རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་བཅའ་ཁྲིམས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 05-27
དོན་ཚན་དགུ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུར་མཐོང་ཆེན་བྱ་དགོས་ཤིང་། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་སྤེལ་གཉིས་དང་རིག་གནས་ཤུལ་དངོས་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་རིག་གནས་ཤུལ་དངོས་ཉེན་མེད་བདེ་སྲུང་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས། གཞི་རྩའི་འཛུགས་སྐྲུན་དང་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཏོང་སྐབས་ངེས་པར་དུ་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་ཀའི་སྐོར་གྱི་བྱེད་ཕྱོགས་ལ་བརྩི་སྲུང་ཞུ་དགོས་ཤིང་། དེའི་བྱེད་སྒོ་ཡིས་རིག་གནས་ཤུལ་དངོས་ལ་གནོད་སྐྱོན་གཏོང་མི་ཆོག
སྤྱི་བདེ་ལས་ཁུངས་དང་། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག འགག་སྒོ གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་སྡེ་ཁག དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་ལས་ཁུངས་གཞན་དག་བཅས་ཀྱིས་སོ་སོས་འཁུར་བའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཁྲིམས་ལྟར་ནན་ཏན་བསྒྲུབས་ནས་རིག་གནས་ཤུལ་དངོས་དོ་དམ་གྱི་སྒྲིག་ལམ་སྲུང་སྐྱོབ་བྱ་དགོས།
དོན་ཚན་བཅུ་པ། རྒྱལ་ཁབ་ཀྱིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་ཀྱི་ལས་ཀ་འཕེལ་རྒྱས་གཏོང་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་ཀ་དེ་རིམ་པ་དེ་རང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་འགོད་དགོས་ཤིང་། དེར་དགོས་པའི་འགྲོ་གྲོན་རྣམས་རིམ་པ་དེ་རང་གི་ནོར་སྲིད་ཀྱི་སྔོན་རྩིས་ནང་འགོད་དགོས། རྒྱལ་ཁབ་ཀྱིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་པར་བདེ་སྤྱོད་བྱ་རྒྱུའི་ནོར་སྲིད་གཏོང་དངུལ་ནི་ནོར་སྲིད་ཡོང་འབབ་འཕར་སྣོན་འགྲོ་བ་དང་ཆབས་ཅིག་འཕར་སྣོན་གཏོང་རྒྱུ། གཞུང་ལ་དབང་བའི་དངོས་མང་བཤམས་སྟོན་ཁང་དང་། དྲན་གསོ་ཁང་། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་སོགས་ཀྱི་བྱ་ལས་རང་བཞིན་ལྡན་པའི་ཡོང་འབབ་རྣམས་ཆེད་དུ་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུར་བདེ་སྤྱོད་བྱ་དགོས་པ་ལས་སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་གིས་ཀྱང་བཙན་བཟུང་དང་གཞན་སྤྱོད་བྱས་མི་ཆོག
ལེགས་སྐྱེས་སུ་འབུལ་བ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་རིག་གནས་ཤུལ་དངོས་སྲུང་སྐྱོབ་ཀྱི་སྤྱི་ཚོགས་ཐེབས་རྩ་འཛུགས་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱས་ནས་ཆེད་མངག་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུར་བདེ་སྤྱོད་བྱ་དགོས་པ་ལས། སྡེ་ཚན་གང་ཞིག་གམ་སྡེ་ཚན་སུ་ཞིག སྐྱེ་བོ་སུ་ཞིག་གིས་ཀྱང་བཙན་བཟུང་དང་གཞན་སྤྱོད་བྱ་མི་ཆོག
དོན་ཚན་བཅུ་གཅིག་པ། རིག་གནས་ཤུལ་དངོས་ནི་བསྐྱར་བཟོ་མི་ཐུབ་པའི་རིག་གནས་ཐོན་ཁུངས་ཡིན། རྒྱལ་ཁབ་ཀྱིས་རིག་གནས་ཤུལ་དངོས་སྲུབ་སྐྱོབ་བྱ་རྒྱུའི་སྐོར་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཡོངས་ཀྱིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་རྒྱུ་དང་། རིག་གནས་ཤུལ་དངོས་སྲུང་སྐྱོབ་ཀྱི་ཚན་རིག་ཞིབ་འཇུག་བྱེད་པར་བསྔགས་སྐུལ་བྱས་ཏེ་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་ཚན་རིག་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏང་རྒྱུ།
དོན་ཚན་བཅུ་གཉིས་པ། གཤམ་གསལ་གྱི་བྱས་རྗེས་བཞག་པའི་སྡེ་ཚན་ནམ་སྐྱེ་བོ་ཡིན་ཕྱིན་རྒྱལ་ཁབ་ཀྱིས་བསམ་པའི་ཐོག་ནས་བསྔགས་སྐུལ་བྱ་རྒྱུའམ་དངོས་པོའི་བྱ་དགའ་སྤྲོད་རྒྱུ་སྟེ།
(གཅིག) རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནན་ཏན་གྱིས་ལག་ལེན་བསྟར་ནས་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་ཐད་བྱས་རྗེས་མངོན་གསལ་དོད་པོ་བཞག་རིགས་དང་།
(གཉིས།) རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཆེད་ཁྲིམས་འགལ་ཉེས་གསོག་སྤྱོད་ངན་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་རིགས།
(གསུམ།) སྒེར་གྱིས་བསྡུ་ཉར་བྱས་པའི་རིག་གནས་ཤུལ་དངོས་གལ་ཆེན་རྒྱལ་ཁབ་ལ་ཞལ་འདེབས་སུ་ཕུལ་བའམ་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་ཀའི་ཆེད་དུ་ལེགས་སྐྱེས་སུ་ཕུལ་རིགས།
(བཞི།) རིག་གནས་ཤུལ་དངོས་རྙེད་མ་ཐག་དུས་ཐོག་ཏུ་གོང་ལ་སྙན་སེང་ཞུས་པའམ་ཕུལ་ནས་རིག་གནས་ཁུལ་དངོས་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་བ།
(ལྔ།) གནའ་རྫས་རྟོག་ཞིབ་སྔོག་འཚོལ་གྱི་ལས་ཀ་བྱེད་སྐབས་བྱས་རྗེས་གལ་ཆེན་བཞག་རིགས།
(དྲུག) རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་ཚན་རིག་ལག་རྩལ་ཐད་གསར་གཏོད་དང་གསར་སྐྲུན་གལ་ཆེན་བྱས་པའམ་བྱས་རྗེས་གལ་ཆེན་གཞན་དག་བཞག་རིགས།
(བདུན།) རིག་གནས་ཤུལ་དངོས་ལ་གཏོར་བརླག་ཐེབས་པའི་ཉེན་ཁ་བྱུང་བའི་སྐབས་སུ་རིག་གནས་ཤུལ་དངོས་མྱུར་སྐྱོབ་བྱེད་པར་བྱས་རྗེས་བཞག་རིགས།
(བརྒྱད།) རིག་གནས་ཤུལ་དངོས་ཀྱི་ལས་ཀ་ཡུན་རིང་བྱས་ཤིང་བྱས་རྗེས་མངོན་གསལ་བཞག་རིགས་བཅས་ཡིན།།