བོད་ལྗོངས་སློབ་གྲྭ་ཆེན་མོ། གསང་བདག་ཚེ་རིང་། རྡོ་རྗེ་སྐྱིད།
ནང་དོན་གནད་བསྡུས། རྩོམ་འདིའི་ནང་དེང་རབས་ན་གཞོན་རྩོམ་པ་པོ་སྒོ་མེ་ཚེ་རིང་བཀྲ་ཤིས་ལགས་ཀྱི་སྒྲུང་རིང་མར་ངོའི་ཟླ་བ་ཞེས་པར་དེང་རབས་རྩོམ་རིག་གི་གཞུང་ལུགས་རྨང་གཞི་བྱས་ཏེ་རང་གི་ལྟ་ཚུལ་དང་འབྲེལ་ནས་དཔྱད་བརྗོད་ཅུང་ཙམ་བྱས་ཡོད།
བརྡ་ཆད་གཙོ་བོ། སྒྲུང་རིང་། མར་ངོའི་ཟླ་བ། སྐྱོན་ཡོན་བརྗོད་པ།
གླེང་གཞི།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་བོད་ཀྱི་དེང་རབས་རྩོམ་རིག་ལ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དེ་སྔ་སྙན་གྲགས་མེད་པའི་རང་རིགས་ན་གཞོན་རྩོམ་པ་པོ་མང་པོ་ཞིག་ཆར་རྗེས་ཀྱི་མྱུ་གུ་བཞིན་འཚར་ལོངས་བྱུང་བ་དང་དེ་དག་གིས་རང་གི་སྐད་དང་ཡི་གེ་ལ་བརྟེན་ནས་དངོས་ཡོད་འཚོ་བ་མཚོན་པའི་གསར་རྩོམ་གྱི་ལས་ཞིག་བཏོད་པ་དཔེར་ན་སྙན་གྲགས་ཆེ་བའི་རྩོམ་པ་པོ་དཔལ་དོན་གྲུབ་རྒྱལ་དང་ཨ་སྨྱོན་བཀྲ་ཤིས་དོན་གྲུབ། གླང་མདུན་དཔལ་འབྱོར། སྟག་འབུམ་རྒྱལ། རེབ་གོང་རྡོ་རྗེ་མཁར་སོགས་ཀྱི་བརྗོད་བྱ་ལ་མི་ཆོས་ཀུན་སྤྱོད་ཀྱིས་སྤྱི་ཚོགས་ཁོར་ཡུག་ལེགས་པར་བསྒྱུར་བ་དང་ཆོས་ལུགས་རྫུན་མའི་གདོང་འབག་བཤུས་ཏེ་རྨོངས་དད་ལ་མཚང་འབྱིན་བྱེད་པ། སྲོལ་རྒྱུན་གྱི་འདུ་ཤེས་དང་བསམ་བློ་གསར་པ་བར་གྱི་འགལ་བ་སོགས་བྱས་པའི་སྒྲུང་གཏམ་རིང་འབྲིང་ཐུང་གསུམ་དང་ཡིག་རྒྱ་མ་སོགས་མང་དུ་བྱུང་བ་རེད། དེ་བཞིན་དུ་སྔོན་གྱི་ཕུལ་བྱུང་རྩོམ་པ་པོ་དག་གི་རྨང་གཞིའི་འོག་སྒྲུང་གཏམ་གསར་པ་འབྲི་མཁན་ཡང་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད་རྩོམ་རིག་ནི་དུས་རབས་ངེས་ཅན་ཞིག་ལས་བྱུང་བའི་དུས་རབས་ཀྱི་མེ་ལོང་ལྟ་བུ་ཡིན་པས་སྤྱི་ཚོགས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་རྩོམ་རིག་བརྩམས་ཆོས་ཀྱི་བརྗོད་བྱ་ལའང་འགྱུར་ལྡོག་འབྱུང་སྲིད། དེ་བས་དེང་རབས་རྩོམ་པ་པོ་ཁྲི་སེམས་དཔའ་ལགས་ཀྱི་སྒྲུང་རིང《མར་ངོའི་ཟླ་བ》ལྟ་བུར་མཚོན་ན་བརྗོད་བྱའི་ཐད་གོང་གི་བརྩམས་ཆོས་དག་དང་བསྡུར་ན་ཐོལ་བརྒལ་གྱི་ཆ་འདུག་པས་འདི་ལ་དཔྱད་བརྗོད་ཀྱི་རིན་ཐང་ངེས་ཅན་ཞིག་འདུག་སྙམ་ནས་འདིར་རིམ་པ་གསུམ་གྱི་སྒོ་ནས་ཅུང་ཙམ་དཔྱད་རྒྱུ་ཡིན་ལ། དང་པོ་སྒྲུང་གཏམ་གྱི་སྤྱི་ཚོགས་རྒྱབ་ལྗོངས་གླེང་བ། གཉིས་པ་སྤྱིའི་ཆ་ནས་བརྩམས་ཆོས་ཀྱི་སྐྱོན་ཡོན་བརྗོད་པ།གསུམ་པ་སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་འགལ་བ་ལས་སྐབས་དེའི་བོད་མིའི་སྤྱི་ཚོགས་སྣང་ཚུལ་ཞིག་ལ་བལྟ་བ་བཅས་སོ། །
དང་པོ། སྒྲུང་གཏམ་གྱི་སྤྱི་ཚོགས་རྒྱབ་ལྗོངས་གླེང་བ།
སྒྲུང་རིང་འདིའི་རྩོམ་པ་པོ་ཁྲི་སེམས་དཔའ་ལགས་ནི་ལོ་རབས་བརྒྱད་ཅུའི་མཇུག་གི་དེང་རབས་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་ཀུན་ལ་གསལ་བར་མ་ཟད་སྒྲུང་གཏམ་གྱི་མགོའང2000ལོར་འཛམ་གླིང་ལ་བྱུང་བའི་དོན་ཆེན་འགའ་བརྗོད་ཡོད་དེ་དོན་རྐྱེན་དེ་དག་བོད་ནང་ལ་འབྲེལ་བ་སྤུ་ཙམ་མེད་ནའང་། ལོ་དེ་ནི་ཟླ་བར་མཚོན་ན་བརྗེད་དཀའ་བ་ཞིག་ཡིན་པ་འདྲ། ལོ་དེར་ཟླ་བ་ནང་ལོགས་ཀྱི་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ་ཟི་ལིང་དུ་ཡོང་ནས་གཞུང་གི་བྱ་བ་འཚོལ་བ་དེ་རེད། འོན་ཏེ2000ལོ་ཡས་མས་ནི་བོད་ཀྱི་བྱིས་པ་མང་པོ་ཞིག་རིག་པའི་སྐྱེད་ཚལ་དུ་འགྲིམ་བཞིན་པའི་སྒང་ཡིན་པར་མ་ཟད་སློབ་གྲྭར་ཞུགས་ཚད་ཀྱང་རིམ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་སྒང་ཡིན་པས་བོད་ཀྱི་སློབ་གསོའི་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ་བཞིན་འདུག
ཡིན་ནའང་སྒྲུང་གཏམ་ཁྲོད་ཀྱི་ཟླ་བའི་ལས་དབང་ལས་ཤེས་སླ་བ་ཞིག་ནི་མཐོ་རིམ་སློང་གྲྭར་འགྲིམས་མྱོང་བའི་བོད་རིགས་ན་གཞོན་པ་མང་པོས་ཟི་ལིང་ལྟ་བུའི་གྲོང་ཁྱེར་ནས་གཞུང་གི་བྱ་བ་ཚད་ལྡན་ཞིག་རེག་མི་ཐུབ་པའི་དཀའ་སྡུག་དེ་རེད། རྣམ་དཔྱོད་ཀྱི་རྩལ་ཡངས་ཤིང་ལྷག་བསམ་གྱིས་ཞུགས་པའི་རྩོམ་པ་པོས་འདི་འདྲའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འོག་ནས་ཤེས་རིག་གི་བློ་མིག་ཕྱེས་ཏེ་བོད་རང་གི་སྤྱི་ཚོགས་ལ་བལྟས་ཤིང་སྤྱི་ཚོགས་ལ་མནོ་བསམ་བཏང་བ་རེད།
གཉིས་པ། སྤྱིའི་ཆ་ནས་བརྩམས་ཆོས་ཀྱི་སྐྱོན་ཡོན་བརྗོད་པ།
སྒོ་མེ་ཚེ་རིང་བཀྲ་ཤིས་སམ་དེང་སྐབས་ཁྲི་སེམས་དཔའ་ཞེས་བོས་ན་ཀུན་ལ་གོ་མྱོང་མང་ཞིང་རྩོམ་རིག་གི་མེ་ཏོག་ལྡུམ་ར་ནས་མཚན་སྙན་གྱི་གཟི་བྱིན་རབ་ཏུ་བཀྲ་བའི་སྙན་ངག་པ་ཁོང་གིས་བརྩམས་གནང་མཛད་པའི་སྒྲུང་རིང་བརྩམས་ཆོས《མར་ངོའི་ཟླ་བ》ཞེས་པ་བཀླགས་ཚར་རྗེས་དྲན་པའི་མེ་ལོང་དུ་ནམ་ཡང་དེའི་ནང་གི་མི་སྣ་གཙོ་བོའམ་རྩོམ་པ་པོས་ཁོར་རང་ཉིད་ཡིན་ཟེར་བའི་ཟླ་བ་ཞེས་འབོད་པའི་སློབ་ཆེན་མཐར་བྱིན་མ་ཐག་པའི་ན་གཞོན་དེ་ཝ་ལེར་ཝ་ལེར་འགོག་མེད་དུ་དྲན་བྱུང་། ཡང་སེམས་ཀྱྱིན་སེམས་ཀྱིིན་དུ་ཟླ་བའི་ལས་དབང་དེ་རང་ཉིད་ཀྱི་ལས་དབང་ཡིན་པར་བསམས་བྱུང་།ཡིན་ཡང་དྲན་པའི་མདའ་མོ་ནང་དུ་བཀུག་སྟེ་སྤྱིའི་ཆ་ནས་སྒྲུང་གཏམ་འདིར་དཔྱད་བརྗོད་ཏོག་ཙམ་རེ་བྱེད་ན། ཐོག་མར་སྒྲུང་གཏམ་འདི་ནི་ཡིག་འབྲུ་ཁྲི22དང་དོན་ཚན73གྱིས་གྲུབ་པ་དང་བྱུང་རིམ་ཀྱག་ཀྱོག་ལྡན་ཞིང་མི་སྣའི་བར་གྱི་འབྲེལ་བ་རྙོག་འཛིང་ཡིན་པའི་སྒྲུང་རིང་ཚད་ལྡན་ཞིག་ཡིན་པ་དང་། ཚིག་སྤྱོར་ཐད་མཛེས་པའི་ཚིག་རྒྱན་གྱིས་རབ་ཏུ་སྤྲས་ཡོད་ནའང་གོ་དཀའ་བའི་མངོན་བརྗོད་དང་བརྡ་རྙིང་སོགས་ཀྱིས་མ་བཅིངས་པར་ཨ་མདོའི་ཡུལ་གྲུ་སོ་སོའི་མི་རྣམས་ཀྱིས་བཀོད་སྤྱོད་བྱེད་བཞིན་པའི་རྨང་གཞིའི་སྐད་ཆ་བྲིས་འདུག དཔེ་དང་དཔེ་ཅན་བཀོལ་བ་སྟག་སེང་ཁ་འཕྲོད་ཀྱི་རྣམ་པར་ཆགས་ཤིང་མཚོན་བྱེད་རྒྱ་ཆེ་བ་དང་གཏིང་ཟབ་པས་དངོས་ཡོད་རིང་ལུགས་དང་མཚོན་བྱེད་རིང་ལུགས་སྤྱད་པ་ཅུང་ཙམ་མང་བར་མ་ཟད། སྒྲུང་གཏམ་གྱི་ཐོག་མཐའ་བར་གསུམ་དུ་རྩོམ་པ་པོས་རང་གི་རྨི་ལམ་བྲིས་པ་དེའང་གསོན་ཉམས་ལྡན་ལ་ལྷག་ཏུ་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་ཤིན་ཏུ་མང་། དེ་མིན་བརྩམས་ཆོས་འདིའི་བརྗོད་བྱའང་དེ་སྔོན་གྱི་སྒྲུང་གཏམ་ལས་ཐོལ་ལས་བརྒལ་འདུག་སྙམ་སྟེ་འདིའི་ནང་དུ་ལོ་རབས་བརྒྱད་ཅུའི་དུས་མཇུག་གིས་རྫོགས་ཚིག་འབྲི་བཞིན་ལོ་རབས་དགུ་བཅུའི་ཉི་གཞོན་གསར་པ་བསུ་བའི་སྐབས་ཀྱི་བོད་ཀྱི་མཐར་བྱིན་སློབ་ཆེན་སློབ་མ་མང་པོ་ཞིག་གི་ལས་དབང་དེ་བརྗོད་བྱའི་སྙིང་བོར་བཟུང་ཡོད་པར་མ་ཟད། དུས་སྐབས་དེའི་ནང་གི་བོད་ཀྱི་ལས་བྱེད་པ་མགོ་བ་ཁ་ཤས་ཀྱི་བྱ་བྱེད་དང་བཟོ་ལྟ་སོགས་མིའི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པའང་སྒྱུ་རྩལ་གྱི་མཁའ་ལ་བསྙེགས་ནས་དཔེ་མཚོན་རང་བཞིན་ཅན་དུ་གྲུབ་འདུག དེ་མིན་སྒྲུང་གཏམ་འདིའི་ཁ་བྱང་སྟེ་མར་ངོའི་ཟླ་བ་ཞེས་པར་བལྟས་མ་ཐག་ཏུ་མཐོང་བ་ཙམ་ལས་མེ་ཡོད་པ་ཤེས་ལྟ་བུའི་དཔེ་བཞིན་དུ་བརྩམས་སྒྲུང་གི་སྤྱིའི་བརྗོད་བྱའམ་སྤྱི་ཁོག་བློ་ལ་ངེས་ཐུབ། ཡང་གཅིག་བཤད་ན་འདི་འདྲའི་དཔེ་འཇོག་དང་མཚོན་བྱེད་རིང་ལུགས་ནི་དཔེ་མཚོན་ཅན་གྱི་ཕུལ་བྱུང་རྩོམ་རིག་སྒྱུ་རྩལ་ཅིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཞིག་ནི་མིན་ནམ་སྙམ། བརྩམས་ཆོས་འདིའི་མགོ་མཇུག་བར་གསུམ་དུ་འདི་དང་འདི་ལྟ་བུའི་གོ་སླ་ཞིང་དོན་གྱིས་ཕྱུག་པའི་དཔེ་འཇོག་དང་མཚོན་བྱེད་ཅན་མང་བས་རྩོམ་པ་པོའི་ཡིད་ཀྱི་རྟོག་པ་དང་རྩོམ་གྱི་མཐུ་རྩལ་ལ་བསྟོད་པའི་མཐེ་བོང་མི་བསྒྲངས་ག་མེད་ལྟ་བུ་རེད།
ཡིན་ཡང་རྩོམ་རིག་བརྩམས་ཆོས་ཀྱི་སྐྱོན་ཡོན་བརྗོད་པ་ལ་ངེས་པར་དུ་རྩོམ་རིག་གཞུང་ལུགས་ཀྱི་བདུད་རྩི་འཐུང་བཞིན་དེ་རྒྱབ་བརྟེན་བྱེད་དགོས་པས་ན། ཡོན་ཏན་བརྗོད་དུས་ཞེན་ཆ་དང་མི་འདང་སའང་རིག་དགོས་ཏེ་དེ་ནི་རྗེས་ལུས་དང་ང་རྒྱལ་གྱི་མགོ་མནན་ནས་འཕེལ་རྒྱས་སུ་འགྲོ་བའི་ཐབས་ཤེས་མཆོག་ཅིག་ཡིན་པས་བརྩམས་ཆོས་འདིའི་སྐྱོན་ཅིག་བརྗོད་ན། ཐོག་མར་སྒྲུང་གཏམ་འདིའི་ནང་མི་སྣ་བར་གྱི་གཏམ་གླེང་བྲིས་པ་ཅུང་མང་ནའང་སེམས་ཁམས་ཞིབ་འབྲི་ཧ་ཅང་ཉུང་བས་གལ་ཏེ་མི་སྣའི་སེམས་ཀྱི་འགྱུར་བ་དང་རྙོག་འཛིང་བྲིས་པ་ཅུང་མང་པོ་ཡོད་ན་མི་སྣའི་སྣང་བརྙན་བཞེངས་སྐྲུན་དང་མི་སྣའི་གཤིས་སྤྱོད་འབུར་དུ་ཐོན་པར་ཕན་ནུས་གལ་ཆེན་ལྡན་སྙམ་ལ་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་ཡང་སྔར་ལས་མཐོ་བར་འབྱུང་སྲིད། རྒྱུ་མཚན་ཕྱི་རྒྱལ་གྱི་སྐད་གྲགས་ཤིན་ཏུ་ཆེ་བའི་ཕུལ་བྱུང་བརྩམས་ཆོས་དག་ཏུ་མི་སྣའི་སེམས་ཁམས་ཞིབ་འབྲི་ཧ་ཅང་མང་ལ་དེ་བཞིན་དུ་ཆེད་མཁས་པ་དང་དཔྱད་བརྗོད་པ། ཀློག་པ་པོ་རྣམས་ཀྱི་དགའ་བསུ་དང་བསྟོད་བསྔགས་ཀྱང་ཐོབ་ཀྱིན་འདུག དཔེར་ན་ཧྥ་རན་སེའི་རྩོམ་པ་པོ་སི་ཐང་ཏཱ་ཡི་སྒྲུང་རིང་《དམར་པོ་དང་ནག་པོ》ལྟ་བུ། དེ་མིན་སྒྲུང་གཏམ་ཁྲོད་ཀྱི་མགོ་བ་གཅོད་པའི་རྒྱུ་འབྲས་མེད་པའི་སྐད་ཆ་དང་མི་ལེགས་པའི་བྱ་སྤྱོད། ཁོའི་གཤིས་ཀ་སོགས་བྲིས་པ་ཅུང་ཉུང་བ་དང་ཞིབ་ཆ་དེ་འདྲ་མེད་པའི་སྣང་བ་ཞིག་བྱུང་། སྒྲུང་གཏམ་ཞིག་ལ་མཚོན་ན་མི་སྣའི་གཤིས་ཀ་གསར་སྐྲུན་དང་སེམས་ཁམས་ཞིབ་འབྲི་བྱེད་རྒྱུ་ནི་ཤིན་ཏུ་གཙོ་བོ་ཞིག་ཡིན་པས་མགོ་བ་གཅོད་པའི་བྱ་སྤྱོད་དང་སྐད་ཆ་དེ་ལས་ཀྱང་ཚིག་རྣོན་པོའི་སྒོ་ནས་གསལ་པོར་བྲིས་ན་བརྗོད་བྱ་སྔར་ལས་ལྷག་པར་འབུར་དུ་ཐོན་པར་རམ་འདེགས་བྱེད་ཐུབ།
གསུམ་པ། སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་འགལ་བ་ལས་སྐབས་དེའི་བོད་མིའི་སྤྱི་ཚོགས་སྣང་ཚུལ་ཞིག་ལ་བལྟ་བ།
ཟླ་བ་ནི་གྲོང་གསེབ་ནས་སྐྱེས་ཤིང་ཆུང་དུས་ནས་ཕ་ཤི་བ་དང་མ་ཡང་བསྐྱར་ཁྱིམ་ཚང་གཞན་དུ་གནས་བུད་སོང་བས་ཁོ་དང་ཕུ་བོ་གཉིས་དྭ་ཕྲུག་ཏུ་གྱུར་སོང་། ཡིན་ཡང་ཡིད་དགའ་བ་ཞིག་ལ་འཚོ་བ་ཤིན་ཏུ་དཀའ་སྡུག་ཆེ་ནའང་ཨ་མྱེས་ལོ་ལོན་གྱི་བྱམས་བརྩེ་འོག་ནས་ཟླ་བ་སློབ་གྲྭར་འགྲིམ་པའི་གོ་སྐབས་ཐོབ་སོང་། ཁོ་ནང་ལོགས་ནས་སློབ་ཆེན་མཐར་ཕྱིན་མ་ཐག་ཐད་ཀར་ཟི་ལིང་དུ་ཡོང་ནས་གཞུང་གི་བྱ་བ་འཚོལ་བ་དང་ཡུན་རིང་ཞིག་ལ་བྱ་བ་མ་རེག་པས་ནང་མ་ཁང་ཞིག་གི་ཞབས་ཞུ་པ་མི་བྱེད་ཀ་མེད་བྱུང་། དེ་དུས་སྟེས་དབང་ཞིག་གིས་ཁོས་ད་ལྟའི་ཁོ་ཚོའི་ཀྲུའུ་རེན་གཅོད་པའི་སྲོག་བསྐྱབས་པས་ཁོ་རང་ཚགས་པར་ཁང་དེར་རྒྱུགས་སྤྲོད་རྒྱུའི་གོ་སྐབས་ཐོབ་སོང་བར་མ་ཟད་ཡིག་རྒྱུགས་དང་ཁ་རྒྱུགས་གཉིས་ཀ་འཕྲོད་སོང་བས་བདེ་བླག་ངང་སྐར་ཆེན་ཚགས་པར་ཁང་དུ་བྱ་བ་གཉེར་དུ་སོང་། ཡིན་ཡང་སྤྱི་ཚོགས་དངོས་ལ་མ་ཞུགས་ན་སྤྱི་ཚོགས་ཀྱི་ངོ་གདོང་གསལ་པོར་རིག་མི་ཐུབ་ཟེར་བའམ་སྤྱི་ཚོགས་ནི་མ་གཞི་ནས་སྡུག་བསྔལ་གྱི་རང་བཞིན་དང་རྙོག་འཛིང་ཅན་ཞིག་ཡིན་པས་ཚགས་པར་ཁང་དུ་བྱ་བ་རེག་པ་དེས་ཁོའི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་མ་ཐུབ། ནང་མ་ཁང་གི་སྦྱིན་བདག་གིས་ཁོ་ལ“དེང་སང་སློབ་ཆེན་པ་ཞིག་ནང་མ་ཁང་དུ་གླ་བྱེད་དུ་ཡོང་བ་ཉུང་ཉུང་རེད”ཟེར་བའི་སྐད་ཆ་ལས་ཁོ་ལ་དམའ་འབེབས་དང་ཁྱད་གསོད་བྱེད་ཀྱིན་ཡོད་པ་དང་། ཁོས་གྲོང་ཁྱེར་གྱི་བས་མཐའ་ནས་སྤུས་ཀ་ཞན་པའི་གླ་ཁང་ཞིག་གླས་ནས་བསྡད་དུས་ལས་གྲོགས་ཚོས་ཀྱང་ཁོང་ལ་ཟུར་ཟའི་ཚུལ་གྱི“བས་མཐའ་པ”ཞེས་བོས་པ་རེད།
དྲང་མོར་བཤད་ན་སྐབས་དེ་དུས་ཟི་ལིང་ལྟ་བུའི་གྲོང་ཁྱེར་ཆེན་པོ་ན་ཟླ་བ་ལྟ་བུའི་བོད་རིགས་ན་གཞོན་མི་རྐྱང་མང་པོ་ཞིག་ཡོད་པ་དང་དེ་དག་ཕལ་ཆེ་བའང་ཁོ་དང་འདྲ་བར་གྲོང་ཁྱེར་གྱི་བས་མཐའ་ནས་སྤུས་ཀ་ཞན་པའི་གླ་ཁང་གླས་ཏེ་བསྡད་ཡོད་པ་རེད། ཡང་གཅིག་བཤད་ན་ཟླ་བ་ལྟ་བུའི་ཞིང་གྲོང་ནས་ཐོན་པའི་བོད་ཀྱི་སློབ་ཆེན་སློབ་མ་རྣམས་མཐར་ཕྱིན་མ་ཐག་གྲོང་ཁྱེར་གྱི་བས་མཐའ་ནས་མི་འདུག་ཐབས་མེད་རེད། ལས་ཁུངས་སུ་ཟླ་བའི་ལས་ཀ་ནི་གསར་འགྱུར་རྫུན་མ་བྲི་རྒྱུ་དང་གསར་འགྱུར་རྫུན་མ་བསྒྱུར་རྒྱུའི་བསྐྱར་ཟློས་ཀྱི་ལས་དེ་ཡིན་པ་དང་རྒྱུན་དུ་ལས་ཀ་ཅུང་ཡང་བས་ལས་གྲོགས་ཚོ་ཆང་འཐུང་རྒྱན་འཇོག་ཏུ་བུད་འགྲོ་ལ།དཔེ་ཆར་ལྟ་རྒྱུ་དགའ་བ་དང་སྙན་ངག་བྲི་རྒྱུར་དུང་བའི་ཁོ་མ་སོང་ཚེ་ལས་གྲོགས་ཚོས་ཀྱང་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་ངེས། འདི་ལས་ཤེས་སླ་བ་ཞིག་ནི་སྐབས་དེའི་བོད་རིགས་ལས་བྱེད་པ་ཁ་ཤས་ཀྱི་ལག་ཏུ་གཞུང་གི་བྱ་བ་ངོ་མ་ཡིན་མིན་ཅི་རིགས་ཤིག་རེག་ཚེ་དེ་ལ་ཡིད་ཚིམ་ཚིམ་དང་སེམས་སྤྲོ་སྤྲོ་བྱས་ཏེ་སྤྱི་ཚོགས་ཀྱི་ཟང་ཟིང་གི་ཀློང་ན་ད་དུང་སད་མེད་པ་དང་སྒྱིད་ལུག་དང་ལེ་ལོ། བག་འཁུམ། གཡོ་སྒྱུ། མིག་རྒྱང་ཐུང་བ་དང་ཕུགས་བསམ་མེད་པ། ཕྲག་དོགས་ཆེ་བའི་སྤྱོད་ངན་དག་རེད། ཟླ་བའི་རང་ཚུགས་བརྟན་པོ་དང་གཞན་ལ་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་མི་བྱེད་པའི་གཤིས་ཀ་དང་ཀྲུའུ་རེན་གཅོད་པའི་དཔོན་ཉམས་རྫིག་པོ་གཉིས་ཀྱི་འགལ་བ་རྣོ་ངར་ཅན་དུ་གྱུར་པས་ཁོ་དང་མཉམ་དུ་ལས་རྐང་ལ་ཞུགས་པ་དང་ཁོ་ལས་ཆུ་ཚད་དམན་པའི་ལས་གྲོགས་ཚོར་རྒྱལ་ཁབ་ཀྱི་བྱ་བ་ངོ་མ་བྱིན་ནའང་ཁོར་མ་བྱིན་པས། སྐབས་དེའི་སྤྱི་ཚོགས་ནི་ཕྱི་ནས་བལྟས་ན་མཛེས་པར་སྣང་ཡང་དོན་གྱིས་དེ་འདྲ་ཞིག་མིན་པ་ཤེས་ཐུབ་པར་མ་ཟད་འདྲ་མཉམ་དང་ཡོན་ཏན་ཅན་ལ་བརྩི་མཐོང་། རྒྱུ་འབྲས་སོགས་ནི་ཡེ་ནས་མེད་པ་འདྲ། སྒོས་སུ་མགོ་བ་ཚོས་རང་གི་ཁེ་ཕན་དང་ཁེ་སྤོགས་ཙམ་མ་གཏོགས་འདང་མི་རྒྱག་པར་ཤེས་རིག་དང་འཇོན་ཐང་མི་སྣའི་ལྟ་བ་ཡང་དག་དང་སེམས་པ་བཟང་པོར་ཐེར་འདོན་དང་དགག་རྒྱག སུན་འབྱིན་བཅས་བྱེད་པ་རེད།
ལྷག་པར་རྩོམ་པ་པོས་བཤད་ན་འདོད་པའི་བརྩམས་ཆོས་འདིའི་བརྗོད་སྙིང་གཙོ་བོ་ནི་ཟླ་བའི་ལག་ཏུ་གཞུང་གི་བྱ་བ་ངོ་མ་ཞིག་མ་རེག་པས་གྲོང་ཁྱེར་ཆེན་པོ་ནས་འཚོ་བར་དཀའ་སྡུག་བྱུང་བ་དང་རང་གི་དགའ་མ་ཤོར་བ། མཐའ་མར་ཕ་ཡུལ་མ་གཏོགས་འགྲོ་ས་མེད་པ་ལྟ་བུ་ཞིག་ཏུ་ཆགས་པ་དེ་རེད། རྩོམ་པ་པོས་འདི་འདྲའི་བརྗོད་བྱ་ཞིག་གདམ་གསེས་བྱེད་པ་དེའང་ཁོང་གི་སྔོན་ཐོན་གྱི་འཇིག་རྟེན་ལྟ་ཚུལ་གྱིས་མཛུབ་ཁྲིད་བྱས་ཤིང་འཚོ་བའི་མྱོང་གོམས་ཕུན་སུམ་ཚོགས་པ་གསོག་འཇོག་བྱས་པ་དང་མཐུན་མིན་གྱི་མིག་རྒྱང་གིས་དེང་རབས་བོད་ཀྱི་སྤྱི་ཚོགས་དང་སྒོས་སུ་སློབ་ཆེན་མཐར་ཕྱིན་མ་ཐག་པའི་བོད་རིགས་ན་གཞོན་ཚོའི་ལས་དབང་ལ་མནོ་བསམ་ཡང་ཡང་བཏང་བའི་ཐོན་དངོས་ཤིག་ནི་ཅི་ལ་མིན། ཟླ་བ་དང་ཟླ་བའི་ལས་དབང་ནི་བོད་རིགས་ན་གཞོན་པ་མང་པོ་ཞིག་གི་ལས་དབང་ཡིན་ཏེ་རྩོམ་པ་པོས་གཟུགས་བཀོད་བསམ་གཞིག་གི་ཐབས་ལམ་སྤྱད་དེ་བོད་ཀྱི་ན་གཞོན་མང་པོའི་ལས་དབང་ཟླ་བའི་སྟེང་ལ་སྦྱར་ཏེ་མི་སྣ་དེ་དཔེ་མཚོན་རང་བཞིན་ཅན་དུ་བསྒྱུར། ཁོའི་ལས་དབང་དེའང་མར་ངོའི་ཟླ་བ་བཞིན་མར་ནས་མར་དུ་འགྲིབ་པ་རེད། རྩོམ་པ་པོས་བསྔགས་པར་འདོད་པ་ནི་དུས་རབས་ཉེར་གཅིག་པའི་ནང་དུ་བོད་ཀྱི་བྱིས་པ་མང་པོ་སློབ་གྲྭར་འགྲིམས་ནས་བཅུ་ཕྲག་རིག་པའི་གནས་ཀྱི་ཁྱད་མཚར་རྩེད་འཇོ་ལ་གཡེང་བ་དང་ཤེས་རིག་གི་བདུད་རྩི་འཐུང་བཞིན་རང་ཉིད་ལ་ཡིད་ཆེས་དང་རང་སེམས་ལ་ང་རྒྱལ་དང་སྤོབས་པ་ལྡན་པ། འཚོ་བར་སྤྲོ་སེམས་བཅངས་ཏེ་མ་འོངས་པར་འཆར་གཞི་འཐེན་ཞིང་སྙན་ངག་གི་མཛེས་མ་ལོངས་སུ་སྤྱད་དེ་བོད་རང་གི་སྐད་དང་ཡི་གེ་སྲོག་རྩ་བྱས་པའི་རྩིག་ལག་རིག་གནས་དག་རྒྱུན་འཛིན་དང་དར་སྤེལ་བྱེད་རྩིས་ཡོད་པའི་སྤོབས་པ་དང་གསོན་ཤུགས་ཡིན་ལ། དགག་རྒྱག་བྱེད་ས་ནི་རྙོག་འཛིང་མུན་ནག་གི་སྤྱི་ཚོགས་དང་བྱེ་བྲག་ཏུ་བོད་རང་གི་ཕ་ས་ཕ་ཡུལ་ཙོང་ཁའི་འདབས་རོལ་གྱི་ཟི་ལིང་གྲོང་ཁྱེར་ན་བོད་ཀྱི་ལས་ཁུངས་ཉུང་ཉུང་ཞིག་ལས་མེད་པར་མ་ཟད་བོད་ཀྱི་ན་གཞོན་མང་པོའི་ལག་ཏུ་གཞུང་གི་བྱ་བ་ངོ་མ་རེག་རྒྱུར་ཤིན་ཏུ་དཀའ་བའི་གནས་ཚུལ་དང་།བོད་ཀྱི་ལས་བྱེད་པ་མགོ་བ་དག་ལ་རྒྱང་རིང་བའི་མིག་རྒྱང་མེད་པ་དང་ཤེས་རིག་དང་ཡོན་ཏན་ཅན་ལ་མི་དགའ་བ་དང་ཕྲག་དོགས་བྱེད་པ་དང་ཕྱོགས་རིས་འཐེན་པ་སོགས་རུལ་སུངས་དང་མགོ་འཐོམ་གྱི་གནས་ཚུལ་སོགས་རེད།
མཇུག་སྡུད་པ།
མདོར་ན་རྩོམ་པ་པོ་ཁྲི་སེམས་དཔའ་ལགས་ཀྱི་སྒྲུང་རིང《མར་ངོའི་ཟླ་བ》ནི་ཐད་ཀར་དུ་དེང་རབས་བོད་མིའི་སྤྱི་ཚོགས་ལ་ཁ་གཏད་པ་དང་ལྷག་པར་དེང་རབས་བོད་ཀྱི་སློབ་ཆེན་སློབ་མ་རྣམས་མཐར་ཕྱིན་རྗེས་གཞུང་གི་བྱ་བ་ཚད་ལྡན་ཞིག་རེག་མི་ཐུབ་པ་དང་དེ་ལས་བྱུང་བའི་དཀའ་སྡུག་གི་འཚོ་བར་ཁ་གཏད་དེ་བྲིས་པ་ཞིག་ཡིན་ལ། འདིའི་བརྗོད་བྱ་གསར་པ་ཡིན་པར་མ་ཟད་བོད་རིགས་ན་གཞོན་རྣམས་ཀྱི་ལས་དབང་ལ་བསམ་བློ་གཏོང་བ་དང་ཁོ་ཚོའི་ལས་དབང་ལ་སྤྱི་ཚོགས་ཡོངས་ཀྱིས་བསམ་བློ་གཏོང་བ་དང་སྒོས་སུ་ལས་དབང་ལ་ཁ་ལོ་བསྒྱུར་པའི་སེམས་གཏིང་གི་རེ་བ་མཚོན་ཡོད།
ཟུར་ལྟའི་དཔེ་ཆ།
1.《བོད་ཀྱི་རྩོམ་པའི་རྣམ་བཞག་གི་ཤེས་བྱ་གཅེས་བཏུས》 ཤ་བོ་ཚེ་བརྟན་གྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས2013ལོར་པར་དུ་བསྐྲུན།
2.《མཚོ་སྣ་བ་སྟོབས་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》མི་རིགས་དཔེ་སྐྲུན་ཁང་གིས2012ལོར་པར་དུ་བསྐྲུན།
3.《དུས་སྐབས་གསར་པའི་བོད་ཀྱི་སྒྲུང་གཏམ་ལ་དཔྱད་པ་བློ་གསར་དགྱེས་པའི་དགའ་སྟོན》 རྣམ་སྲས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས2001ལོར་པར་དུ་བསྐྲུན།
4.《མར་ངོའི་ཟླ་བ》 སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2014ལོར་པར་དུ་བསྐྲུན།
5. 《རྩོམ་རིག་གཞུང་ལུགས་གནད་བསྡུས》 རྡོ་རྗེ་རིན་ཆེན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས2008ལོར་པར་དུ་བསྐྲུན།