༄༅།། མི་བཀོལ་ལས་ཁུངས་ཀྱིས་རང་འདོད་སྒོས་ངལ་རྩོལ་གན་རྒྱ་ཞིག་ཆོག་གམ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-03
བློ་མཐུན་རྩོམ་སྒྲིག་པ་ལགས།
ཚེ་རིང་དོན་གྲུབ་ནི་ཀུང་སི་ག་གེ་མོ་ཞིག་གི་བདེ་སྲུང་བ་ཡིན་ཞིང་། ཐེངས་ཤིག་ཁྱིམ་ནས་ཕྱི་ལ་འགྲོ་བའི་ལམ་བར་དུ་སེམས་ཆུང་མ་བྱས་པར་ཐེམ་སྐས་ལས་འགྱེལ་ཏེ་རྐང་པར་རུས་ཆག་གི་རྨས་སྐྱོན་བཟོས། སྨན་ཁང་ནས་ནད་གསོ་བྱེད་པའི་ཡི་གེ་བླངས་ཏེ་ཀུང་སིར་ལོ་ཕྱེད་ལ་གནང་བ་ཞུས། ཡིན་ཡང་ཚེ་རིང་དོན་གྲུབ་ཀྱི་རྨས་སྐྱོན་སངས་དྲག་ཏུ་སོང་སྟེ་ནད་གསོའི་དུས་ཚད་ལོངས་དུས། ཀུང་སིས་ཚེ་རིང་དོན་གྲུབ་ལ་ཡིག་ངོས་ནས་ཟླ་གཅིག་གི་རྗེས་སུ་ངལ་རྩོལ་གན་རྒྱ་ཞིག་རྒྱུའི་བརྡ་བཏང་བར་མ་ཟད། ད་དུང་ཚེ་རིང་དོན་གྲུབ་ལ་ཟླ་གཅིག་གི་ནང་དུ་རང་གི་བྱ་བ་ཡོད་ཚད་ཀུང་སིར་རྩིས་སྤྲོད་གསལ་བོ་བྱ་དགོས་པའི་རེ་བའང་བཏོན། ཚེ་རིང་དོན་གྲུབ་ཀྱིས་ཀུང་སའི་མི་དོན་སྡེ་ཁག་གི་སྤྱི་གཉེར་བ་བཙལ་ཏེ་གནས་ལུགས་བཤད་ཀྱང་། ཀུང་སིའི་མི་དོན་སྡེ་ཁག་གི་སྤྱི་གཉེར་བས་ཚེ་རིང་དོན་གྲུབ་ལ་ཁྱོད་ཀྱི་སྨན་བཅོས་ནད་གསོ་དུས་ཚད་ལོངས་ཟིན་པས། བཅའ་ཁྲིམས་ཀྱི་གཏན་ཁེལ་གཞིར་བཟུང་ན། ངེད་ཀུང་སིས་ཁྱོད་ལ་ཟླ་གཅིག་གི་སྔོན་དུ་བརྡ་ཡིག་བརྒྱུད་དེ་ངལ་རྩོལ་གན་རྒྱ་ཞིག་ཆོག་ཟེར། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་འདྲི་རྒྱུ་ཞིག་ཡོད་པ་ནི་བཅའ་ཁྲིམས་ཀྱིས་འདི་འདྲའི་དོན་དག་ལ་ཇི་ལྟར་གཏན་ཁེལ་བྱས་ཡོད་དམ།
ཞེས་བསམ་འགྲུབ་ནས།
བློ་མཐུན་བསམ་འགྲུབ་ལགས།
རང་རྒྱལ་གྱི《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན།“ངལ་རྩོལ་པར་ནད་ཕོག་པའམ་ཡང་ན་བྱ་བའི་རྐྱེན་མིན་པར་རྨས་སྐྱོན་ཕོག་ཚེ། གཏན་ཁེལ་གྱི་སྨན་བཅོས་དུས་ཚད་ལོངས་རྗེས་སྔོན་གྱི་བྱ་བ་བསྒྲུབ་མི་ཐུབ་ཅིང་། དུས་མཚུངས་སུ་མི་བཀོལ་ལས་ཁུངས་ཀྱིས་ལོགས་སུ་བཀོད་སྒྲིག་བྱས་པའི་གཞན་པའི་བྱ་བའང་བསྒྲུབ་མི་ཐུབ་ཚེ། མི་བཀོལ་ལས་ཁུངས་ཀྱིས་ཉིན་30སྔོན་དུ་ཡིག་ངོས་ནས་ངལ་རྩོལ་པར་བརྡ་གཏོང་བའམ། ཡང་ན་ཚད་བརྒལ་གྱི་ཟླ་གཅིག་གི་གླ་ཕོགས་སྟེར་བའི་བྱེད་ཐབས་བརྒྱུད་དེ་ངལ་རྩོལ་གན་རྒྱ་ཞིག་ཆོག”ཅེས་བཀོད་ཡོད།
གོང་གི་གྱོད་དོན་འདིར་གཞིགས་ན། ཀུང་སིས་ཚེ་རིང་དོན་འགྲུབ་ཀྱི་སྨན་བཅོས་དུས་ཚད་ལོངས་རྗེས་ཟླ་གཅིག་གི་སྔོན་དུ་ངལ་རྩོལ་གན་རྒྱ་ཞིག་པའི་བརྡ་བཏང་བ་ནི། ཚེ་རིང་དོན་གྲུབ་ཀྱིས་སྔོན་གྱི་བྱ་བའམ་ཡང་ན་ཀུང་སིས་ལོགས་སུ་བཀོད་སྒྲིག་བྱས་པའི་བྱ་བ་བསྒྲུབ་ནུས་མེད་པར་རྐྱེན་བྱས་ནས་ངལ་རྩོལ་གན་རྒྱ་ཞིག་པ་མིན་པས། ཀུང་སིས་ཚེ་རིང་དོན་གྲུབ་ཀྱི་ངལ་རྩོལ་གན་རྒྱ་ཞིག་པ་ནི་བཅའ་ཁྲིམས་ཀྱི་གཏན་ཁེལ་དང་མི་མཐུན་ནོ། །
ཞེས་བཅའ་ཁྲིམས་བློ་སྟོན་ཁང་ནས།
(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1