2017ལོའི་ཀྲུང་གོའི་མཛོད་དགེའི་རྨ་ཁུགས་རྩྭ་ཐང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་སྟོན་དང་དབྱར་སྟོན་གྱི་ཟུར་བཀོད།
(གསར་འགོད་པ་བསོད་ནམས་སྐྱིད། )དབྱར་གཞུང་གི་མཛོད་དགེ་རྩྭ་ཐང་ཆེན་མོའི་མཐོན་མཐིང་གི་མཁའ་དབྱིངས་སུ་ཆུ་འཛིན་ལང་ལོང་དུ་འཁྲིགས་ཤིང་། མུ་མཐའ་མེད་པའི་སྤང་ཐང་ན་མཐིང་སྨུག་སྦྲ་ནག་ཕྱོགས་བཞིར་ཐང་མར་བརྡལ་བ་བ་དང་། དགའ་ཡེ་ཤེས་དར་རྒྱས་ཀྱི་གདུང་རྒྱུད་རྣམས་མི་རབས་ནས་མི་རབས་བར་འཚོ་གནས་བྱེད་པའི་གནས་མཚོག་མཛོད་དགེ་གླིང་དཀར་སྟོད་དུ་མི་ཚོགས་ལ་དུས་སྟོན་གྱི་དགའ་སྤྲོའི་ཡོ་ལང་རབ་ཏུ་རྒྱས། འདི་ནི་དབྱར་གཞུང་གི་ལྷན་འཛོམས་ཏེ། གླུ་ལེན་གར་རྩེད་ཀྱི་ལྟད་མོར་རོལ་བའི་འབྲོག་རྩྭ་ཐང་གི་སྟོན་མོ་ཡིན། ཟླ་7པའི་ཚེས་15ཉིན། 2017ལོའི་ཀྲུང་གོའི་མཛོད་དགེའི་རྨ་ཁུགས་རྩྭ་ཐང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་སྟོན་དང་དབྱར་སྟོན་གྱི་མཛད་སྒོ་མཛོད་དགེ་རྫོང་བཀྲ་ཤིས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་གྱིས་དུས་སྟོན་མགོ་ཚུགས་པ་བསྒྲགས་པ་རེད།
ད་ལོའི་དབྱར་སྟོན་གྱི་བྱེད་སྒོ་ནི་ཟླ་7པའི་ཚེས་15ཉིན་ནས་ཚེས་17ཉིན་བར་བཀྲ་ཤིས་ཐང་ཚོགས་ར་གཙོ་བོ་བྱས་ཏེ། མཛོད་དགེའི་རིག་གནས་འདུ་ར་དང་མཚོ་ཁྲ་ཁྱབ་རྟ་རྒྱུག་ར་བ། རྨ་ཁུགས་དང་པོའི་ཚོགས་ར་སོགས་ཡན་ལག་ཚོགས་ར་ནས་མཛད་སྒོ་རྒྱ་ཆེན་སྤེལ་བ་རེད།
དུས་སྟོན་དུ་ཨ་མདོའི་དཀྲོལ་ལེན་འཁྲབ་སྟོན་དང་མེ་ཕུང་སྐོར་བྲོ། མཛོད་དགེའི་སྐོར་བྲོ་འཁྲབ་སྟོན། བོད་ཀྱི་རྣམ་ཐར་འཁྲབ་སྟོན། ཨ་མདོའི་རྟ་རྒྱུག སྲོལ་རྒྱུན་དམངས་སྲོལ་རིག་གནས་འཁྲབ་སྟོན། ཀྲུང་གོའི་ཆེས་མཛེས་སྡུག་གི་བརླན་ས་མཛོད་དགེའི་པར་རིས་འགྲེམ་སྟོན་སོགས་མི་རིགས་རང་གི་ཁྱད་ཆོས་མངོན་པར་འཕགས་པའི་ལྟད་མོ་སྣ་ཚོགས་བཀོད་སྒྲིག་བྱས་ཡོད།
ཉིན་དེ་དག་རིང་དུ་བོད་ཀྱི་མིང་གྲགས་ཆེ་བའི་གླུ་བ་དཔལ་མགོན་དང་ཀུན་དགའ། རྡོ་རེད། ཚེ་དབང་ལྷ་མོ། ཆོས་རྒྱལ། ནམ་མཁའ་འཚོ། བསོད་ནམས་བཀྲ་ཤིས། ཀླུ་མོ་འཚོ་སོགས་དང་ས་གནས་ཀྱི་འཁྲབ་སྟོན་པ་མི1500ལྷག་གིས་འཁྲབ་སྟོན་གྱ་ནོམ་པ་བྱས་པས་རྒྱ་ཆེའི་ལྟད་མོ་བས་དགའ་བསུའི་འབོད་སྒྲ་དང་ཀི་འབོད་རྩྭ་ཐང་ཡངས་བོར་ཡང་ནས་ཡང་དུ་ཁྱབ།
དབྱར་སྟོན་ནི་མཛོད་དགེ་རྫོང་གི་དབྱར་ཁར་དགའ་བའི་རྟེན་འབྲེལ་ཞུ་བ་དང་སྐྱིད་པའི་དུས་ཚིགས་རོལ་བའི་དུས་སྟོན་ཞིག་ཡིན།དེང་རབས་བོད་ཀྱི་སློབ་གསོ་བ་ཆེན་མོ་མཛོད་དགེ་བློ་བཟང་ཉི་མས་དཔྱིད་ལ་དཔྱིད་སྟོན་དང་དབྱར་ལ་དབྱར་སྟོན་ཡོད་ཅེས་གསུངས་པ་ལྟར། དབྱར་ཁ་དགའ་སྐྱིད་ཀྱིས་བསུ་བའི་དུས་སྟོན་ཞིག་ཡིན།རོང་ཁུལ་གྱི་བོད་རྩིས་ཀྱི་ཟླ་ལྔ་བ་དང་འབྲོག་ཁུལ་དུ་བོད་རྩིས་ཀྱི་ཟླ་དྲུག་པའི་ཟླ་དཀྱིལ་དུ། ཁྱིམ་ཚང་རེ་རེ་ཕྱི་རོལ་ཏུ་སྤྲོ་གསེང་ལ་འགྲོ་བ་དང་། སྡེ་བ་རེ་རེ་ལྷན་དུ་འཛོམས་ནས་རི་མཐོ་སར་འཛེགས་ནས་མཛེས་ལྗོངས་ལ་བལྟ་བ་དང་བསང་མཆོད་བྱེད་པ་རེད། མཛེས་ཤིང་སྐྱིད་པའི་ཐང་ལ་སྒར་བརྒྱབ་ནས་དུས་ཀྱི་བསིལ་དྲོད་མྱོང་བཞིན་ཞིམ་པའི་ཟས་རིགས་ལོངས་སུ་སྤྱོད་པ་རེད། ན་གཞོན་ཚོས་རྟ་རྒྱུག་དང་ཤེད་འགྲན་པ། མདའ་འཕེན་པ་རེད། སྐྱེས་མ་ཚོས་གླུ་ལེན་གར་འཁྲབ་བྱེད། རྒན་རབས་པས་ལོ་རྒྱུས་སྙན་ངག་གྱེར་འདོན་དང་མེས་པོའི་བསླབ་བྱ་བརྒྱུད་སྤྲོད་བྱེད། ཀུན་གྱིས་རང་བྱུང་ཁམས་ཆེན་མོའི་བསིལ་དྲོད་རོལ་ནས་ངལ་དུབ་སེལ་བ་དང་སེམས་ཁམས་ཇེ་དྭངས་སུ་བསྒྱུར་བ་རེད། སྟོན་ཁར་ལོ་ལེགས་བསྡུ་བར་གྲ་སྒྲིག་བྱེད། ཉེ་བའི་ལོ་བཅུ་ལྷག་རིང་།དབྱར་སྟོན་ལོ་རེ་བཞིན་ཇེ་གཟབ་ཇེ་རྒྱས་སུ་འགྲོ་བཞིན་ཡོད།
དེ་ཡང་དགེ་བཅུའི་དཔལ་ཡོན་འཛོམས་པའི་མཛོད་དགེ་རྨ་ཁུགས་རྩྭ་ཐང་དུ།སེར་ཆེན་མེ་ཏོག་ལྷུག་པོར་འཛུམ་ལ། རྫི་གླུ་སིང་སིང་སྙན་ཞིང་འཇེབས།དབྱར་དུས་ཀྱི་དུས་སྟོན་འདིར།མཛོད་དགེའི་མི་རིགས་ཁག་གི་བུ་བུ་མོས་འདི་ནས་གླུ་ལེན་གར་འཁྲབ་དང་།དྲི་མེད་ཀྱི་ཁ་བཏགས་དཀར་བོ་དང་སྤྲོ་སེམས་འཁོལ་བའི་ཞབས་བྲོ།དྲུག་འགྱུར་རྒྱུད་དཀྲོལ་གཏོང་ལེན་སོགས་ཀྱིས་དབྱར་སྟོན་ལ་རྟེན་འབྲེལ་ཞུས།
མགོ་ཚུགས་མཛད་སྒོ་བཀྲ་ཤིས་བསང་མཆོད་ནས་དབུ་ཚུགས་ཏེ། དང་བོ་དག་གཙང་གི་ཞིང་ཁམས་དང་བཀྲ་ཤིས་པའི་གཡང་ར། གཉིས་པ་རྨ་ཁུགས་ནོར་བུ་དགའ་འཁྱིལ། སེར་ཆེན་མེ་ཏོག་ལྡེམ་སེ། གསུམ་པ་སྤང་གཞུང་གཡུ་ཡི་མེ་ལོང་རེད། མཚོ་ཆེ་ཆུང་དེ་ཡི་གཡང་རྟེན་བཅས་འཁྲབ་ཚན་གསུམ་ལ་དབྱེ་ནས། གསེར་འཆམ་དང་སེང་འཆམ། དྲི་མེད་ཀུན་ལྡན་གྱི་རྣམ་ཐར། ཚོགས་བྲོ། སྙན་ངག་གྱེར་འདོན། པི་ཝང་སྟོང་དཀྲོལ་མ་སོགས་ནང་དོན་ཕུན་སུམ་ཚོགས་ཤིང་ངོ་མཚར་རྨད་དུ་བྱུང་བའི་མི་རིགས་རང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་འཁྲབ་སྟོན་བྱས།
སྒྲ་སྙན་རྡུང་ལེན་ནི་བོད་ཁུལ་ན་ཆེས་དར་རྒྱས་ཆེ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ་བོད་ཀྱི་སྤྱི་ཚོགས་འཚོ་བའི་གཏིང་དུ་འཐིམ་ཡོད། གནས་འདི་ཡི་རྒན་དར་གཞོན་གསུམ་ཚང་མ་རྡུང་ལེན་སྒྱུ་རྩལ་ལ་ཤིན་ཏུ་དགའ་མོས་ཡོད་པར་མ་ཟད། དུས་སྟོན་ལ་མེད་དུ་མི་རུང་བའི་གླུ་གར་ཅིག་ཀྱང་ཡིན།
ཨ་མདོའི་རྡུང་ལེན་འགྲན་སྡུར་ལས།བོད་ཁུལ་གྱི་རྡུང་ལེན་པ་གྲགས་ཅན་དཔལ་མགོན་དང་རྡོ་རེད། བཀྲ་ཤིས་སྒྲོལ་མ། མོ་ལྷ། ཚོགས་དྲུག ཐར་ཆེན་བཅས་དཔྱད་འདེམ་པ་ལ་གདན་འདྲེན་ཞུས་ཡོད་པ་དང་། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འགྲན་ཞུགས་པ་110ལྷག་གིས་རྟིང་རྩོད་འགྲན་སྡུར་བྱས་མཐར། ཨང་དང་པོ་ནས་ཨང་དྲུག་པའི་བར་བྱ་དགའ་རེ་དང་ཕུལ་བྱུང་བྱ་དགའ་14སྤྲད་པ་རེད། ཐེངས་འདིའི་འགྲན་སྡུར་ལས་རྒྱལ་ཁབ་ཕྱི་ནང་གི་མི་མང་བོས་ཨ་མདོའི་རྡུང་ལེན་དང་ཨ་མདོ་ས་ཁུལ་གྱི་རིག་གནས་རྒྱུས་ལེན་ཐུབ་པ་དང་། རྡུང་ལེན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བ་རེད།
རྟ་རྒྱུག་ནི་བོད་ཡུལ་གྱི་ས་ཕྱོགས་ཀུན་ཏུ་དར་བའི་འགྲན་སྡུར་གྱི་བྱེད་སྒོ་ཞིག་ཡིན་ལ།ལོ་སར་དུས་དང་དགའ་སྟོན་སྣ་ཚོགས་ཀྱི་སྐབས་སུ་ཁྲོམ་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ནས་སྟག་ཤར་སྐྱ་རྩལ་ཅན་རྣམས་ཀྱིས་རྟ་རྒྱུག་བྱེད་བཞིན་ལྟད་མོ་སྣ་ཚོགས་སྟོན་པ་ཡིན་པས།ཐེངས་འདིའི་དབྱར་སྟོན་སྐབས་སུ་སི་ཁྲོན། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་གསུམ་གྱི་རྫོང་22ཀྱི་རྟ་བ་700ཡིས་གཟའ་རུ་རྩྭ་ཐང་ཆེན་མོ་རུ་ཟླ་འདིའི་ཚེས་21ཉིན་བར་དུ་འགྲན་སྡུར་བྱས་ཏེ་ཨང་རིམ་རྩོད་རྒྱུ་རེད་ལ། གཞན་ད་དུང་ས་གནས་ཀྱི་དམངས་གླུ་འགྲན་སྡུར་དང་། ས་སྒྱེ་འཇོག་པ། ཨ་མདོའི་ཕོ་རྒོད་དཔྱད་འདེམས།
ཁྲོ་ཁོའི་རྟ་མཆོག་དཔྱད་སྡུར། རིག་རྩལ་འཁྲབ་སྟོན། སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན། རྟ་ཐོག་དཀྲོལ་ལེན་འཁྲབ་སྟོན། མདའ་རྩལ་ངོམས་སྟོན་སོགས་སྤེལ་རྒྱུ་ཡིན་པས། མང་ཚོགས་དང་མགྲོན་པོ་ཚོས་གདེང་འཇོག་ཆེན་པོ་བྱེད་བཞིན་འདུག
སྐོར་བྲོ་ནི་ཞབས་བྲོ་ཀུན་གྱི་ཡུམ་ཡིན་ཞེས་པ་ལྟར་དུ། སྐོར་བྲོའི་ལོ་རྒྱུས་ཧ་ཅང་རྒྱུན་རིང་ཞིང་། ས་གནས་སོ་སོའི་བྲོ་པའི་གོན་པ་དང་། གཞས་ཚིགཉམས་འགྱུར། འཁྲབ་སྟངས། གྲལ་གཤར་གྱི་འགྱུར་ལྡོག་སོགས་ལ་རང་རང་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ལྡན་ལ། མཛོད་དགེའི་སྐོར་བྲོའི་དབྱངས་དང་སྟངས་སྟབས་དམངས་ཁྲོད་ནས་བསྡུ་ལེན་བྱས་པ་དང་མཛོད་དགེའི་དམངས་གཞས་དང་ཞབས་བྲོ་སོགས་དངོས་མིན་རིག་གནས་གར་སྟེགས་སུ་འཁྲབ་ནས་རྒྱུན་འཛིན་དང་དར་སྤེལ་བྱས།
ཚོགས་རའི་ཡུལ་དངོས་སུ་ད་དུང་རྔ་ཁུལ་གྱི་ས་གནས་སོ་སོའི་ཁྱད་ལྡན་ཚོང་རྫས་འགྲེམ་ཚོང་དང་ཟས་མཆོག་གི་བྲོ་བ་ལོངས་སྤྱོད། པར་རིས་གཤམ་སྟོན་སོགས་བྱས་ཡོད་ལ། ཚོང་འགུག་དངུལ་འདྲེན་ལ་བརྟེན་ནས་ལག་རྩལ་ཡར་ཐོན་དང་ཡུལ་སྐོར་རིག་གནས་གསར་གཏོད་ལ་སྐུལ་འདེད་བཏང་བ་དང་མཛོད་དགེ་རྫོང་གི་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པ་རེད།
དབྱར་སྟོན་དུས་ཆེན་གྱིས་མཛོད་དགེ་གླིང་དཀར་སྟོད་ཀྱི་ཡུལ་སྐོར་རིག་གནས་རྒྱ་ཆེར་དྲིལ་སྒྲོག་དང་། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་མཛོད་དགེའི་དམངས་སྲོལ་རིག་གནས་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པར་མ་ཟད། མཛོད་དགེའི་དམངས་ཁྲོད་རིག་གནས་དང་ཡུལ་སྐོར་ལས་རིགས་མཉམ་དུ་འདྲེས་པའི་རིག་གནས་ཡུལ་སྐོར་སྔོག་འདོན་བྱ་བར་ཕན་ནུས་ཆེན་པོ་ཐོན་ཡོད། །