མཐོ་སྒང་གི་ཡུལ་མི་རྣམས་ཀྱིས་འབྲི་ཞོ་ཇི་ལྟར་ལེགས་ཤོས་སུ་བསྒྱུར་བ་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། 06-23


        མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་འབྲོག་ལས་ནི་རང་བྱུང་རྩྭ་ཐང་རྨང་གཞི་བྱས་པ་ཞིག་སྟེ། སྲོལ་རྒྱུན་ཐོན་ལས་དང་ཐོན་ལས་གཙོ་བོར་ནོར་ནག་དང་གཡང་ལུག་འཚོ་སྐྱོང་བྱེད་པ་དེ་ཡིན། དེ་ལས་བྱུང་བའི་ཤ་དང་འོ་མ་སོགས་ཕྱུགས་ཟོག་ཐོན་རྫས་ལས་སྣོན་བྱེད་པ་ནི་སྐྱེ་ཁམས་འབྲོག་ལས་ཐོན་སྐྱེད་ཁྲོད་ཀྱི་གྲུབ་ཆེན་གལ་ཆེན་ཞིག་ཡིན། 
ལས་བཟོ་བས་ལས་རྩལ་གསར་པ་སྤྱད་ནས་འབྲི་ཞོ་བཟོ་བཞིན་པ། 
        འབྲི་ཞོ་ལ་འཚོ་བཅུད་གྲུབ་ཆ་ཕུན་སུམ་ཚོགས་པ་ཡོད་དེ། དེའི་འཚོ་བཅུད་ཀྱི་གྲུབ་ཆ་དེ་བ་མོའི་འོ་མ་ལས་མང་བས་“རང་བྱུང་འོ་མ་ཉིང་བཅུད”ཅེས་འབོད། འབྲི་ཞོའི་བྲོ་བ་ནི་ཁྱད་ཆོས་ལྡན་ལ་ཁ་ལ་ཞིམ་པ། ཅུང་མངར་ལ་འཚོ་བཅུད་ཕུན་སུམ་ཚོགས་པས་འབྲོག་པ་མང་ཚོགས་ཀྱི་འཚོ་བཅུད་དགོས་མཁོ་སྐོང་ཞིང་བོད་རིགས་ཀྱི་མེད་དུ་མི་རུང་བའི་འཚོ་བའི་རྒྱུ་ཆ་ཞིག་ཡིན། འབྲི་ཞོས་ཟས་རིགས་ཐོན་ཁུངས་དཀོན་ཞིང་གནམ་གཤིས་ཆ་རྐྱེན་ཅུང་ཞན་པའི་ས་ཁུལ་དུ་འཚོ་བ་རོལ་བཞིན་པའི་བོད་མི་རིགས་ལ་སྤྲི་དཀར་རྫས་དང་། ཚིལ་ཞག གཏེར་རྫས། ལྷག་པར་འཚོ་རྒྱུ་སོགས་དགོས་ངེས་ཀྱི་འཚོ་བཅུད་དངོས་པོ་མཁོ་སྤྲོད་བྱེད་བཞིན་ཡོད། 
        ཉེ་བའི་ལོ་ཤས་རིང་། ཞིབ་འཇུག་པ་རྣམས་ཀྱིས་འབྲི་ཞོ་ལ་མིའི་ལུས་ཕུང་ཁྲོད་ཀྱི་འཁྲིས་རྒྱུ་གཤེར་རྩི་ཇེ་དམའ་གཏོང་བ་དང་། བད་ཀན་སྨུག་པོ་སྔོན་འགོག་བྱེད་པ། འཕར་རྩ་འཇམ་འདྲའི་སྲ་འགྱུར་འགོག་པ། རུས་པའི་སྟུག་ཚད་བསྐྱེད་པ། ཁྲག་རྒྱུན་ཁྲོད་ཀྱི་མངར་ཆ་སྙོམ་སྒྲིག ཤ་སྒྲིམ་ཇེ་བཟང་དུ་གཏོང་བ། ཚིལ་ཞག་ཕུང་གསོག་ཇེ་ཉུང་དུ་གཏོང་བ། རིམས་འགོག་ནུས་པ་བསྐྱེད་པ། རང་དབང་རྨང་གཏོར་བ་སོགས་ལུས་ཕུང་གསོ་བའི་བྱེད་ནུས་པ་ཡོད་པ་བདེན་དཔང་བྱས་ཡོད་ལ། ཟས་ཞོར་གྱི་རིན་ཐང་གལ་ཆེན་འདི་དག་གིས་ཀྱང་འབྲི་ཞོ་དེ་མཛད་སྤྱོད་པའི་ཁྲོད་ཀྱི་མཐོང་ཆེན་བྱེད་ཚད་མཐོ་རུ་འགྲོ་བཞིན་ཡོད།  
        ཡིན་ནའང་། འབྲི་ཞོ་དེ་གཞི་རྒྱ་བསྐྱེད་དེ་ཐོན་སྐྱེད་བྱེད་པར་སྔ་མོ་ནས་དཀའ་ངལ་རབ་དང་རིམ་པར་འཕྲད་མུས་སུ་མཆིས་པ་སྟེ། ཕྱོགས་གཅིག་ནས་མཐོ་སྒང་དུ་སྲོལ་རྒྱུན་གྱི་འབྲི་ཞོ་ལས་སྣོན་བྱེད་པ་གཙོ་བོར་བཟུང་བས་ལས་ཤེས་ཀྱིས་ངལ་རྩོལ་བྱེད་པའི་ཚད་ཆེ་བ། རྩོལ་ཚད་དམའ་བ། ལས་སྣོན་སྒྲིག་ཆས་སྐྱོ་བ། ཐོན་རྫས་ཀྱི་སྤུས་ཀ་གཏན་འཇགས་མིན་ལ་བདེ་འཇགས་ཀྱི་ཉེན་ཁ་ཆེ་བ་སོགས་ཀྱི་གནད་དོན་བྱུང་བཞིན་ཡོད། ཕྱོགས་གཞན་ཞིག་ནས་མཚོ་བོད་མཐོ་སྒང་གི་འབྲོག་ལས་ཆེད་མཁས་པས་མཚམས་སྦྱོར་གནང་བ་ལྟར་ན། མཚོ་བོད་མཐོ་སྒང་གི་རྨང་གཞིའི་སྒྲིག་ཆས་ཞན་པས་འབྲི་མོའི་འོ་མ་ཐོན་ཚད་ཉུང་བ།(1-1.5kg/འབྲི/ཉིན)མ་བཅོས་རྒྱུ་ཆའི་ཁྱབ་ཁོངས་ཁ་ཐོར་ངང་མཆིས་པས་གཞི་རྒྱ་ཆེ་བའི་ལས་སྣོན་ཐོན་སྐྱེད་ལ་དཀའ་བ། མཐོ་སྒང་གི་རླུང་གནོན་དམའ་བ། གློག་ཤུགས་སྒྲིག་ཆས་ཆ་མི་ཚང་བ། ནང་ལོག་གི་ཐོན་སྐྱེད་སྒྲིག་ཆས་ཐད་ཀར་བེད་སྤྱོད་མི་རུང་བ་བཅས་ཀྱི་དཀའ་ངལ་སྣ་ཚོགས་དེ་འབྲི་ཞོ་ཐོན་ལས་འཕེལ་རྒྱས་ཀྱི་བཀག་རྒྱར་གྱུར་ཡོད། 
        འོ་ན། དཀའ་ངལ་ཇི་ལྟར་ཁྱད་གསོད་བྱེད་དགོས་སམ་ཞེ་ན། རྣམ་གྲངས་ཚོགས་པས་འདི་ལ་དཀའ་ལས་མང་པོ་བརྒྱབ་སྟེ་ཆེད་དུ་མཐོ་སྒང་གི་འཁོར་ཡུག་ལ་འཚམ་ཞིང་སྟབས་བདེ་བ། འཚོ་བའི་ཁྱད་ཆོས་མངོན་པ། ས་གནས་ཀྱི་རང་བཞིན་ཡོད་པའི་ལག་རྩལ་ཀུན་འདུས་ཀྱི་སྒྲིག་ཆས་ཆུང་བ་གསར་གཏོད་བྱས་ཏེ་མཐོ་སྒང་གི་འབྲི་ཞོ་ལེགས་ཤོས་སུ་བསྒྱུར་ཐབས་བྱས། 
གཞན་ཡང་འབྲི་མོ་དང་མཛོ་མོའི་འོ་མ་བཞོ་བར་འགོར་འགྱང་ཆེ་ཞིང་ཚེགས་ལྕི་ལ་བཙོག་བཟོ་ཐེབས་སླ་བ་བཅས་ཀྱི་གནད་དོན་ལ་གཞིགས་ནས་ཁོང་ཚོས་འཁྱེར་ན་བདེ་བའི་འབྲི་མོ་དང་མཛོ་མོའི་འོ་མ་བཞོ་ཆས་གསར་གཏོད་བྱས་ཏེ་ས་ཁུལ་བརྒྱད་དུ་ཚོད་ལྟ་ངང་སྤྱོད་ཀྱི་ཡོད།

འབྲི་མོ་དང་མཛོ་མོ་གཉི་ག་སྤྱོད་རུང་བའི་འཁྱེར་བདེ་འོ་བཞོ་འཕྲུལ་ཆས།
          བོད་ཁུལ་གྱི་སྲོལ་རྒྱུན་ཞོ་སྐྱུར་ནི་འོ་མ་རློན་པ་བསྙལ་ཏེ་རང་བྱུང་གིས་ཞོ་ཆགས་པ་ཞིག་ཡིན་མོད། འོན་ཀྱང་འོ་མའི་ནང་དུ་བསྲེས་རྫས་སྣ་ཚོགས་ཡོད་པས་བདེ་འཇགས་ཀྱི་ཉེན་ཁ་ལ་མཆིས། གནད་དོན་འདི་ལ་དམིགས་ནས་རྣམ་གྲངས་ཚོགས་པས་མཚོ་བོད་མཐོ་སྒང་གི་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་བརྒྱུད་དེ་འོངས་པའི་ཞོ་རྩི་སྡུད་ལེན་ལེགས་སྒྲིག་དང་། བདམས་གསེས། སྣ་མང་རང་བཞིན་དབྱེ་ཞིབ་བཅས་ཀྱི་སྒོ་ནས་ཞོ་རྩིའི་གྲུབ་ཆར་ཞིབ་འཇུག་གནང་སྟེ་ཚན་རིག་གི་བྱེད་ཐབས་ལ་བརྟེན་ནས་སྲོལ་རྒྱུན་ཞོ་བསྙལ་བའི་ཐོན་རྫས་སྤུས་ཀར་ཁག་ཐེག་བྱས་པ་དང་། སྲོལ་རྒྱུན་གྱི་འབྲི་ཞོའི་བྲོ་བ་ལྡན་པའི་འབྲི་ཞོ་བསྙལ་བྱེད་ཞོ་རྩི་གསར་གཏོད་བྱས་ཡོད་ལ། འཁྱེར་བདེ་བའི་འོ་མ་ལས་སྣོན་སྒྲིག་ལ་གཞིགས་ནས་བོད་ལུགས་འབྲི་ཞོ་ལས་སྣོན་བྱས་པའི་ལས་རྩལ་གསར་གཏོད་བྱས་པ་རེད།
མཉམ་སྡེབ་ཚུལ་གྱི་འབྲི་ཞོ། ——ཕྱུར་ར་ལས་སྣོན་འཕྲུལ་ཆས། 
        རྣམ་གྲངས་ཚོགས་པས་མཚོ་བོད་མཐོ་སྒང་གི་རླུང་གནོན་དམའ་བས་འབུ་ཕྲ་གསོད་པའི་དུས་ཡུན་རིང་བ། འོ་མའི་ཐོན་ཁུངས་ཁ་འཐོར་ཡིན་པས་ལས་སྣོན་ཚད་དམའ་བ་བཅས་ཀྱི་གནད་དོན་ལ་གཞིགས་ནས་མཉམ་སྡེབ་ཚུལ་གྱི་ཞོ་དང་ཕྱུར་ར་ལས་སྣོན་འཕྲུལ་ཆས་ཏེ་ཞོ་ཐོན་སྐྱེད་བྱས་ཆོག་ལ་ཕྱུར་རའང་ལས་སྣོན་བྱེད་ཆོག་པ་ཞིག་ཇུས་འགོད་བྱས། ལས་སྣོན་འཕྲུལ་ཆས་འདི་ནི་མཉམ་སྡེབ་ཚུལ་གྱིས་ཇུས་འགོད་བྱས་ཡོད་པས་རླུང་གནོན་སྣོན་པའི་སྒྲིག་ཆས་ཡོད་པས་མཐོ་སྒང་ནས་དྲོད་ཚད་100℃རྒྱུན་སྲུང་བྱེད་ཐུབ། འཕྲུལ་ཆས་འདི་ལ་འཁྱག་བཟོ་ཚ་བཟོའི་མ་ལག་ལྡན་པས་ཆུ་བླུག་སྟེ་གློག་བརྒྱབ་ཚེ་ལམ་སེང་འཁོར་སྐྱོད་བྱེད་ཐུབ་པ་ཡིན། སྒྲིག་ཆས་ཇེ་ཡང་དང་སྟབས་བདེ་བཟོས་ཡོད་པ་མ་ཟད། ད་དུང་ཞོ་དང་ཕྱུར་རའི་ཐོན་རྫས་ཀྱི་བདེ་འཇགས་དང་སྤུས་ཀའི་གཏན་འཇགས་རིང་བཞིན་ཁག་ཐེག་བྱས་སྟབས། ལས་སྣོན་ཆ་རྐྱེན་ཞན་པའི་འབྲོག་ཁུལ་དུ་སྤྱོད་པར་ཧ་ཅབ་འཚམས། 
འཁྱེར་བདེ་འོ་མའི་ལས་སྣོན་རླངས་འཁོར། 
        རྣམས་གྲངས་ཀྱི་འབྲེལ་ཡོད་ལག་རྩལ་པས་མཚམས་སྦྱོར་གནང་བ་ལྟར་ན། མཚོ་བོད་མཐོ་སྒང་གི་ས་མཐའི་ཡུལ་གྲུ་འགའ་ཞིག་སྟེ་དཔེར་ན་འོ་མའི་ཐོན་ཁུངས་ཁ་འཐོར་དང་དུས་ཚིགས་ཀྱི་རང་བཞིན་དྲག་པོ་ཡོད་པའི་ཀན་ལྷོ་ལྟ་བུ་ནས་ལས་སྣོན་ཐོན་སྐྱེད་བཟོ་གྲྭ་གཏན་འཁེལ་གྱིས་བཟོ་བར་མི་འཚམས་པའི་དོན་དངོས་ཀྱིས་ཐོན་ཁུངས་མཁོ་མེད་དང་ཆུད་ཟོས་སུ་འགྲོ་ཉེན་ཆེ་བའི་གནད་དོན་ཡོད། དེར་བརྟེན་གཟུགས་ཆུང་ཞིང་འཁྱེར་བདེ་བ། མཉམ་སྡེབ་ཚུལ་གྱི་འོ་མ་ལས་སྣོན་རླངས་འཁོར་ཇུས་འགོད་བྱས་ཚེ་དེའི་དགོས་མཁོ་མཐའ་དག་བསྐང་ཐུབ། དེ་ཡང་ཆུ་དང་། གློག ཐོན་རྫས་འཇོག་ས་བཅས་འཛོམས་ཚེ་ས་གང་རུང་ཞིག་ནས་འབྲི་ཞོ་དང་། ཕྱུར་ར། མར། འོ་ཟས་སོགས་ཐོན་སྐྱེད་བྱས་ཆོག ཉིན་ལྟར་ས་ཁུལ་མི་འདྲ་བའི་ཐོན་ཚད་ལ་གཞིགས་ནས་ས་ཆ་མང་པོ་ཞིག་ལ་ཕྱིན་ནས་ཐོན་སྐྱེད་བྱས་ཀྱང་ཆོག་པ་ཡིན་ནོ། །
ལས་སྣོན་ཐོན་སྐྱེད་བྱས་པའི་བོད་ཁྱིམ་གྱི་འབྲི་ཞོ་དང་མར། 
        ལོ་ངོ་ལྔའི་རིང་འབད་བརྩོན་གནང་བ་བརྒྱུད། མཚོ་བོད་མཐོ་སྒང་གི་འབྲོག་ལས་རྣམ་གྲངས་ཀྱི་ཆེད་མཁས་པ་ཚོས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ད་ལྟ་འབྲི་ཞོ་ཐོན་རྫས་ལ་དེའི་ཐུན་མོང་མ་ཡིན་པའི་བྲོ་བ་དེ་ཡོད་པ་མ་ཟད་ད་དུང་ཐོན་རྫས་ཀྱི་སྤུས་ཀ་མཐོར་འདེགས་བྱུང་བ་དང་སྤུས་སྲུང་དུ་ཡུན་རིང་དུ་བསྲིངས་ནས་འཚོ་སྡོད་ཁུལ་གྱི་འོ་མའི་ཐོན་ལས་ལས་སྣོན་ཆུ་ཚད་ཀྱང་གོང་མཐོར་ཕྱིན་ཏེ་མཛད་སྤྱོད་པའི་ཟས་ཞོར་རིན་ཐང་ཇེ་ཆེར་གཏོང་བའི་རེ་འདུན་ཡང་བསྐངས་པ་ལགས་སོ། ། 
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1