༄༅།། ལྕགས་ལའི་རྒྱལ་རྒྱུད་ཀྱི་འབྱུང་ཁུངས།

མི་ཉག་ཐུབ་བསྟན་ཆོས་དར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-27


     བོད་ཡིག་གི་སྟེང་ནས་འགྲེལ་བཤད་ཁ་གསལ་བྱས་པ་ཞིག་མ་མཐོང་། ལྕགས་ལ་རྒྱལ་མཚན་དང་དམངས་ཁྲོད་ཀྱི་བཤད་སྲོལ་ལ་མི་ཉག་སེ་བོ་རོང་གི་རྒྱལ་པོའི་རྒྱལ་རྒྱུད་ཡིན་པར་སྨྲ། རྒྱ་ཡིག་དག་ལས་བཤད་ཚུལ་མི་འདྲ་བ་འགའ་ཞིག་མཆིས། གཙོ་བོ་གསུམ་ཙམ་འདུག་སྟེ། དང་པོ་ནི། ཧན་རྒྱལ་རབས(汉朝)སྐབས་ཀྱི་འབྲོག་པའི་རྒྱལ་པོ་དང་། གཉིས་པ་ནི། སུང་རྒྱལ་རབས(宋朝)སྐབས་ཀྱི་བྱང་མི་ཉག་སི་ཧུ་རྒྱལ་པོ་དང་། གསུམ་པ་ནི། ཆིང་རྒྱལ་རབས(清朝)སྐབས་ཀྱི་གོང་མ་གོ་ཆིན་ཝཾ(果亲王)གི་རྒྱུད་པ་ལས་བྱུང་ཚུལ་བཤད་འདུག་གོ།

    དེའང་དང་པོ་འབྲོག་རྒྱལ་ནི། ཧན་རྒྱལ་རབས་ཀྱི་ལོ་རྒྱུས་སོགས་ལས། སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ཡས་མས་སུ་ཉག་ཆུ་དང་རྒྱལ་མོ་རྔུལ་ཆུ་གཉིས་ཀྱི་བར་ན་འབྲོག་པའི་རྒྱལ་ཁམས(旄牛国)ཤིག་ཡོད་པར་བསྟན་ཡོད། དེའི་ཕྱིར་ལོ་རྒྱུས་སྨྲ་བ་ལ་ལས་དེ་ལྕགས་ལའི་རྒྱལ་རྒྱུད་ཀྱི་འབྱུང་ཁུངས་དང་། མ་ཟད་མི་ཉག་གི་མིང་གི་བྱེ་བྲག་ཅིག་ཡིན་པར་བསྟན་ཡོད་དོ།། འབྲོག་རྒྱལ་དང་ལྕགས་ལའི་རྒྱལ་རྒྱུད་གཉིས་ཀྱི་བར་ན་དུས་ཡུན་ཧ་ཅང་རིང་པོར་བརྒྱུད་ཡོད་པས། འབྲོག་རྒྱལ་གྱི་རྒྱུད་པ་ཡིན་ཞེས་ཁ་ཚོན་གཅོད་པར་དཀའ་མོད། འོན་ཀྱང་འབྲོག་རྒྱལ་དང་མི་ཉག་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་མངོན་ཏེ། ཧན་རྒྱལ་རབས་ཀྱི་ལོ་རྒྱུས་སོགས་ལས། བཙན་རྒྱལ་དང་། བཙན་རྟ། བཙན་ནོར“笮都”“笮马”牦牛”ཞེས་པ་དང་། བོད་ཀྱི་ལོ་རྒྱུས་རྣམས་སུ་མི་ཉག་ལ་ཙ་མི་དང་མི་ཉག་ཙ་མི་རྒྱལ་པོ་ཞེས་བྲིས་འདུག་པས། རྒྱ་བོད་ཀྱི་ཡི་གེ་གཉིས་སྒྲ་དོན་གཉིས་ཀ་གཅིག་མཐུན་གྱུར་འདུག་པ་དང་། རྒྱའི་དེབ་ཐེར་དག་ལས་ཐོག་མར་མི་ཉག་གི་ལྟེ་བ་མདོ་ཁམས་ཕྱོགས་དང་། དེའི་རྗེས་དེང་དུས་ཀྱི་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ས་ཆ་དག་ཡིན་པར་བསྟན་ཡོད་པ་དང་། བོད་ཀྱི་དེབ་ཐེར་རྣམས་སུ་སྲོང་བཙན་གྱིས་མི་ཉག་རྒྱལ་པོའི་སྲས་མོ་རུ་ཡོངས་བཟའ་ཁབ་ཏུ་བཞེས་པ་དང་། ཤར་ཕྱོགས་ན་ཙ་མིའམ་མི་ཉག་གནས་ཞེས་པ་སོགས་ལ་དཔག་ན། མི་ཉག་ལྕགས་ལའི་ས་ཆ་དང་འབྲེལ་བ་དམ་ཟབ་ཡོད་པ་ཤིན་ཏུ་གསལ་ལོ།།

      གཉིས་པ་སི་ཧུ་རྒྱལ་པོ་ནི། འགའ་ཞིག་གིས་བྱང་མི་ཉག་སི་ཧུ་རྒྱལ་པོ་དང་། ཁམས་མི་ཉག་སེ་བོའི་རོང་གཉིས་གཅིག་ཏུ་འཁྲུལ་ནས་ལྕགས་ལའི་རྒྱལ་རྒྱུད་དེ་བྱང་མི་ཉག་སི་ཧུ་རྒྱལ་པོ་ལས་བྱུང་བར་སྨྲ། གོང་ཞུས་ལྟར་ལྟ་བ་དེ་དམངས་ཁྲོད་ཀྱི་བཤད་རྒྱུན་ལས་བྱུང་བ་ཞིག་ཡིན། སི་ཧུའི་སྒྲ་ནི་རྒྱ་ཡིག་ལས་ཤིས་ཞཱ(西夏)ཞེས་སྒྲ་གདངས་ལས་བྱུང་བ་དང་། སེ་བོའི་རོང་ནི་ཡུལ་མིང་གི་སྒོ་ནས་བྱུང་བ་ཞིག་ཡིན་མོད། འོན་ཀྱང་དེ་གཉིས་གཅིག་ཏུ་འཁྲུལ་ནས་ནོར་བར་མངོན་ནོ།།

     གསུམ་པ་གོ་ཆིན་ཝཾ་ནི།(果亲王)ལྟ་བ་དེ་རྒྱ་ཡིག་ལས་ལྕགས་ལ(甲拉)དང་ལྕགས་མོ(甲木)ཞེས་པའི་ཚིག་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ལྟར་ན་གོ་ཡིན་དགོས་པ་ལས་ཇི་ལྟར་ལྕགས་ཡིན་ཞེ་ན། དེའང་ཁོ་ཚོས་འགྲེལ་བཤད་འདི་ལྟར་བྱས་ཡོད། གོ(果)ཞེས་པའི་ཡི་གེ་དེ་ཡིག་འབྲུ་གཉིས་སུ་བྱས་པས་ལྕགས(甲)ཡིག་དེ་བྱུང་བ་ཡིན་ཟེར་རོ། འདོད་ཚུལ་དེ་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པར་དཀའ་སྟེ། གོ་ཆིན་ཝཾ་ནི་སྤྱི་ལོ༡༦༩༧ལོ་ནས་སྤྱི་ལོ༡༧༣༨ལོའི་སྐབས་ཀྱི་མི་སྣ་ཞིག་ཡིན། ལྕགས་ལ་ཞེས་པའི་ཚིག་དེ་གོ་ཆིན་ཝཾ་གི་སྔོན་ནས་བྱུང་ཡོད་པ་རྒྱ་བོད་ཀྱི་ཡི་གེ་གཉིས་ན་ཁ་གསལ་བཞུགས། དེའང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྤྱི་ལོ༡༧༠༢ལོར་བརྩམས་པའི《ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རབ་གསལ་སྙེ་མ》ལས་ལྡེབ༧༩༦ན། དེ་ཡང་དར་རྩེ་མདོ་ས་སྐྱོང་འཕྲིན་ལས་རྒྱ་མཚོའི་དུས་བླ་མ་རབ་འབྱམས་པའི་ལག་ནས་བཞེས་པའི་གཞུང་ཞབས་སུ་ཆུག་པ་ལས། གོང་མ་རྒྱལ་པོའི་མངའ་ཞབས་ནས་ཤོར་བ་སོགས་མིན་རུང་། ཕྱིས་རྒྱ་བོད་ཀྱི་སྣེ་མོ་བ་འགའི་བྱེད་རྐྱེན་ལ་བརྟེན་དར་རྩེ་མདོ་རྒྱ་འོག་ཡིན་པའི་རྩོད་གླེང་དང་། ཉེ་ལམ་ལ་ལོ་རྩེ་པ་དང་ལྕགས་ལ་བཟློས་པའི་མི་ཆེན་དཔོན་བསད་མིན་སྐོར་དང་། ཞེས་གསུངས་པས་ལྕགས་ལ་ཞེས་པའི་ཚིག་དེ་གསལ་པོར་བྲིས་འདུག་གོ།

     ལྕགས་ལའི་རྒྱལ་རྒྱུད་འདི་དར་རྩེ་མདོ་རང་ས་ནས་བྱུང་བ་ཞིག་ཡིན་ནམ་ཡང་ན་ཡུལ་གཞན་ནས་བྱུང་བ་ཞིག་ཡིན་པ་ཁ་ཚོན་གཅོད་དཀའ་མོད། འོན་ཀྱང་དུས་རབས་བཅུ་བཞི་པའི་སྐབས་སུ་ལྕགས་ལའི་རྒྱལ་པོ་ནམ་མཁའ་ལེགས་པའི་རྒྱལ་མཚན་ཡིན་པ་དང་རྒྱལ་ས་དར་རྩེ་མདོ་ན་ཡོད་པ་ནི། སྐབས་དེའི་དུས་སུ་མཛད་པའི་མི་ཉག་འཇམ་དབྱངས་གྲགས་པའི་རང་རྣམ《རྣམ་ཐར་གཞན་ལ་ཕན་པའི་ཉི་མའི་འོད་ཟེར》ལས་ཁ་གསལ་བཀོད་ཡོད་པས་རྩོད་པ་གང་ཡང་མེད་དོ།། དེ་ནས་དེང་གི་ལྕགས་ལ་རྒྱལ་མཚན་གྱི་བར་རྒྱལ་རབས་བར་མ་ཆད་པར་བྱུང་ཡོད་དོ།། །།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1