མགར་རུས་ཀྱི་བླ་མཚོའི་མཛེས་ལྗོངས།
དེ་ཡང་《གུ་བཀྲའི་ཆོས་འབྱུང་།》ལས། ཐོག་མར་བོད་འདིར་མི་ཡི་འགྲོ་བ་ཆགས་ནས་རིང་ཞིག་ན། ཤར་མི་ཉག་བཞག་ར་དཀར་པོའི་རི་རྩེ་ལ་སྟེང་འོད་གསལ་གྱི་ལྷ་ཞིག་གནམ་ནས་བབས་པ་ལས་མི་རྣམས་ཀྱིས་གནམ་ནས་བབས་པས་མཚན་མགར་གནམ་ཚ་འབྲུག་ཅེས་བཏགས་པས། དེའི་བརྒྱུད་པ་མགར་བླ་མཁྱེན་ཆེན་པོ། དེའི་སྲས་མགར་སྟོང་མེས་ཁྲི་ཆགས། དེའི་སྲས་མགར་སྟོང་བཙན་ཡུལ་བཟུང་ངམ་ཆོས་བློན་རིག་པ་ཅན་དུ་གྲགས་པ་སྟེ། འཕགས་པ་སྤྱན་རས་གཟིགས་རྒྱལ་པོའི་ཚུལ་དུ་སྤྲུལ་པ་སྲོང་བཙན་སྒམ་པོའི་དུས་སུ་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་འཕྲུལ་བློན་རིག་པ་ཅན་འདི་དང༌ཞེས་གསུངས་པ་ལྟར། སྤྱིར་མགར་ཐར་ཕྱོགས་སུ་མགར་རུས་དང་འབྲེལ་བའི་གནའ་ཤུལ་ཏེ་མགར་ལུང་དང་། མགར་ཕུག་ཅེས་པ་མགར་ཚང་གི་མཚེར་ཤུལ་དང་། ལྷ་གསོལ་དང་ཀླུ་གསོལ་བྱ་ཡུལ་མགར་བ་ལ་བཙས་དང་མགར་བ་མཚོ། གཞན་མགར་སྐྱིད་སྒང་དང་མགར་ཆུ་ཁུག མགར་ཆུ་ལྟག་སྒོ་ཟེར་བ་སོགས་མཆིས། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། སྒོ་གདོང་སྒོ་མོའི་རྩར་ཀོང་ཇོ་དཔོན་གཡོག་གི་རྗེས་ཟིན་སྐད་དོ། །ཞེས་དང་། དུང་དཀར་ཚིག་མཛོད་དུ། མི་ཉག་ནས་ལྷ་སར་འགྲོ་བའི་ལམ་བར་མགར་ཐར་ཞེས་པའི་ས་ཆ་ལ་སྔར་སྒོ་གདོང་སྒོ་མོ་ཞེས་འབོད་ཀྱང་བློན་པོ་མགར་རྒྱ་ནག་ནས་བྲོས་ཏེ་ཐར་བའི་ས་ཆ་ཡིན་པའི་རྒྱུ་མཚན་གྱིས་དེའི་དྲན་གསོ་ཞུ་བྱེད་དུ་མགར་ཐར་ཞེས་བཏགས་པ་ཡིན་ཞེས་གསུངས་པ་ལྟར་ཡུལ་འདིའི་ངག་རྒྱུན་དུ་མགར་སྟོང་བཙན་རྒྱའི་ཡུལ་ནས་བྲོས་སྐབས་རྗེས་འདེད་པ་ཚོར་འཁྲུལ་བའི་ཕྱིར་དུ་བྱས་པ་ཡིན་ཟེར་བའི་རྡོ་བརྩིགས་དང་ཐོ་ཡོར་བཙུགས་པའི་རྗེས་ཤུལ་འདྲ་མིན་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད། བཞག་བྲའི་རི་རྒྱུད་དུ་ད་དུང་མི་ཉག་ག་ཛུ་རྒྱལ་པོ་མཚམས་ལ་བཞུགས་མྱོང་བ་དང་རྗེས་སུ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སོགས་བླ་མ་མང་པོ་མཚམས་ལ་བཞུགས་མྱོང་བར་གྲགས་པའི་ག་ཛུ་རི་ཁྲོད་དམ་དཀར་མཛའ་རི་ཁྲོད་ཅེས་པ་དང་བཀའ་བརྒྱུད་པའི་དགོན་ཆུང་ཞིག་གི་ཤུལ། ལོ་ཆེན་བེ་རོ་ཙ་ན་དང་རྒྱལ་མཆོག་བདུན་པ་ཡབ་སྲས་ཀྱི་སྒྲུབ་ཕུག་དང་ཆབ་ཚན་དུ་བཞུགས་ས། ཐུགས་གསེང་དུ་བཞུགས་པའི་རྩྭ་ཐང་། སྐྱེས་ཆེན་མང་པོས་བསྒོམ་གྲྭ་བཙུགས་པའི་ཤུལ་ཡང་ཡོད། ཆེད་མཁས་པ་ཚོས་ལྷ་སྒང་དུ་རྒྱལ་པོ་སྲོང་བཙན་གྱིས་ཡོངས་རྫོགས་རབ་དགའི་ལྷ་ཁང་བཞེངས་རྐྱེན་སོགས་རིགས་འདེད་བྱས་པས་མགར་ཐར་དུ་ཡོད་པའི་རྒྱལ་མོ་ཁང་རུལ་ཟེར་བ་དེ་ནི་བཙུན་མོ་རུ་ཡོང་བཟའི་ཤུལ་ཡིན་པར་དཔག །མི་ཉག་ག་ཛུ་རྒྱལ་པོའི་ཤུལ་ཡིན་ནམ་སྙམ་པ་སྨོན་བྲད་ཁང་ཆག་དང་། སོག་པོ་ཇིང་གིར་དང་སེ་ཆེན་ཧན་གྱིས་བཟོས་པའི་ལྕགས་རི་ཆེན་མོ། དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱི་མཚམས་ཁང་ཡོད་ཡོད་རི་ཁྲོད། ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་སྐུ་ཚེའི་རིང་ལ་བཙས་ཆེན་པོ་གསུམ་བཞེངས་པའི་ནང་ཚན། རྒྱལ་མཆོག་བདུན་པའི་སྐྱེས་ལྷ་ལི་ཐང་འབུམ་རའི་གཞི་བདག་གསོལ་མཆོད་བྱ་སའི་སྐུ་ཞབས་ལ་བཙས། དེའི་རྒྱུད་དུ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་སྒྲུབ་པ་ཉམས་ལེན་མཛད་པས་ཡི་དམ་ལྷས་ཞལ་གཟིགས་བྱུང་སའི་རི་ཁྲོད། ལྕང་སྐྱ་རོལ་པའི་རྡོ་རྗེ་དང་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་མཚམས་ཁང་དང་།རྒྱལ་མཆོག་བདུན་པ་མཆོག་བཞུགས་མྱོང་ས་དེ་ནས་ཙན་དན་སྡོང་པོ་འཁྲུངས་སའི་བྲག་དམར་ནང་། རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་འཁྲུངས་གཞིས་རྒྱལ་བའི་གཟིམ་ཆུང་བདེ་ལྡན་གླིང་། ཁུ་ཀྱུ་དཔོན་ཤུལ་སོགས་མཁར་རྫོང་གི་ཤུལ་མང་པོ་ཡོད་ཀྱང་ཐམས་ཅད་ཡི་གེར་ཕབ་ནས་རྒྱ་རིམ་པ་བདུན་གྱིས་མ་བཅིངས་པས་དུས་ཀྱི་རླབས་ཕྲེང་ལ་ཐིམ་པས་བཤད་དཀའ་བར་གྱུར་ཏོ། །
མགར་ཐར་དགོན་པའི་རྡོ་རིང་།
མགར་ཁྱིམ་རྒྱུད་ཀྱི་རྗེས་ཤུལ།