ངའི་སེམས་པ་མཁའ་དབྱིངས་སུ་འཕྱོ།

ལེང་ཝུན་ཧའོ་ཡིས་བྲིས་ཤིང་པར་བླངས། 冷文浩文/图 རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 07-14



ལེང་ཝུན་ཧའོ་ནི་སྤྱི་ལོ༡༩༦༣ལོར་སྐྱེས་ཤིང་། ༡༩༨༢ལོར་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེར་ཞུགས་ཤིང་གསར་འགྱུར་ཐོ་འགོད་པའི་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་པས་རིམ་པ་གསུམ་པའི་བྱས་རྗེས་གཟེངས་རྟགས་ཐེངས་ལྔ་རག་མྱོང་།

༡༩༩༤ལོར་སི་ཁྲོན་ཞིང་ཆེན་ལིའང་ཧྲན་ཉིན་རེའི་ཚགས་པར་ཁང་དུ་ལས་གནས་སྤོར་ཏེ་པར་ལེན་གསར་འགོད་པའི་འགན་ད་ལྟའི་བར་དུ་བཞེས། ད་ལྟར་ཀྲུང་གོ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་དང་སི་ཁྲོན་ཞིང་ཆེན་གསར་འགྱུར་པར་ལེན་སློབ་ཚོགས་ཀྱི་ལས་འཛིན། ལིའང་ཧྲན་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་ཁུར་བཞིན་ཡོད། ཡུལ་སྐོར་པར་ལེན་གྱི་དེབ་རིསཤར་བུད་མེད་རྒྱལ་ཁབ་སྟེ་ལུང་འགོ་མཚོ་མོདང་འགོ་ཡག་གི་གསང་བ་བརྟོལ་བབཅས་པར་སྐྲུན་བྱས་པ་མ་ཟད། དེབ་རིསངའི་སེམས་ནང་གི་ལུང་འགོ་མཚོ་མོཞེས་པ་གཙོ་སྒྲིག་པར་སྐྲུན་བྱས།

གནམ་གྲུར་ཐེངས་མང་བསྡད་དེ་གྲུ་ཤག་གི་སྒེའུ་ཁུང་ནས་ས་གཞིར་ལྟ་བའི་ཚེ་མཛེས་སྡུག་རི་ཀླུང་གིས་ངའི་མཁའ་ཐོག་ནས་པར་རྒྱག་པའི་འདོད་པ་གཏིང་ནས་བསླངས། ཡིན་ན་ཡང་སྒེའུ་ཁུང་ཆུང་དྲགས་ཤིང་ཤེལ་སྒོ་མཐུག་དྲགས་པས་ལམ་དུ་ལྷོང་མ་སོང་།


ཉེ་བའི་ལོ་ཤས་རིང་ལ། ལིའང་ཧྲན་ཆེན་མོར་མཁའ་ཐོག་ནས་པར་བརྒྱབ་པའི་བརྩམས་ཆོས་ཡག་པོ་གཅིག་རྗེས་གཉིས་མཐུད་དུ་མང་པོ་བྱུང་ཞིང་། དེའི་ནང་གི་བརྩམས་ཆོས་མི་ཉུང་བར་རིགས་སྣ་མང་གི་པར་ལེན་བྱ་དགའ་ཐོབ་ཡོད། པར་ལེན་བརྩམས་ཆོས་དེ་དག་ཀྱང་བརྗིད་ཉམས་ཆེ་ཞིང་མིག་རྒྱང་ཡངས་པས་མིའི་སེམས་རབ་ཏུ་སྤྲོ། ཡིད་དབང་གཏིང་ནས་འཕྲོག་པའི་པར་རིས་དེ་དག་ལ་ལྟ་དུས་ལོ་མང་པར་ལེན་གྱི་ལས་ཀ་བསྒྲུབས་པའི་ང་རང་གིས་ཀྱང་ཕྱོགས་གཞན་ཞིག་ནས་ལིའང་ཧྲན་ལ་བལྟ་འདོད་སྐྱེས།

དེ་ནས་ངས་ལིའང་ཧྲན་ཁུལ་གྱི་དམངས་འཚོའི་ཐོན་ལས་དང་ཡུལ་སྐོར་རིག་གནས་འཕེལ་རྒྱས་གནས་ཚུལ་ལ་དབྱེ་གསེད་ཅིག་བྱས་ཤིང་། ལིའང་ཧྲན་ཆེན་མོའི་རང་བྱུང་གི་མཛེས་ལྗོངས་དང་དུས་བཞིའི་འགྱུར་ལྡོག་ལ་ཞིབ་རྩིས་ཤིག་བརྒྱབ་པ་ཡིན། འགྲོ་ཞོར་དང་པར་རྒྱག་ཞོར་རེ་སྒུག་གིས་རང་སེམས་ཡོངས་སུ་བརླན། ཨན་ལིང་གཙང་པོའི་འགྲམ་དུ་ཡོད་པའི་མན་ལིང་རྫོང་གི་ཞི་ཧོ་གྲོང་སྡེ་དང་། ཏེ་ཁྲང་རྫོང་གི་མཱ་ལི་ཧྥེང་གློག་འདོན་ས་ཚུགས། ཡན་ཡོན་རྫོང་པེ་ཝུའུ་གྲོང་རྡལ་གྱི་འོད་ཤུགས་གློག་འདོན་ས་ཚུགས། ཟླ་བ་གསུམ་པར་ཚལ་མེ་ཏོག་སེར་ཐིང་ངེར་བཞད་པའི་ཡའོ་ཞི་ཐང་། ཡན་ཡོན་རྫོང་གི་ཀུ་ཤུའི་མེ་ཏོག་འོག་གི་ཞིང་པའི་སྡོད་ཁང་། མུ་ལི་རྫོང་གི་འགོ་ཡག་དང་ཆུ་ལོ་གྲོང་སྡེ། དེ་མིན་ལུང་འགོ་མཚོ་མོ། བློ་རྒྱས་ལ་བཅས་ནི་ངའི་མཁའ་ཐོག་པར་ལེན་འཕྲུལ་ཆས་ཀྱི་དམིགས་འབེན་དུ་གྱུར།

མཁའ་ཐོག་ནས་པར་ལེན་བྱེད་པར་ང་རང་ལ་མྱོང་ཚོར་གསར་པ་བྱུང་ཞིང་པར་ལེན་གྱི་དགའ་ཚོར་ཕུན་སུམ་ཚོགས་པོ་བྱུང་། ང་རང་གང་དུ་སོང་ཡང་མཁའ་ཐོག་པར་ཆས་ལུས་ལས་ཁ་བྲལ་མ་མྱོང་། དེ་སྔོན་གཞི་རིམ་དུ་པར་ལེན་བྱེད་དུ་འགྲོ་དུས་ལྗིད་ཚད་རྒྱ་མ༢༠ལྷག་ཡོད་པའི་པར་ལེན་ཁུག་མ་ཞིག་ཁུར་བ་དང་ད་ལྟར་དེའི་རྨང་གཞིའི་ཐོག་གཅེས་སུ་འོས་པའི་མཁའ་ཐོག་པར་ལེན་འཕྲུལ་ཆས་ཀྱང་ཁུར་བ་ཡིན། དེ་ལྟར་བཅར་འདྲི་དང་པར་ལེན་གྱི་ཁུར་པོ་ཇེ་ལྕི་རུ་སོང་ཡང་སེམས་གཏིང་གི་སྤྲོ་སེམས་ནམ་ཡང་འཇགས་ཐབས་བྲལ།


ང་རང་ངའི་ཕ་ཡུལ་ཞི་ཁྲང་ལ་ཧ་ཅང་དགའ། དཔྱིད་དཔལ་རབ་ཏུ་རྒྱས་པའི་གྲོང་ཁྱེར་འདིར་ཉེ་བའི་ལོ་ཤས་རིང་ལ་སྐྱེ་ཁམས་ཀྱི་ཁོར་ཡུག་ལེགས་བཅོས་ཐེབས་དང་ཐེབས་བཞིན་ཡོད། མཛེས་པའི་འདམ་རས་ཁྱུང་མཚོར་མེ་ཏོག་གི་མགུལ་རྒྱན་ཞིག་བསྒྲོན་པ་དང་ཆབས་ཅིག་ཁྱུང་མཚོའི་ཆུ་ཁོངས་ཀྱི་རྒྱ་ཁྱོན་ཡང་འདམ་ར་བསྐྲུན་པ་དང་བསྟུན་ནས་དུས་རབས་གོང་མའི་སྤྱི་ལེ་གྲུ་བཞི་མ༣༨ལ་ཉམས་གསོ་ཐུབ་པ་བྱུང་བས་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་གྱི་འདམ་ར་རུ་གྱུར་ཡོད།


ད་ལྟར་ང་རང་ལ་ཁོམ་པ་ཅུང་ཙམ་ཡོད་དུས་མཁའ་ཐོག་པར་ལེན་འཕྲུལ་ཆས་ཁུར་ནས་ཁྱུང་མཚོར་པར་ལེན་བྱེད་དུ་སོང་ཞིང་དུས་རིམ་དང་པོར་བསྐྲུན་པའི་འདམ་ར་ནས་དུས་རིམ་དྲུག་པར་བསྐྲུན་པའི་འདམ་རའི་བར་གྱི་མཛེས་ལྗོངས་དུས་བཞིའི་འགྲོས་དང་བསྟུན་ནས་རེ་རེ་བཞིན་པར་ལེན་བྱས་པ་ཡིན།

མཁའ་ཐོག་ནས་པར་ལེན་བྱེད་པའི་ལག་རྩལ་གསར་པ་དེ་ང་རང་ལ་མཚོན་ན་སློབ་ཚན་གསར་པ་ཞིག་ཡིན་ཞིང་བརྙན་ལེན་གྱི་སྐོར་སྔོན་ཆད་གཏན་ནས་སྦྱངས་མ་མྱོང་མོད། ངས་རིག་པ་ནངས་པར་འཆི་ཡང་བསླབ་ཅེས་པའི་ལེགས་བཤད་ལྟར། སྦྱོང་ཞོར་དང་པར་ལེན་ཞོར་ངའི་སེམས་པ་ཡང་མཁའ་ཐོག་པར་ལེན་འཕྲུལ་ཆས་གཏད་ཕྱོགས་དང་བསྟུན་ནས་མཁའ་དབྱིངས་སུ་དལ་གྱིས་འཕྱོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1