ཟླ་ཤས་སྔོན་དུ། ང་རང་ཕ་ཡུལ་སྡེ་དགེ་རུ་འགྲོ་སྐབས་མི་ཡུལ་གྱི་ལྷ་གནས་ལྟ་བུའི་མཛེས་ལྗོངས་ཤིག་པར་རྒྱག་པའི་གོ་སྐབས་ཤིག་ཐོབ་སོང་།
ཁྲོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་ལ་སྡེ་དགེའི་ཁྲོ་ལའང་ཟེར་ཞིང་། མཐོ་ཚད་སྨི་དྲུག་སྟོང་ལྷག་ཡོད་པས་ཁྲོན་བོད་གཞུང་ལམ་ཐོག་ཏུ་སྐད་གྲགས་ཧ་ཅང་ཆེན་པོ་ཆགས་ཡོད། ཁྲོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་དེ་སྡེ་དགེའི་ཡུལ་ཕྱོགས་ནས་གནས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། སྡེ་དགེའི་རྒྱལ་རབས་ཚང་མས་ཁྲོ་ཟིལ་ཁྲོམ་གསོལ་བའི་ལོ་རྒྱུས་ཡོད་ལ། གེ་སར་སྒྲུང་གི་སྟག་གཟིག་ནོར་འགྱེད་ནང་དུའང་ཁྲོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་ལ་ཕྱེ་མ་ལྡེ་མ་གང་ཐོབ་ཚུལ་དང་། འབུམ་པའི་རྒྱ་ཚ་ཞལ་དཀར་གྱིས་ཕ་ཡུལ་གྱི་ཆགས་ཚུལ་གླུ་རུ་ལེན་སྐབས། ཕུ་གསུམ་དཀར་ཡག་གངས་ཀྱི་རི། གངས་ལ་སེང་གེ་འཁོར་བའི་རི་ཞེས་སྒྲུང་ཡིག་མང་པོའི་ནང་མཐོང་ཐུབ།
དུས་རྒྱུན་འགྲུལ་བཞུད་པ་རྣམས་ཁྲོ་ལའི་གཞུང་ལམ་རྒྱུད་ནས་འགྲོ་སྐབས་ཁྲོ་ལའི་མཐའ་འཁོར་དུ་ད་དུང་མཛེས་ལྗོངས་ཅི་འདྲ་ཡོད་པ་མཐོང་ཐུབ་ཀྱི་མེད། ས་གནས་དེ་གའི་མི་ཚོས་ངོ་སྤྲོད་བྱས་པ་ལྟར་ན་ཁྲོ་ལའི་མཐའ་འཁོར་དུ་མཚོ་མིག་བརྒྱ་དང་བརྒྱད་ཅུ་ཡོད་ཚུལ་དང་། ད་དུང་ཁྲོ་ཟིལ་ཁྲོམ་གྱི་སྦས་སྡེ་སོགས་མཛེས་ལྗོངས་ལྟ་ན་སྡུག་པ་མང་དག་ཡོད་ཚུལ་བཤད་བཞིན་འདུག ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བདུན་ཉིན་ང་རང་འཁོར་མདོ་དགོན་པའི་རོགས་རམ་འོག་ཁྲོ་ཟིལ་ཁྲོམ་གྱི་ཧྱོ་ནའི་མཚོ་གོང་འོག་གི་མཛེས་ལྗོངས་འདྲ་པར་རྒྱག་སར་སོང་།
པར་འདི་རྣམས་ནི་ཁྲོ་ཟིལ་ཁྲོམ་གྱི་ཉེ་འཁོར་གྱི་ཧྱོ་ནའི་མཚོ་གོང་འོག་ནས་བླངས་པའི་མཛེས་ལྗོངས་ཀྱི་འདྲ་པར་ཁག་ཅིག་ཡིན་པས་ཐེངས་དང་པོར་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་བ་ཞིག་ཡིན་ནོ།
དཀོན་མཆོག་རྡོ་རྗེ་ནི་སྤྱི་ལོ༡༩༦༦ལོའི་ཟླ་བ༣པར་ཁམས་སྡེ་དགེ་འཁོར་ལོ་མདོ་རུ་སྐྱེས། ༡༩༨༦ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་དཀར་མཛེས་ཚགས་པར་ཁང་དུ་ལས་དོན་བསྒྲུབས། སྔོན་རྗེས་སུ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། ཁམས་པའི་འཛུམ་མདངས། ཁམས་པའི་འཛུམ་རིས། ཁམས་པའི་དྲ་བ་བཅས་ཀྱི་གཙོ་སྒྲིག་པའི་འགན་བཞེས་མྱོང་།
༢༠༡༢ལོར་སི་ཁྲོན་ཏང་གི་དུས་དེབ་ཁང་དུ་ལས་གནས་སྤོར་ཏེ། ད་ལྟ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། གངས་ལྗོངས་ཉི་གཞོན་དུས་དེབ། ཁ་བཏགས་དཀར་པོའི་དུས་དེབ། གེ་སར་འཁྲུངས་ཡུལ་གྱི་དུས་དེབ། གངས་ལྗོངས་ཉི་གཞོན་དྲ་བ་བཅས་ཀྱི་གཙོ་སྒྲིག་པའི་འགན་བཞེས་བཞིན་ཡོད།
སྔོན་རྗེས་སུ་དུས་དེབ་དང་ཚགས་པར༥༠ལྷག་ཙམ་ཐོག་ཏུ་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་རྩོམ། དཔྱད་རྩོམ། གསར་འགྱུར་རྩོམ་ཡིག་སོགས་རྩོམ་རིགས་སྣ་ཁ༢༠༠ལྷག་ཙམ་སྤེལ་མྱོང་བ་དང་། འདྲ་པར་བརྩམས་ཆོས༨༠༠༠ལྷག་སྤེལ་མྱངས། དེ་དག་ལས་བརྩམས་ཆོས༡༢༠ལྷག་ལ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱོང་།