སྡེ་དགེའི་རྫོགས་ཆེན་གྱིས་དབྱར་དུས་སུ་གེ་སར་འཆམ་པ།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-27


        སྤྱི་ཟླ7པའི་ཚེས་25ཉིན།སྡེ་དགེའི་རྫོགས་ཆེན་དགོན་དུ་གེ་སར་གར་འཆམ་གྱི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ཐོག་ཡུལ་སྐོར་བ་དང་འཆམ་མཇལ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།  

        གེ་སར་གར་འཆམ་ཆེན་མོ་ནི་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྲོལ་གཏོད་ཅིང་། ལོ་རེའི་དགུན་ཁའི་ཕུར་ཆེན་སྐབས་སུ་གེ་སར་འཆམ་སྲོལ་ཡོད། འོན་ཀྱང་། ལོ་འདི་དག་གི་རིང་ལ་བོད་ཁུལ་དུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་པ་དང་དད་ལྡན་སྐྱ་སེར་རྣམས་ཀྱང་དབྱར་དུས་སུ་ཅུང་སོས་དལ་ཡིན་པས། དགོན་པའི་བདག་གཉེར་བ་དག་གིས་ད་ལོ་ནས་བཟུང་དབྱར་དུས་སུ་གར་འཆམ་བྱ་རྒྱུ་གཏན་ཁེལ་བྱས་པ་རེད།

        ཞོགས་པའི་དུས་ཚོད་དགུ་ལྷག་ནས་གར་འཆམ་པའི་འགོ་བརྩམས་པ་དང་ཚོགས་ར་བརྗིད་ཆགས་ཤིང་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་ཀྱིས་ཐང་ཆེན་ཁེངས་ཡོད། སྔ་དྲོར་ལེ་ཚན་བདུན་དུ་ཕྱེས་ཤིང་དང་པོ་གླིང་གི་མ་སྲུ་མོ་སྨན་དང་དེ་ནས་དགྲ་ལྷ་ཝེར་མའི་ཚོགས། རིམ་བཞིན་གླིང་ལྷའི་སྐོར་དང་དཔལ་རྟུལ་ཞི་རྒྱས་དབང་དྲག་སོགས་རྒྱས་པར་འཆམས་རྗེས་ཉིན་གུང་གི་གསོལ་ཚིགས་བཞེས་པ་རེད། ཕྱི་དྲོ་བསྡོམས་པས་ལེ་ཚན་བཞི་ལ་ཕྱེས་ཤིང་དང་པོ་དང་གཉིས་པ་ནི་གླིང་གི་ལྷ་ཚོགས་དང་དཔལ་རྟུལ་མང་འཆམ། དེ་མིན་མོ་སྨན་ཚོགས་ཡིན་ལ།  ལེ་ཚན་གསུམ་པ་དང་བཞི་པ་ནི་སྟོང་ཉིད་ལྷ་མོ་བརྒྱད་ཀྱི་གར་འཆམ་དང་རླུང་རྟའི་སྐོར་ལ་ནང་གསེས་འཆམ་ཚན་བརྒྱད་དུ་ཕྱེས་ནས་འཆམས་པས།  ཕྱི་དྲོ་ཆུ་ཚོད་དྲུག་པ་ལྷག་ལ་གར་འཆམ་གྱི་མཇུག་ཡོངས་སུ་རྫོགས་པ་རེད།།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1