ཉིན་འགའི་སྔོན་ཕ་ཡུལ་ལ་ཁ་པར་གཏོང་དུས། ཕ་ཡུལ་དུ་ད་དུང་ཁ་བ་ཆེན་པོ་འབབ་བཞིན་པ་དང་ད་ལོའི་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་ཡང་ལོ་སྔོན་མ་དང་བསྡུར་ན་ཉིན་ཤས་སུ་ཕྱིར་འགྱང་བྱས་འདུག་ཟེར། དངོས་གནས་ཡིན་ཏེ། སྤོས་ལྡན་གྲོང་ལ་མཚོན་ན་ཡང་ད་ལོའི་དཔྱིད་ཀ་དེ་ནམ་རྒྱུན་དང་མི་འདྲ་བར་རེ་འཁྱག་རེ་དྲོ་རུ་གྱུར་ཡོད་ལ། ང་ལ་ཡང་གནམ་གཤིས་དེའི་དྲོ་འཁྱག་གིས་ཆམ་ནད་ཐེངས་འགར་ཕོག དེ་བས་ད་ལོའི་དཔྱིད་ཀར་ནམ་རྒྱུན་ལྟ་བུའི་རེ་བ་དང་སྟོབས་ཤུགས་ཟད་ནས་དཔྱིད་ཀའི་གནམ་གཤིས་འདིར་འགྱུར་ལྡོག་ཅི་འབྱུང་ལ་སེམས་ཁུར་བྱས། སྐྱེས་འགྲོ་ཀུན་ལ་མཚོན་ན་ལོ་གཅིག་གི་མགོ་མ་དཔྱིད་དང་ཉིན་གཅིག་གི་མགོ་མ་ནངས་ཞེས་པ་བཞིན་རེ་བ་དང་གསོན་ཤུགས་རྒྱས། ལྷག་པར་དུ་ཕ་ཡུལ་ལུང་པའི་གྲང་རེག་གི་འཇིག་རྟེན་དུ་འཚོ་བའི་ཡུལ་མི་དེ་དག་གི་དཔྱིད་ཀ་ཐོན་པར་སྙེག་པའི་སེམས་པ་དེ་ཀུན་ལས་ལྷག་པར་འདོད། ཁ་པར་གྱི་ཁྲོད་ནས་ཁོ་ཚོས་ད་ལོའི་དཔྱིད་ཀྱི་རིང་ཐུང་ལ་སེམས་ཁུར་བྱེད་བཞིན་འདུག་ཏེ། རྒྱུ་རྐྱེན་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ལ་འཁེལ་ཡོད་པ་འདྲ།
ནང་ལོགས་ཀྱི་གྲོང་ཁྱེར་དག་ཏུ་དཔྱིད་ཀའི་དུས་སུ་མེ་ཏོག་ལ་ལྟ་བ་དང་ལྗང་མདོག་གི་རང་བྱུང་ཁམས་ཆེན་མོར་གཟིགས་མོལ་དུ་ཕེབས་པའི་གོམས་གཤིས་ཆགས་ཡོད་ལ། ང་རང་ཡང་དེ་སྔོན་གྱི་ཆམ་ནད་ལས་གྲོལ་ཏེ་ཕྱི་རོལ་ཏུ་འཁྱམ་འཁྱམ་འགྲོ་རྒྱུའི་བསམ་ཚུལ་ཆགས་པ་དང་། གཟའ་སྤེན་པ་ཞིག་གི་དུས་ཚོད་བེད་སྤྱད་དེ་འགྲོ་གྲབས་བྱས། ང་རང་དམིགས་ཡུལ་མེད་པར་ས་ཆ་གང་ཞིག་ཏུ་ཧོར་རྒྱུགས་དང་རྣམ་གཡེང་བྱེད་རྒྱུར་སྤྲོ་བ་མེད་ལ། དེ་བས་ལྗང་མདོག་འཇིག་རྟེན་དང་མེ་ཏོག་མྱོང་རོལ་བྱེད་པ་དང་དེ་ལས་ལྷག་པའི་ཐོབ་འབྲས་ཞིག་ལོན་ཨེ་ཐུབ་བསམ་ནས་དྲ་ཐོག་ཏུ་ཡར་ཉུལ་མར་ཉུལ་བྱས། དེ་དུས་ཏུའུ་ཅང་ཡན་གྱི་ཆིན་ཁྲིན་རི་བོ་བློ་ངོར་འཆར་ཞིང་ལྷག་པར་དུ་རི་ཁྲོད་ན་དགོན་པ་ཆུང་ཆུང་ཞིག་ཡོད་རབས་ཀྱང་སྔ་ས་ནས་གོ་མྱོང་། དེ་བས་ཐེངས་འདིའི་འགྲུལ་བཞུད་དམ་འཁྱམ་འཁྱམ་དུ་འགྲོ་ས་དེ་ཆིན་ཁྲིན་རི་བོའི་ཉེ་འཁོར་ཡིན་པ་ཐག་གིས་བཅད།
ནངས་སྔ་མོར་འབྲས་ཁུ་དཀར་ཡོལ་གང་དང་བྱ་སྒོང་གཅིག་ནངས་ཇའི་ཚུལ་དུ་བྱས་དེ་ལམ་ལ་ཆས། དེ་རིང་གི་གནམ་གཤིས་འདི་ངའི་སེམས་ཁམས་དང་འདྲ་བར་སྔོ་སང་ངེར་འདུག ང་རང་སྔ་མོ་ནས་སྐར་ཆད་བགོས་ཟིན་པའི་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་ཏུའུ་ཅང་ཡན་གྱི་ཕྱོགས་སུ་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་གང་མགྱོགས་ཀྱིས་རྒྱུགས། སྤོས་ལྡན་གྲོང་ནས་ཆུ་ཚོད་གཅིག་ལྷག་ལ་བཞུད་རྗེས་ཏུའུ་ཅང་ཡན་གྱི་ཉེ་འཁོར་དུ་ཐོན། རླངས་འཁོར་གྱི་སྒེའུ་ཁུང་ནས་མགོ་བོ་བཏེགས་པ་ན་སྣ་ལམ་ནས་རང་བྱུང་ཁམས་ཀྱི་དྲི་ཞིམ་ངང་གིས་འཁོར་ཞིང་བསིལ་འཇམ་གྱི་ཚོར་བ་ཞིག་སེམས་ཀྱི་ཞིང་ལ་རྒྱུ། ང་རང་ཏུའུ་ཅང་ཡན་གྱི་མཛེས་ལྗོངས་ཁུལ་གྱི་ཉེ་འཁོར་ནས་བབས་སྟེ་འཁྱམ་འཁྱམ་བྱེད་འགོ་བརྩམས། བརྗིད་ཆགས་བརྟན་བརླིང་གི་ཆུ་རགས་དེ་མཐོང་བ་ན་རླབས་ཆེ་བའི་ཆིན་རྒྱལ་རབས་ཡིད་ལ་དྲན་ཡོང་ལ། གནའ་བོའི་ཆུ་ཡིས་འཇིག་པ་གྲོལ་བར་བརྩོན་པའི་ལི་པིན་ཕ་བུ་གཉིས་ཡིད་ལ་ཤར་བྱུང་། འགའ་རེས་བཤད་ན་གལ་ཏེ་ཏུའུ་ཅང་ཡན་གྱི་ཆུ་རགས་འདི་མེད་ན་སྤོས་ལྡན་གྲོང་གི་ད་ལྟའི་ལྷིང་འཇགས་ཡོད་མི་སྲིད་ལ་རྫོགས་ལྡན་གྱི་རྣམ་པ་འདི་དེ་བས་ཀྱང་ཡོད་མི་སྲིད་ཟེར། ལོ་ངོ་སྟོང་ཕྲག་གི་རིང་ལ་འགྲོ་དྲུག་བར་ཆད་ལས་སྐྱོབ་པའི་ཆུ་རགས་འདི་ཕོ་རྩལ་སྣ་དགུ་འཛོམས་པའི་དམག་དཔོན་ཞིག་དང་འདྲ་བར་སྤོས་ལྡན་གྲོང་སྲུང་ཞིང་སྐྱབས་ནས་ཡོད། སྔོན་ཆད་རྒྱའི་སྙན་ངག་པ་དང་རྩོམ་པ་པོ་ཡུས་ཆིའུ་ཡའེ་ཡི་ཡུལ་སྐོར་ཟིན་ཐོའི་ཁྲོད་དུ་ཆུ་གཟིགས་ཏུའུ་ཅང་ཆུ་རགས་དང་། ཏའོ་ལུགས་ཆིན་ཁྲིན་རི་བོར་སློབ། སྒོམ་མཚམས་ཐུགས་འོད་དགོན་དུ་སྒྲུབ་ཅེས་པ་བྲིས་ཡོད་ལ། ད་ལྟ་ཏུའུ་ཅང་ཡན་ས་ཁུལ་གྱི་ཡུལ་སྐོར་དྲིལ་བསྒྲགས་ཁ་ཡིག་ཏུ་གྱུར་འདུག ཉིན་གུང་གི་དུས་ངས་རང་ཉིད་ཀྱི་ཐོག་མའི་སྐུལ་སློང་དེ་དྲན་ནས་ཆིན་ཁྲིན་རི་བོའི་ངོགས་ཀྱི་ནང་ཆོས་དགོན་པ་དེ་འཚོལ་དུ་ཆས། ཉིན་གུང་ཚད་པས་ལྡེ་ཞིང་ཚ་བ་མ་བཟོད་པར་རྔུལ་ཆུ་ཡང་ཁྲོམ་ཁྲོམ་དུ་བཞུར། ཆིན་ཁྲིན་རི་བོའི་ཉེ་འདབས་ནས་ནགས་ཁྲོད་བརྒྱུད་དེ་འགྲོ་དུས། སྡོང་ལོའི་ཁྲོད་ནས་བསིལ་འཇམ་རླུང་བུ་ཤིག་ཤིག་བྱེད་ཅིང་། སྨྲ་མི་ཤེས་པའི་ཚོར་བ་སྐྱིད་པོ་ཞིག་གིས་དེ་སྔའི་དཀའ་ངལ་དག་ཀྱང་སེམས་ནས་བོར་སོང་།
1982ལོར་ཐུགས་འོད་དགོན་གྱི་ཆོས་སྒོ་ཡང་བསྐྱར་ཕྱེས་ཤིང་། 1988ལོའི་ཟླ་6པའི་ཚེས་29ཉིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུའུ་ཁྲུའུ་ཐུགས་འོད་དགོན་དུ་ཐེངས་དང་པོར་ཞབས་འཇགས་གནང་ཞིང་། ཁོང་གིས་ཐུགས་འོད་དགོན་བཙུན་མའི་ཆོས་ར་ཞེས་ཡི་གེ་བྲིས་ཤིང་། ལོ་རབས་དགུ་བཅུའི་ནང་སྔ་གཞུག་ཏུ་ཚོགས་ཆེན་འདུ་ཁང་དང་དགེ་བསྙེན་འདུ་ཁང་སོགས་བཞེངས་བསྐྲུན་བྱས།
དེ་ཡང་དགོན་པའི་སྐོར་ལ་ངག་རྒྱུན་གྱི་གཏམ་རྒྱུད་གང་མང་མཆིས་ལ། ལྷག་པར་དུ་དགོན་པའི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་འདུག སྔོན་དགོན་པ་བཙུགས་ནས་ཡུན་རིང་མ་འགོར་བའི་དུས་སུ་སི་ཁྲོན་གྱི་ས་ཆ་འདིར་ས་ཁུལ་མི་དམངས་ཀྱིས་བཙུགས་པའི་ཏ་ཞི་རྒྱལ་ཁབ་ཡོད་ལ། ཆིང་རྒྱལ་རབས་ཀྱི་སྐབས་སུ་ཆིང་དམག་གིས་ཏ་ཞི་རྒྱལ་ཁབ་ནུབ་ཅིང་། ཏ་ཞི་རྒྱལ་ཁབ་གྱི་གསེར་དངུལ་རྒྱུ་ནོར་གར་སོང་ཆ་མེད་དུ་གྱུར། དམངས་ཁྲོད་ཁ་དཔེར་རྡོ་ཟོག་རྡོ་རྔའི་ཁ་གཏད་ན་དངུལ་སྲང་ཁྲི་དང་ཁྲི་བཞིན་སྤུངས་ཞེས་པའི་བཤད་སྲོལ་ཡོད་ལ། མང་ཆེ་བས་འདི་ནི་ཏ་ཞི་རྒྱལ་ཁབ་ཀྱི་རྒྱུ་ནོར་འཚོལ་བའི་ས་རྟགས་ཡིན་པར་བཤད། གནའ་རྫས་སློག་པའི་མཐོ་རླབས་ཤིག་ཀྱང་སྤོས་ལྡན་གྲོང་གི་ཉེ་འཁོར་ནས་འཕྱུར། དེ་ཡང་སྔོན་ཆད་དགོན་པ་འདི་མེད་པོ་མེད་སྡུག་ཅིག་ཡིན་ལ། གློ་བུར་དུ་དགོན་པ་བཞེངས་སྐྲུན་རྒྱ་ཆེར་བྱས་ཤིང་། ཉུང་བས་དཔག་ན་ཡང་གསེར་སྲང་ཁྲི་གཉིས་ལ་བརྒལ་ཞིང་། དེ་བས་ཀྱང་དགོན་པ་འཛུགས་སྐྲུན་སྐབས་སུ་ཞལ་འདེབས་དང་སྦྱིན་བདག་གཅིག་ཀྱང་བུད་མ་མྱོང་ཞེས་དགོན་པའི་ལོ་རྒྱུས་ཁྲོད་བཀོད་འདུག དེ་བས་མི་མང་ཆེ་བས་དགོན་པ་འདི་སྔོན་ཆད་ཏ་ཞི་རྒྱལ་ཁབ་ཀྱི་གསེར་དངུལ་དང་འབྲེལ་བ་ཡོད་པའི་བཤད་རྒྱུན་འདུག
ད་ལྟའི་དུས་འདིར་དགོན་པའི་ཁྲོད་དུ་མཆོད་འབུལ་བྱེད་མཁན་ཤིན་ཏུ་མང་ལ། ལྷག་པར་དུ་ནང་ལོགས་དང་ཞང་ཀང་གི་མི་སྣ་གྲགས་ཅན་གང་མང་ཞིག་གནས་འདིར་ཕེབས་ནས་མཆོད་པ་དང་སྦྱིན་པ་བྱེད་ཅིང་། དགོན་པའི་མཚན་སྙན་གྲགས་ཀྱང་སྔོན་གྱི་དར་བའི་དུས་དང་འདྲ་བར་ཁྲོན་ནུབ་ཀྱི་དབེན་གནས་གྲགས་ཅན་བཞིའི་ནང་དུ་བརྩི་བཞིན་ཡོད། གནས་འདིར་དགེ་བསྙེན་གྱི་སྒོམ་སྒྲུབ་བྱེད་པའི་ཆོས་ར་བཙུགས་ཡོད་ལ། ནམ་རྒྱུན་དད་ལྡན་འགའ་རེ་དུས་ངེས་གཏན་མེད་པར་གནས་འདིར་བྱོན་ནས་སྒོམ་སྒྲུབ་བྱེད་བཞིན་ཡོད། ལོ་ངོ་འགའི་ཡར་སྔོན་དུ་དགོན་པའི་ཚོང་ལས་རྒྱ་བསྐྱེད་ནས་ཐུགས་འོད་དགོན་གྱི་སྒོམ་ཇ་གསར་གཏོད་བྱས་ཤིང་། སྒོམ་དང་ཇའི་རིག་གནས་དར་ཞིང་རྒྱས་པར་བཏང་། དེ་བས་གནས་འདིར་ཕེབས་མཁན་དེ་ལས་མང་། ད་ལྟ་དགོན་པའི་འཆར་གཞི་ལྟར་ནས་དགོན་པའི་ཉེ་འཁོར་ནས་སྒོམ་སྒྲུབ་ཚོང་ར་ཞིག་ཕྱེ་རྒྱུའི་འཆར་འགོད་འཐེན་བཞིན་ཡོད་ལ། ཐོག་མའི་དམིགས་ཡུལ་ནི་ཚོང་ར་ནས་ཀྱང་སྒོམ་སྒྲུབ་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཕྱིར་གཏོང་བྱས་ནས་ཀུན་ལ་ཕན་པར་གྱུར་བའི་རེ་བ་ཡོད་ཅེས་བཤད་བཞིན་འདུག