༄༅།། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱ་ཕྱོགས་སྐོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-03


        གཤམ་གསལ་གྱི་གཞི་རྩའི་བླང་བྱ་ལས་སྣ་གཅིག་ཚང་བའི་སྲིད་འཛིན་ཆ་འཕྲིན་ཡིན་རིགས། སྲིད་འཛིན་ལས་ཁུངས་ཀྱིས་རང་འགུལ་ངང་ཡོངས་བསྒྲགས་བྱེད་དགོས།
(གཅིག)སྤྱི་དམངས་དང་། ཁྲིམས་ཚན་ནམ་ཡང་ན་སྒྲིག་འཛུགས་གཞན་དག་གི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་རིགས།
(གཉིས)སྤྱི་ཚོགས་ཡོངས་ཀྱིས་རྟོགས་དགོས་པའམ་ཡང་ན་ཞུགས་དགོས་རིགས།
(གསུམ)སྲིད་འཛིན་ལས་ཁུངས་རང་ཉིད་ཀྱི་སྒྲིག་གཞི་བཀོད་སྒྲིག་དང་། འགན་ནུས། ལས་སྒྲུབ་གོ་རིམ་སོགས་མངོན་པའི་གནས་ཚུལ་གྱི་རིགས།(བཞི)བཅའ་ཁྲིམས་དང་། ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་གཞིར་བཟུང་ནས་རང་འགུལ་ངང་ཡོངས་བསྒྲགས་བྱེད་དགོས་རིགས་གཞན་དག
        རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་སྡེ་ཁག་གིས་གཤམ་གསལ་གྱི་སྲིད་གཞུང་ཆ་འཕྲིན་ཁག་ཡོངས་བསྒྲགས་བྱ་རྒྱུ་གཙོ་གནད་འཛིན་དགོས། 
(གཅིག)སྲིད་འཛིན་ཁྲིམས་སྲོལ་དང་། སྒྲིག་སྲོལ་ལམ་ལུགས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས།
(གཉིས)རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་བཀོད་དང་། ཆེད་དོན་འཆར་བཀོད། མངའ་ཁོངས་འཆར་བཀོད། དེ་བཞིན་འབྲེལ་ཡོད་སྲིད་ཇུས་བཅས།
(གསུམ)རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་བསྡོམས་རྩིས་ཆ་འཕྲིན།
(བཞི)ནོར་སྲིད་ཐད་ཀྱི་སྔོན་རྩིས་དང་ངེས་རྩིས་གྱི་སྙན་ཞུ།
(ལྔ)སྲིད་འཛིན་བྱ་ལས་རང་བཞིན་གྱི་གྲོན་དངུལ་བསྡུ་བའི་རྣམ་གྲངས་དང་། ཁུངས་ལུང་། ཚད་གཞི་བཅས།
(དྲུག)སྲིད་གཞུང་གཅིག་སྡུད་ཐོག་གི་ཉོ་སྒྲུབ་རྣམ་གྲངས་ཀྱི་དཀར་ཆག་དང། ཚད་གཞི། ལག་བསྟར་གནས་ཚུལ་བཅས།
(བདུན)སྲིད་འཛིན་བཀའ་འཁྲོལ་འཐོབ་པའི་དོན་དག་དང། ཁུངས་ལུང། ཆ་རྐྱེན། གྲངས་འབོར། གོ་རིམ། ཡུན་ཚད། དེ་བཞིན་སྲིད་འཛིན་བཀའ་འཁྲོལ་ཞུ་སྐབས་འདོན་འབུལ་བྱས་པའི་དཔྱད་ཡིག་ཡོད་ཚད་ཀྱི་དཀར་ཆག་དང་སྒྲུབ་རིམ་གནས་ཚུལ་བཅས།
(བརྒྱད)འཛུགས་སྐྲུན་རྣམ་གྲངས་འགངས་ཆེན་གྱི་ཆོག་མཆན་དང་ལག་བསྟར་གནས་ཚུལ།
(དགུ)དབུལ་སྐྱོར་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་། ལས་ཞུགས་གྱེན་སྐུལ་སོགས་ཀྱི་སྐོར་དང་འབྲེལ་བའི་སྲིད་ཇུས་དང་། བྱ་ཐབས། དེ་བཞིན་ལག་ལེན་བཅས་ཀྱི་གནས་ཚུལ།
(བཅུ)ཐོལ་བྱུང་སྤྱི་པའི་བྱུར་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་དང་། ཉེན་ཟོན་ཆ་འཕྲིན། དེ་ལུགས་ཁ་གཏད་འཇལ་ཚུལ་བཅས།
(བཅུ་གཅིག)ཁོར་ཡུག་སྲུང་སྐྱོབ་དང་། སྤྱི་པའི་འཕྲོད་བསྟེན། ཉེན་མེད་ཐོན་སྐྱེད། བཟའ་བཅའ་སྨན་རྫས། ཐོན་རྫས་སྤུས་ཚད་བཅས་ཀྱི་ཐད་ཞིབ་བཤེར་ལྟ་སྐུལ་བྱས་ཚུལ།
        ཆུས་ཡོད་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་དེའི་སྡེ་ཁག་གིས་གཙོ་གནད་ཡོངས་བསྒྲཊ་བྱ་རྒྱུའི་སྲིད་གཞུང་ཆ་འཕྲིན་ཀྱི་ཁོངས་སུ་ད་དུང་གཤམ་གསལ་གྱི་ནང་དོན་ཁག་འདུས་ཡོད་པ་སྟེ། 
(གཅིག)གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་དོ་དམ་སྐོར་གྱི་དོན་ཆེན།
(གཉིས)སྤྱི་ཚོགས་སྤྱི་ཕན་བྱ་གཞག་གི་འཛུགས་གཉེར་གནས་ཚུལ།
(གསམ)ས་ཞིང་གཞུང་བསྡུའམ་གཞུང་སྤྱོད་དང་། ཁང་པ་གཤིག་སྤོ་དང་དེའི་ཁ་གསབ་གུན་གསབ་ཀྱི་གྲོན་དངུལ་སྤྲད་ཚུལ་དང་བེད་སྤྱོད་བྱས་ཚུལ། 
(བཞི)ཉེན་སེལ་གེགས་སྐྱོབ་དང་། གཟིགས་སྐྱོང་སྐྱོབ་གསོ། སྤྱི་ཚོགས་ཞལ་འདེབས་སོགས་ཀྱི་དངུལ་དངོས་དོ་དམ་དང་། བེད་སྤྱོད། བགོ་འགྲེམ་བཅས་བྱས་ཚུལ།
        ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་གཤམ་གསལ་གྱི་སྲིད་གཞུང་ཆ་འཕྲིན་ཁག་ཡོངས་བསྒྲགས་བྱ་རྒྱུ་གཙོ་གནད་འཛིན་དགོས།(གཅིག)གྲོང་གསེབ་ལས་དོན་སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཚུལ། 
(གཉིས)ནོར་སྲིད་ཀྱི་གཏོང་ཡོང་དང་། ཆེད་སྤྱོད་མ་དངུལ་གྱི་དོ་དམ་དང་བེད་སྤྱོད་བྱས་ཚུལ།
(གསུམ)ཤང་(གྲོང་རྡལ)གྱི་ས་ཞིང་བེད་སྤྱོད་སྐོར་གྱི་སྤྱིའི་འཆར་བཀོད་དང་། སྡོད་ཁང་སྤྱོད་སྟངས་ཀྱི་ཞིབ་བཤེར་གནས་ཚུལ།
(བཞི)ས་ཞིང་གཞུང་བསྡུའམ་གཞུང་སྤྱོད་དང་། ཁང་པ་གཤིག་སྤོ་དང་དེའི་ཁ་གསབ་གུན་གསབ་ཀྱི་གྲོན་དངུལ་སྤྲད་ཚུལ་དང་བེད་སྤྱོད་བྱས་ཚུལ། 
(ལྔ)ཤང་(གྲོང་རྡལ)གྱི་བུ་ལོན་ཕར་དགོས་ཚུར་ལེན་དང་། དངུལ་དང་ངལ་རྩོལ་གྱི་གཏོང་སྒོའི་གནས་ཚུལ།
(དྲུག)ཉེན་སེལ་གེགས་སྐྱོབ་དང་། གཟིགས་སྐྱོང་སྐྱོབ་གསོ། སྤྱི་ཚོགས་ཞལ་འདེབས་སོགས་ཀྱི་དངུལ་དངོས་དོ་དམ་དང་། བེད་སྤྱོད། བགོ་འགྲེམ་བཅས་བྱས་ཚུལ།
(བདུན)ཤང་གྲོང་རྡལ་གྱི་མཉམ་སྡེབ་ཁེ་ལས་དང་ཤང་གྲོང་རྡལ་གྱི་དཔལ་འབྱོར་སྒྲིག་གཞི་གཞན་དག་འགན་གཙང་ལེན་པ་དང་། བོགས་གླ་གཏོང་བ། ཧབ་འཚོང་སྐུལ་བ་སོགས་ཀྱི་གནས་ཚུལ།
(བརྒྱད)འཆར་ལྡན་བུ་བཙའི་སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ།
        སྲོལ་ཡིག་འདིའི་གཏན་འབེབས་ལྟར་སྲིད་འཛིན་ལས་ཁུངས་ཀྱིས་རང་འགུལ་ངང་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་ཕུད། སྤྱི་དམངས་དང་། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་སོ་སོའི་ཐོན་སྐྱེད་དང་། འཚོ་བ། ཚན་རིག་ཞིབ་འཇུག་སོགས་ཀྱི་དམིགས་བསལ་དགོས་མཁོ་ལ་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དང་། ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་། དེ་བཞིན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡེ་ཁག་བཅས་ལ་འབྲེལ་ཡོད་ཀྱི་སྲིད་གཞུང་ཆ་འཕྲིན་ཤེས་རྟོགས་ཡོང་བའི་རེ་འདུན་ཞུ་ཆོག  
        སྤྱི་དམངས་དང་། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་སྲིད་འཛིན་ལས་ཁུངས་ལ་སྲིད་གཞུང་ཆ་འཕྲིན་ཤེས་རྟོགས་ཡོང་རེ་ཞུ་སྐབས་ཡིག་ཐོག་(གཞི་གྲངས་གློག་ཡིག་གི་རྣམ་པ་ཡང་ཚུད)ནས་འབྲི་འབུལ་བྱེད་དགོས། ཡི་གེ་འབྲི་བར་དཀའ་ཚེགས་དངོས་བདེན་ཡོད་རིགས། རེ་འདུན་ཞུ་མཁན་གྱིས་ལབ་སྟེ་རེ་འདུན་དེ་ཉིད་བདག་སྤྲོད་བྱེད་མཁན་གྱི་སྲིད་འཛིན་ལས་ཁུངས་ནས་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱ་བའི་རེ་འདུན་ཞུ་ཡིག་ཚབ་འབྲི་བྱས་ནའང་འགྲིག། སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱ་བའི་རེ་འདུན་ཞུ་ཡིག་ལ་གཤམ་གྱི་ནང་དོན་ཁག་འདུ་དགོས། 
(གཅིག)རེ་འདུན་ཞུ་མཁན་གྱི་རུས་མིང་ངམ་མིང། འབྲེལ་གཏུག་བྱེད་སྟངས།
(གཉིས)ཡོངས་བསྒྲཊ་ཀྱི་རེ་འདུན་ཞུས་པའི་སྲིད་གཞུང་ཆ་འཕྲིན་གྱི་ནང་དོན་དང་འབྲེལ་བའི་བརྗོད་པ།
(གསུམ)ཡོངས་བསྒྲགས་ཀྱི་རེ་འདུན་ཞུས་པའི་སྲིད་གཞུང་ཆ་འཕྲིན་གྱི་རྣམ་པའི་ཐད་ཀྱི་རེ་བ།
        ཡོངས་བསྒྲགས་བྱེད་འོས་པ་གང་ཞིག་ཡོངས་བསྒྲགས་མ་བྱས་ཚེ་སྡེ་ཁག་དེ་ཉིད་ཞུ་གཏུག་བྱེད་ཆོག 
(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1