གི་མཛེས་པར་བྱས་པས་འདི་ཡན་གྱི་འབྲས་བུའི་ཆོས་མཚོན་པ་ཡིན་ནོ། །
བྱེ་བྲག་ཏུ་བདེ་བར་གཤེགས་པ་བརྒྱད་ཀྱི་མཆོད་རྟེན་ཇི་ལྟར་བྱུང་བ་སོ་སོར་ཕྱེ་སྟེ་བཤད་པ།
དང་པོ་ལྷ་བབས་མཆོད་རྟེན།

天降塔



        ལྷ་བབས་མཆོད་རྟེན་ནི་སྟོན་པ་ལྷའི་གནས་སུ་གཤེགས་ཏེ་ཡུམ་སྒྱུ་འཕྲུལ་ལྷ་མཛེས་སོགས་ལྷ་རྣམས་ལ་ཆོས་སྟོན་པའི་ཚེ། མི་ཡུལ་གྱི་འཁོར་རྣམ་པ་བཞི་འདུས་ཏེ་མོོ་གལ་གྱི་བུ་གདན་འདྲེན་དུ་འོངས་ནས་སྟོན་པ་གསལ་ལྡན་དུ་ལྷ་ལས་བབས་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་ཨིནྡྲ་ཝརྨས་བཞེངས་པའི་མཆོད་རྟེན་ལ་ལྷ་བབས་མཆོད་རྟེན་ཟེར། །ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱིས། །ལྷུན་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །
གཉིས་པ་པདྨ་སྤུངས་པའི་མཆོད་རྟེན།

莲聚塔



        པདྨ་སྤུངས་པའི་མཆོད་རྟེན་ནི་སྟོན་པ་དྲང་སྲོང་སེར་སྐྱའི་ཡུལ་དུ་སྐུ་བལྟམས་མ་ཐག་ཕྱོགས་བཞིར་གོམ་པ་བདུན་རེ་སྤོས་པ་ན་མེ་ཏོག་པད་མ་བདུན་རེ་སྐྱེས་པ་དེའི་རྗེས་དྲན་གྱི་ཆེད་དུ་ཡབ་རྒྱལ་པོ་ཟས་གཙང་གིས་བཞེངས་པའི་མཆོད་རྟེན་ལ་པདྨ་སྤུངས་པའི་མཆོད་རྟེན་ཟེར། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ན་གོམ་པ་བདུན་བོར་ཏེ། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ། །
གསུམ་པ་བྱང་ཆུབ་མཆོད་རྟེན།

菩提塔



        བྱང་ཆུབ་མཆོད་རྟེན་ནི་སྟོན་པ་ཡུལ་མ་གྷ་དྷ་རུ་བྱང་ཆུབ་སྙིང་པོར་གཤེགས་ནས་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་ཤུན་ཙ་ཏས་བཞེངས་པའི་མཆོད་རྟེན་ལ་བྱང་ཆུང་མཆོད་རྟེན་ཟེར། ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་གྷ་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ཏེ། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །
བཞི་པ་བཀྲ་ཤིས་སྒོ་མང་མཆོད་རྟེན།

吉祥门塔



        བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་སྟོན་པས་ཡུལ་ཝཱ་རཱ་ཎ་སཱར་རུ་འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བར་དེའི་རྗེས་དྲན་གྱི་ཆེད་དུ་ཚངས་བྱིན་གྱིས་བཞེངས་པ་ལ་སྒོ་མང་མཆོད་རྟེན་ནམ་ཆོས་འཁོར་མཆོད་རྟེན་ཟེར། ཐུགས་རྗེའི་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝཱ་རཱ་ཎ་སཱ་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །
ལྔ་པ་ཆོ་འཕྲུལ་མཆོད་རྟེན།

神变塔



        ཆོ་འཕྲུལ་མཆོད་རྟེན་ནི་སྟོན་པས་མཉན་ཡོད་ན་བཞུགས་སྐབས་མུ་སྟེགས་སྟོན་པ་དྲུག་རྫུ་འཕྲུལ་གྱིས་ཕམ་པར་བྱས་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་གསལ་རྒྱལ་གྱིས་བཞེངས་པའི་མཆོད་རྟེན་ལ་ཆོ་འཕྲུལ་མཆོད་རྟེན་ཟེར། སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། ལྷ་མིའི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །
དྲུག་པ་དབྱེན་ཟླུམ་མཆོད་རྟེན།

和解塔



        དབྱེན་ཟླུམ་མཆོད་རྟེན་ནི་སྟོན་པས་འོད་མའི་ཚལ་དུ་ལྷས་བྱིན་གྱིས་རང་ལ་འཁོར་གྱི་གནང་བར་ཞུས་པ་ལ་སངས་རྒྱས་མ་འཐད་པས། ཁོ་ཁྲོས་ཏེ་རང་གིས་འཁོར་བསྡུས་ཞིང་རང་ཉིད་སྟོན་པ་ལྟར་བཞུགས་པ་ལ། དགེ་འདུན་བྱེ་བ་བརླག་པར་བརྩམས་པ་ན། སངས་རྒྱས་ཀྱིས་ཐབས་མཁས་ཀྱིས་དབྱེན་ཟླུམ་པར་མཛད་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་གྱད་བུ་བཞིས་བཞེངས་པའི་མཆོད་རྟེན་ལ་དབྱེན་ཟླུམ་མཆོད་རྟེན་ཟེར། །གཞན་གྱིས་རྒོལ་བ་ངེས་པར་ཚར་གཅོད་ཕྱིར། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་རྒྱལ་མཛད་ལ་ཕྱག་འཚལ་ལོ། །
བདུན་པ་རྣམ་རྒྱལ་མཆོད་རྟེན།

殊胜塔



        རྣམ་རྒྱལ་མཆོད་རྟེན་ནི་སྟོན་པ་ཡངས་པ་ཅན་དུ་བདུད་ལས་རྣམ་པར་རྒྱལ་ནས་སྐུ་ཚེ་བྱིན་གྱིས་བརླབས་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་ལི་ཙ་བྱི་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་ལ་རྣམ་རྒྱལ་མཆོད་རྟེན་ཟེར། གཞོན་ནུ་སྟོབས་ལྡན་མི་ཡི་སེངྒེ་དེས། །ཨངྒ་མ་གྷ་དྷ་ནི་སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་གཅོད་དེ། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ།
བརྒྱད་པ་མྱང་འདས་མཆོད་རྟེན།

涅槃塔



        མྱང་འདས་མཆོད་རྟེན་ནི་སྟོན་པ་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་རྒྱལ་པོ་མ་སྐྱེས་དགྲས་བཞེངས་པའི་མཆོད་རྟེན་ལ་མྱང་འདས་མཆོད་རྟེན་ཟེར། ལེ་ལོ་ཅན་རྣམས་མྱུར་དུ་སྐུལ་བའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། ཡང་དག་ཉིད་དུ་འཇིགས་པ་མེད་ཕྱིར་དང་། །མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། །
དེ་ལྟར་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་རྣམ་བཤད་ཐར་པའི་ཐེམ་སྐས་ཞེས་པ་འདི་དབང་ཆེན་གྱིས་རྒྱ་ནག་ཁྲེན་ཏུའུ་གྲོང་གི་གཞུང་ལས་ཆེད་གཉེར་གྱི་ལས་ཀ་དང་བསྟུན་ནས་བྲིས་པས་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1