རེ་བའི་ས་བོན་ལས་ཕྱུག་འགྱུར་གྱི་འདབ་ལོ་རྒྱས།

བཀྲ་ཤིས་དང་ཀུན་དགའ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-08


        སྤྱི་ཟླ་6པའི་ཚེས་2ཉིན།   རོང་བྲག་རྫོང་སྒོ་ལུང་ཤང་ད་ཡི་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཡེ་ཤེས་སྐར་བསོད་ཀྱིས་སྣེ་ཁྲིད་བྱས་འོག་གསར་འགོད་པ་ད་ཡི་གྲོང་ཚོར་བཅར་འདྲི་བྱེད་སར་སོང་བ་ཡིན།   ད་ཡི་གྲོང་སྡེ་ནི་རི་སྐེད་དུ་ཆགས་པའི་དབུལ་ཕོངས་གྲོང་སྡེ་ཞིག་ཡིན་ཡང་ན་ནིང་སྲིད་ཇུས་བཟང་པོ་དང་། རྫོང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་རོགས་རམ་འོག་གྲོང་བགྲོད་གཞུང་ལམ་སྒོ་ཁར་བསྐྲུན་ཟིན་པས་དེང་སང་སྒོ་ལུང་ཤང་ནས་གྲོང་སྡེའི་བར་དུ་རླངས་འཁོར་ལ་བསྡད་ན་ཆུ་ཚོད་ཕྱེད་ཙམ་མ་གཏོགས་འགྲོ་དགོས་ཀྱིན་མི་འདུག 
        ངེད་གྲོང་སྡེར་སླེབས་མ་ཐག་ལོ་ན་69ལ་སོན་པའི་གྲོང་མི་དབྱང་ཞིང་ཀུའེ་ཡིས་སྨན་རྩྭ་འདེབས་ཞིང་དུ་ལ་གླུ་ལེན་ཞོར་དུ་རྩྭ་ལྡུམ་བྲེག་གིན་ཡོད་པ་མིག་ལམ་དུ་མངོན་བྱུང་།   ཁོང་གིས་གདོང་ལས་འཛུམ་མདངས་དང་ཡིད་ཆེས་ཀྱིས་ཁེངས་ནས་ང་ཚོར་སྨན་རྩྭ་འདེབས་ཞིང་མུའུ་4ཙམ་ཡོད།   ན་ནིང་སྨན་རྩྭ་འདེབས་འཛུགས་བྱས་པ་ནས་བཟུང་ངས་ཉིན་རེ་བཞིན་ཞིང་ནང་དུ་ཡུར་མ་རྒྱག་པ་དང་རྩྭ་ལྡུམ་བྲེག་པས་མ་ཚད་དེ་དག་གི་སྐྱེས་ཚུལ་ཐད་ལ་སེམས་ཁུར་དང་དོ་སྣང་བྱེད་ཀྱིན་ཡོད།   ང་ཚོར་མཚོན་ན་སྨན་རྩྭ་འདི་དག་ནི་ངེད་ཁྱིམ་མི་ཡོངས་ཀྱི་ཕྱུག་འགྱུར་གྱི་རེ་བ་ཡིན་ལ་ཡོང་འབབ་ཀྱི་རྨང་གཞིའང་ཡིན།  ངེད་གྲོང་སྡེ་ཡོངས་ལ་དུད་ཚང་58དང་མི་གྲངས་207ཡོད་ཅིང་། ཁོ་ཚོའང་ངེད་ཅག་དང་འདྲ་བར་ཚང་མས་སྨན་རྩྭ་འདེབས་ཀྱིན་ཡོད་པ་རེད།  གྲོང་མི་ཡོངས་ཀྱི་ཁྱོན་བསྡོམས་ཞིང་ས་མུའུ་870ལྷག་ལ་སྨན་རྩྭ་འདྲ་མིན་འདེབས་ཡོད་པས་མིག་སྔར་སྨན་རྩྭ་དེ་དག་གི་སྐྱེས་ཚུལ་ཧ་ཅང་བཟང་།   འདི་ནི་ངེད་གྲོང་མི་ཡོངས་ཀྱི་དབུལ་སྒྲོལ་གྱི་རེ་བའང་ཡིན་ཞེས་བཤད་པ་རེད།
        ད་ཡི་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཡེ་ཤེས་སྐར་བསོད་ཀྱིས་གྲོང་ཚོ་ཆགས་ཡུལ་དུ་མཚོ་འཕགས་སྨི་2500ཡོད་པས་རི་རྒོད་དང་ཐང་རྒོད་ཀྱི་རྒྱ་ཁྱོན་ཅུང་ཆེ་བ་དང་། ས་ཞིང་བེད་སྤྱོད་བྱེད་ཚད་ཡང་དམའ་བ་རེད། ང་ཚོའི་སྡེ་བ་འདི་རི་སྐེད་དུ་འཚོ་གནས་བྱེད་པའི་དབུལ་ཕོངས་གྲོང་སྡེའི་གྲས་ཤིག་ཡིན་ཡང་ན་ནིང་གི་ཟླ་བ་6པར་ཀྲུང་གོའི་བདག་ཏུ་མ་བཟུང་བའི་རྒྱ་ལུགས་སྨན་རྒྱུ་ཐོན་ཁུལ་གྱི་གསོ་སྐྱོང་གནས་གཞི་རོང་བྲག་ཏུ་སྤེལ་ཡོད་པར་གཞིགས་ན་ས་ཆ་འདི་ནི་རྒྱ་བོད་སྨན་རྩྭ་འདེབས་ས་ཧ་ཅང་འཚམ་པོ་ཡིན་ཞིང་། ང་ཚོས་ཚོད་ལྟ་གང་མང་བྱས་མཐར་རི་རྒོད་དང་ཐང་རྒོད་སོགས་བེད་སྤྱོད་བྱས་ཏེ་རྩྭ་པད་མ་དང་སྤྲུ་ནག་སོགས་སྨན་རྩྭ་འདྲ་མིན་འདེབས་འཛུགས་བྱས་པ་ཡིན། ཐོག་མར་མུའུ་100ལྷག་མ་གཏོགས་མེད་ཀྱང་ད་ལྟར་འདེབས་རྒྱ་མུའུ་870ལ་སླེབས་ཡོད་པས་ས་ཞིང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་ཏུ་དབུལ་ཐར་འགག་སྒྲོལ་དང་ཐག་ཇེ་ཉེར་སོང་ཡོད་ཅེས་བཤད།
        ད་ཡི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་ཀྲི་ཅན་གྱིས་གོ་ཐོས་སུ་དེང་སང་ཡང་སྨན་རྒྱུ་ཁག་ཅིག་གི་རིན་གོང་འཕར་སོང་བས་ང་ཚོར་མཚོན་ན་འདི་ཡང་གཏམ་བཟང་ཞིག་རེད། ད་ལྟའི་ཁྲོམ་རའི་རིན་གོང་དང་ཚོད་རྩིས་བྱས་པར་གཞིགས་ན་ས་ཞིང་མུའུ་རེའི་ནང་སྒོར་ཁྲི་1.5དང་མི་རེའི་ཆ་སྙོམས་འབབ་འཕར་སྒོར་ཁྲི་2ལྷག་རག་ཐུབ་རྒྱུ་རེད། ང་ཚོའི་གྲོང་སྡེ་འདི་2019ལོར་དབུལ་ཕོངས་ཞྭ་མོ་ཕུད་དགོས་པའི་འཆར་གཞིའི་ནང་བཞག་ཡོད་ཀྱང་སང་ལོ་སྨན་རྩྭ་འདེབས་འཛུགས་ཀྱི་ཡོང་འབབ་འཕར་རྗེས་སྔ་སྣུར་ཙམ་ནས་དབུལ་ཞྭ་ཕུད་ཐུབ་རྒྱུ་རེད་ཅེས་བཤད།
        ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་མིའི་འདེབས་འཛུགས་ཡོང་འབབ་ལ་འགན་སྲུང་བྱ་ཆེད་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཆེད་རམས་པ་གདན་ཞུ་བྱས་ཏེ་ས་གནས་དེ་གའི་ས་ཁད་དང་གནམ་གཤིས་ཀྱི་ཆ་རྐྱེན་སོགས་ལ་ཚད་ལེན་ཚོད་ལྟ་བྱས་ཡོད་པས་ད་ཡི་གྲོང་སྡེའི་དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་དེ་སྨན་རྩྭ་འདེབས་ས་དང་ཧ་ཅང་འཚམ་པ་རེད། དུས་མཚུངས་སུ་གྲོང་མིའི་བསམ་ཕྱོགས་ལ་གཞིགས་ནས་ད་ཡི་གྲོང་ཚོའི་གྲོང་མིའི་འཐུས་མི་ཁག་ཅིག་སྒྲིག་འཛུགས་བྱས་ནས་རྔ་བ་ཁུལ་ཆུ་ཆེན་རྫོང་ཝན་ལིན་ཤང་དུ་ལྟ་སྦྱོང་བྱེད་སར་མངགས་པ་རེད། ད་དུང་གྲོང་མིའི་ཡོང་འབབ་དང་ཕྱིར་ཚོང་ལ་འགན་ལེན་བྱ་ཆེད། ད་ཡི་གྲོང་ཚོ་དང་ཅིང་ཁྲོན་ཐཱན་ཧོ་སྨན་ལས་སྤྱི་གཉེར་ཁང་གཉིས་ཀྱིས་གྲོས་མཐུན་ཡི་གེ་བཞག་པས་མ་ཚད་རྒྱ་ལུགས་སྨན་རྒྱུ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ཞིང་དུད་ཀྱིས་ས་ཞིང་འཁོར་རྒྱུག་བྱས་ནས་མཉམ་ལས་ཁང་དུ་ཞུགས་པ་དང་སྤྱི་གཉེར་ཁང་གིས་ཞིང་དུད་ལ་ས་བོན་སོགས་མཁོ་སྤྲོད་བྱས་པས་མ་ཚད་རིན་གོང་བརྟན་པོའི་ཐོག་ཉོ་སྒྲུབ་འགན་ལེན་བཅས་བྱས་ཏེ་གྲོང་མི་ཚོའི་ཡོང་འབབ་སྦྲེལ་མཐུད་དུ་མཐོ་རུ་གཏང་རྒྱུ་རེད།། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1