དབྱི་ལི་ཡིས་ལྕགས་ལམ་འགྲིམ་འགྲུལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐོར་ལ་རྟག་དཔྱད་ཞིབ་གནང་།
ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-15
སྤྱི་ཟླ་6པའི་ཚེས13ཉིན་ནས་ཚེས་14ཉིན་གྱི་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཁྲེན་ཏུའུ་རུ་ལྕགས་ལམ་འགྲིམ་འགྲུལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད། ཚོགས་འདུ་ལ་གཙོ་སྐྱོང་གནང་། ཁོང་གིས་ཞིང་ཆེན་ཡོངས་ཀྱིས་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཁྱོན་ཡོངས་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ལྕགས་ལམ་འགྲིམ་འགྲུལ་གྱི་ཐོན་ལས་ཡོངས་སྦྲེལ་མཐུད་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཧུར་ཐག་གིས་ཁྲོམ་རའི་བར་སྟོང་དང་ལག་རྩལ་གྱི་ལེགས་ཆ་དེ་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་རུ་བསྒྱུར་དགོས་ཞེས་གསུངས།
དབྱི་ལི་ཞིན་ཀྲུའུ་ལམ་དང་ཟམ་པའི་འཕྲུལ་ཆས་མ་རྐང་ཚད་ཡོད་ཀུང་སི་རུ་ཕེབས་ནས་ས་འོག་ལྕགས་ལམ་དང་དེང་རབས་ཅན་གྱི་ལྕགས་ལམ་གློག་འཁོར་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱས་པའི་གནས་ཚུལ་ལ་རྟག་དཔྱད་ཞིབ་འཇུག་བྱས་པ་དང་། ཀྲུང་ཐང་བར་སྣང་འདྲེད་འཁོར་མཐུན་ཚོགས་སུ་ཕེབས་ནས་མཁའ་ལམ་ཚོད་ལྟའི་ལམ་ཐིག་འཁོར་སྐྱོད་བྱས་པའི་གནས་ཚུལ་ལ་རྟག་དཔྱད་ཞིབ་འཇུག་བྱས་ཏེ། ཁེ་ལས་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པ་དང་། ལྟེ་བའི་ལག་རྩལ་སྔར་ལས་སྟོབས་ཆེ་རུ་བསྒྱུར་བ། ཧུར་ཐག་གིས་འགྲན་རྩོད་ནུས་པ་ལྡན་པའི་ཐོན་རྫས་གཙོ་བོ་ཐོན་སྐྱེད་བྱ་རྒྱུར་བསྔགས་སྐུལ་བྱས། དབྱི་ལི་ད་དུང་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་དུ་ཕེབས་ནས་འགྲིམ་འགྲུལ་ཕུག་ལམ་འདུ་འགོད་ཀྱི་ཚོད་ལྟའི་གནས་ཚུལ་དང་། ལྕགས་ལམ་འགྲིམ་འགྲུལ་ཚོད་ལྟ་ཁང་གི་གཞི་གྲངས་ཅན་གྱི་སྟེགས་བུ་དང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ལས་གྲྭའི་ཚོད་ལྟ་ཁང་འཁོར་རྒྱུགས་བྱས་པའི་གནས་ཚུལ་བཅས་ལ་རྟག་དཔྱད་ཞིབ་འཇུག་བྱས་ནས། ཚན་རིག་ཞིབ་འཇུག་སྡེ་ཁག་གིས་གོམ་གང་མདུན་སྤོས་ཀྱི་སྒོས་གསར་སྐྲུན་གསར་སྦོལ་གྱི་ནུས་པ་མཐོར་འདེགས་དང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན། དུས་མཉམ་དུ་ཁྲོམ་རའི་གཙོ་ངོས་དང་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། ཚན་རྩལ་གྱི་གྲུབ་འབྲས་གཞན་འགྱུར་དང་བཀོལ་སྤྱོད་ཐུབ་པ་མགྱོགས་སུ་གཏང་དགོས་ཅེས་གསུངས།།