རིག་གནས་རྣམ་བཤད།
མཱ་ལི་ནའོ་སི་ཁཱི་བརྩམས། ཧྥིས་ཞའོ་ཐུང་གིས་རྒྱ་ཡིག་ཏུ་བསྒྱུར། པད་ཚེས་བོད་ཡིག་ཏུ་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 07-31
མགོ་བརྗོད།
ནུབ་ཀྱི་རིག་པ་གསར་པ་ནང་འདྲེན་བྱ་བ་ལ། གཞུང་རྣམས་ཕྱི་ཡིག་ནས་ཐད་ཀར་བསྒྱུར་ཐུབ་ན་ཆེས་ལེགས་པ་ཡིན་མོད། གནས་སྐབས་འདིར་བདག་གི་དབྱིན་ཇི་དེ་ཙམ་ཡག་པོ་མེད་པ་ལ། མིང་རེ་རེ་བཞིན་ཚིག་མཛོད་དུ་འཚོལ་བའི་དུས་ཚོད་ཀྱང་མེད་པས། རིག་གནས་རྣམ་བཤད་ཅེས་པའི་གཞུང་འདི་རྒྱ་ཡིག་ནས་བརྒྱུད་བསྒྱུར་མི་བྱེད་ཐབས་མེད་བྱུང་སོང་། ཡིན་ཡང་རྒྱ་ཡིག་ཏུ་སྒྱུར་མཁན་ཧྥེ་ཞོ་ཐོང་ནི་གཞུང་འདིའི་མཛད་པོ་གང་གི་དངོས་སློབ་ཡིན་ལ། རྒྱ་ནག་གི་སྤྱི་ཚོགས་རིག་པ་དང་མིའི་རིགས་རིག་པ་སོགས་ཀྱི་སྲོལ་འབྱེད་མཁན་ཡང་ཡིན་བས། སྤྱིར་བཏང་རྒྱ་འགྱུར་འདི་ཚིག་དོན་གཉིས་ཆར་ཆེས་ཚད་ལྡན་ཞིག་ཏུ་བརྩི་འོས་སྙམ།
གཅིག རིག་གནས་དང་མིའི་རིགས་ཀྱི་ཁྱད་པར།
ཁྲ་ཁྲ་རིག་རིག་དང་ཟང་ཟིང་ལང་ལོང་གི་མིའི་རིགས་ཀྱི་སྤྱི་ཚོགས་འདི་ནི་ཐོག་མ་ཉིད་ནས་འགལ་འདུ་དང་ཁྱད་པར་སྣ་ཚོགས་ཀྱིས་གང་བའི་ཕུང་བོ་ཞིག་རེད། རྣམ་པ་སྣ་ཚོགས་པའི་ཁྱད་པར་དེ་དག་གིས་རྐྱེན་བྱས་ཏེ་སྐྱེ་བོ་ཁྲི་མ་འབུམ་གྱི་འདྲེན་བྱེད་ཀྱི་དབང་བོ་བཀུག་མྱོང་ལ། མི་བུ་བགྲང་ལས་འདས་པ་ཞིག་གི་སྲིད་ཀྱི་མངའ་ཐང་མགོ་གཏིང་ཡང་བསློགས་མྱོང་། ཁྱད་པར་དེ་དག་གི་དབང་གིས་ཐ་སྙད་སྨྲ་བ་ཆེས་མང་པོ་ཞིག་གི་བསམ་བློའི་སྒོ་འཕར་ཆེས་ཆེར་ཕྱེ་མྱོང་ལ། ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་སུ་ལོ་རྒྱུས་ཆེས་ཐུང་ཞིང་། ཕན་རླབས་ཆེས་ཆེ་བའི་མིའི་རིགས་རིག་པ་ཞེས་པའི་རིག་ཚན་འདི་ཡང་གསར་གཏོད་བྱེད་དུ་བཅུག
ལོ་རྒྱུས་བརྗོད་དུ་ཡོད་པའི་དེང་གི་དུས་སྐབས་ཡིན་ནའང་འདྲ། ལོ་རྒྱུས་བརྗོད་དུ་མེད་པའི་གདོད་མའི་དུས་སྐབས་ཡིན་ནའང་འདྲ། མིའི་རིགས་ཀྱི་སྤྱི་ཚོགས་ལ་རྙོག་འཛིང་རབ་ཏུ་ཆེ་བའི་རྣམ་པ་དང་སྣང་ཚུལ་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་མིའི་སྤྱི་ཚོགས་ཀྱི་ནང་ཁུལ་དུ་ཕན་ཚུན་བར་འཁྲུག་བརྩོད་དང་། བཙན་འཛུལ། དབང་བསྒྱུར་སོགས་མི་བདེ་བ་སྣ་ཚོགས་འབྱུང་བའི་ཁུངས་ལྟ་བུ་རེད། སྔོན་གྱི་ལོ་རྒྱུས་སུ་ཐོ་ཏོན་རིགས་དང་། ཞུང་ནུའུ་རིགས། སི་ལ་ཧྥི་རིགས། ཅུང་ཕྱི་བའི་སོག་རིགས་སོགས་ཡོད་ལ། ད་དུང་ཨི་སི་རེལ་རིགས་ཀྱི་དར་རྒུད་དང་། རྒྱ་གྲམ་དམག་དཔུང་གི་ཤར་འདུལ། ཡོ་རོབ་ཆོས་ལུགས་ཁག་གི་འཁྲུག་རྩོད། ནུབ་ཕྱོགས་པས་འཛམ་གླིང་ལ་རྒྱ་སྐྱེད་ཅིང་དབང་བསྒྱུར་བའི་གནས་ཚུལ་སོགས་ཀྱང་རིམ་པར་བྱུང་ཡོད། ད་ལྟའི་སྐབས་འདིར། འཛམ་གླིང་ཡོངས་སུ་ཡོ་རོབ་གླིང་བའི་ལུགས་སུ་འགྱུར་བའི་རླབས་དྲག་པོ་ཞིག་འཕྱུར་བཞིན་ཡོད་ལ། གང་ས་གང་དུ་རྒྱལ་ཁབ་རིང་ལུགས་པ་དང་། ཐལ་དྲགས་པའི་བསམ་བློ། ཆོས་ལུགས་རིག་གནས་ལ་གསར་བརྗེ་དང་ངོ་རྒོལ་བྱེད་པའི་མེ་ལྕེ་སོགས་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་འདུག གནས་ཚུལ་འདི་དག་ནི་སྔོན་གྱི་ལོ་རྒྱུས་སུ་བྱུང་པའི་བཙན་འཛུལ་དང་དམག་འཁྲུག སྡེ་གཟར། སྲིད་འགྱུར་གང་ལ་བལྟས་ཀྱང་རྙོག་འཛིང་དང་ཉེན་ཁ་ལྡབ་འགྱུར་གྱིས་ཆེ་བར་འདུག་པས། མ་འོངས་བར་མིའི་རིགས་ལ་འདི་ལས་བསྐྱེད་པའི་སྡུག་བསྔལ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ངེས་སྙམ་པའི་སེམས་ཁྲལ་ཡང་འདུག འདི་ལྟ་བུའི་འཁོན་སེམས་དང་འཇིགས་སྐྲག རྒྱལ་ཕམ་དབྱེ་འབྱེད་ཀྱི་འཐབ་རྩོད་སོགས་ནི། མཐར་གཏུག་ན་ཕྱོགས་གཅིག་ནས་མིའི་རིགས་ཀྱི་སྤྱི་ཚོགས་ནང་ཁུལ་དུ་ཁྱད་པར་སྣ་ཚོགས་ཤིག་ཡོད་པས་དང་། ཕྱོགས་གཅིག་ནས་མི་སོ་སོའི་རང་བཞིན་གྱི་ངོས་ན་འདྲ་ས་ཞིག་ཡོད་པའི་རྒྱུ་རྐྱེན་གཉིས་ལས་རག་ལས་ཡོད། དེ་ཡང་ཕུགས་བསམ་དང་། སྒེར་སེམས། ཧམ་སེམས། ང་རྒྱལ་སོགས་ཡོད་པའི་ཆ་ནས་ཚང་མ་འདྲ་འདྲ་ཡིན་ཡང་། ཡུལ་སྲོལ་གོམས་གཤིས་དང་། ཆོས་ལུགས་དད་མོས། ཉམས་འགྱུར། གཟུགས་གཞི། རིགས་རྒྱུད་སོགས་ཀྱི་ཆ་ནས་སོ་སོའི་བར་དུ་ཁྱད་པར་ཡོད་པ་ཡིན་ནོ། །
མིའི་རིགས་ཀྱིས་ཕྱོགས་གང་དག་ལ་ཚུལ་ཇི་ལྟ་བུའི་སྒོ་ནས་ཕན་ཚུན་བར་མཉམ་འབྲེལ་དང་ངོས་ལེན། འཆམ་མཐུན་སོགས་ཡོང་བར་བྱ་བ་དང་། ཕྱོགས་གང་དག་ནས་ཕན་ཚུན་མ་འདྲེས་པར་བརྩི་འཇོག་དང་གུ་ཡངས་གཏོང་དགོས་ཚུལ་སྐོར་གསལ་བར་བསྟན་པའི་ཆེད་དུ། འདིར་མིའི་རང་བཞིན་དང་གོམ་གཤིས་སུ་གྲུབ་ཡོད་པའི་ཁྱད་པར་དང་འདྲ་བའི་ཕྱོགས་གཉིས་ལ་འཇུག་པར་བྱའོ། ། འོན་ཏེ། འདིར་བཤད་ཚད་ཚང་མ་མྱུར་བ་མྱུར་དུ་མངོན་འགྱུར་བྱུང་དགོས་ཞེས་ན། དེ་ནི་དུས་ཡུན་ཐུང་ངུའི་ནང་ལ་ལས་སླ་མོར་འགྲུབ་ཐུབ་པ་ཞིག་མིན་པ་ཡང་ཞར་ནས་ཤེས་དགོས་སོ། །
མི་དང་མིའི་བར་གྱི་ཁྱད་པར་ལ། ཐུན་མོང་གི་དབྱེ་ཚུལ་ལྟར་ན་ཕྱོགས་གཉིས་ཡོད་དེ། གཟུགས་གཞི་དང་སེམས་ཁམས་གཉིས་སོ། །དེ་ལས་གཟུགས་གཞིའི་ཁྱད་པར་ནི་དཔེར་ན། མི་ནག་དང་། རྒྱ་མི། སུའེ་ཏེན་མི། ཨེའུ་གྷིན་མི། བྷུ་ཤི་མན་མི། ཨོ་གླིང་གི་མི་སོགས་ས་ཕྱོགས་སོ་སོ་ནས་ཡོང་པའི་རིགས་རྒྱུད་མི་གཅིག་པའི་མི་རྣམས་མཉམ་གཅིག་ཏུ་བསྡད་ཚེ། དེ་དག་སོ་སོའི་གཟུགས་གཞིའི་ཁྱད་པར་ལ་བརྟེན་ནས་མི་རིགས་གང་དང་གང་དུ་གཏོགས་པ་ཐད་ཀར་ངོས་འཛིན་བྱེད་ཐུབ་པ་ལྟ་བུ། དེའི་རྒྱུ་མཚན་ནི་གཟུགས་གཞི་མིའི་རིག་པའི་ནང་དུ་འཛམ་གླིང་གི་མི་རིགས་སོ་སོའི་གཟུགས་གཞིའི་ཁྱད་པར་སྣ་ཚོགས་ལ་ཇི་ལྟར་ཡང་དག་པའི་སྒོ་ནས་ངོས་འཛིན་དང་དབྱེ་བ་ཕྱེ་ཚུལ་གྱི་ཐབས་ལམ་དང་རྣམ་གཞག་ཞིབ་ཅིང་ཕྲ་བ་གཏན་འབེབས་གནང་ཡོད་པས་སོ། །
ཡིན་ཡང་། དོན་དངོས་སུ་མི་དང་མིའི་མི་རིགས་ཀྱི་ཁྱད་པར་ནི། གཟུགས་གཞི་ཁོ་ནའི་སྟེང་ནས་ཕྱེ་ཐུབ་པ་ཡང་མ་ཡིན་ཏེ། དཔེར་ན། མི་རིགས་ནག་པོའི་རྒྱུད་པ་ཁོ་ནར་གཏོགས་པའི་ཁྱེའུ་མཚེ་མ་གཉིས་ལས་གཅིག་ཧྥ་རན་སི་ནས་འཚར་ལོངས་བྱུང་བ་དང་། གཞན་ཞིག་ནི་མི་ནག་རང་གི་ཕ་ཡུལ་ནས་འཚར་ལོངས་བྱུང་བ་ཡིན་ན། ནར་སོན་རྗེས་དེ་གཉིས་བར་མངོན་གསལ་གྱི་ཁྱད་པར་མང་པོ་ཞིག་ཡོད་པ་བཤད་མ་དགོས། དེ་ནི་ཁོང་གཉིས་ལ་བཞག་པའི་སྤྱི་ཚོགས་བག་ཆགས་ཅེས་པ་མི་འདྲ་བས་ཡིན་ཏེ། སྤྱི་ཚོགས་བག་ཆགས་ཅེས་པ་ནི་ཁོང་གཉིས་འཚར་ལོངས་བྱུང་སའི་སྤྱི་ཚོགས་སུ་རང་རང་ལ་སྐད་རིགས་དང་། བསམ་བློ། དད་མོས། ཡུལ་སྲོལ་སོགས་མི་འདྲ་བ་རེར་གོམས་པར་བྱས་ཡོད་ལ། ཁོང་གཉིས་ཀ་སྤྱི་ཚོགས་ཀྱི་སྒྲིག་གཞི་མི་འདྲ་བ་རེའི་ཁོངས་སུ་བསྡུ་བར་བྱས་ཡོད་པའི་དོན་ནོ། ། ཁྱད་པར་འདི་དག་ནི་གཟུགས་གཞི་དང་སེམས་ཁམས་ཀྱི་ཁྱད་པར་གཉིས་ལས་སེམས་ཁམས་ཀྱི་ཁྱད་པར་ལ་གཏོགས་ཤིང་། འདི་ལ་སྤྱི་ཚོགས་བག་ཆགས་ཅེས་པའི་བརྡ་ཆད་ཀྱང་སྦྱར་ཡོད། འདི་ནི་རིག་གནས་མིའི་རིག་པ་དང་གཞན་མི་རིགས་སོ་སོ་སྡུར་བ་བྱས་ཏེ་ཞིབ་འཇུག་བྱེད་པའི་རིག་ཚན་སོགས་སུ་སྤྱོད་པའི་རྣམ་གཞག་གལ་ཆེན་ཞིག་ཀྱང་རེད། སེམས་ཁམས་ཀྱི་ཁྱད་པར་འདིས་ཐད་ཀར་མི་སྒེར་གྱི་གཤིས་ཀ་མི་འདྲ་བ་དག་སྐྱེད་པར་བྱེད་པས། འདིའི་གལ་ཆེའི་རང་བཞིན་ནི་གཟུགས་གཞིའི་ཁྱད་པར་ལས་ཆེས་ཆེར་བརྒལ་ཡོད།
ང་ཚོས་ནམ་རྒྱུན་རིག་གནས་རིག་གནས་ཞེས་བཤད་དུས། མི་མང་ཆེ་བས་དེ་ལ་མི་ཤེས་རྒྱུ་ཆེན་པོ་མེད་ལྟ་བུར་ངོས་འཛིན་གནང་སྲིད་མོད། དོན་དངོས་སུ་ང་ཚོ་ལ་རིག་གནས་ཞེས་པར་ཚད་ལྡན་གྱི་མཚན་ཉིད་ཅིག་ཞོག་ཅེས་པའམ། ཡང་ན་དེའི་གོ་དོན་ལ་འགྲེལ་བཤད་ཆ་ཚང་ཞིག་རྒྱོབ་ཅེས་ཚེ། ད་གཟོད་དེ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་པ་ཤེས་ཐུབ། འོག་ཏུ་འཆད་འགྱུར་གྱི་ནང་དོན་ཁག་ཏུ། རིག་གནས་ནི་སྲོལ་རྒྱུན་གྱི་ཡོ་ཆས་སྣ་ཚོགས་དང་། ཚོང་རྫས། ལག་རྩལ། བསམ་བློ། གོམས་སྲོལ། རིན་ཐང་ལྟ་བ་སོགས་ཚང་མ་ལ་གོ་དགོས་ཚུལ་འཆད་པར་བྱ་ལ། བཤད་ཚུལ་དེར་སྤྱི་ཚོགས་ཚན་རིག་གི་ཕྱོགས་ཐ་དག་ལྷན་གཅིག་ཏུ་སྡེབ་ཅིང་འདུ་པར་བྱས་ཡོད། དེ་བཞིན་སྤྱི་ཚོགས་སྒྲིག་འཛུགས་ཀྱང་རིག་གནས་ཀྱི་ཁོངས་སུ་བསྡུ་བ་ལས་གཞན་གོ་བ་ལེན་ཐབས་མེད་པས་དེ་ཡང་དེའི་ཁོངས་སུ་བསྡུས་ཡོད། གཞན་ངེས་པར་དུ་བཤད་དགོས་པ་ཞིག་ལ། གོང་དུ་སྨྲས་ཟིན་པའི་མིའི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་། སྤྱི་ཚོགས་ཀྱི་ཚོགས་སྡེ། བསམ་བློ་དང་དད་མོས་སོགས་རིག་གནས་ཀྱི་ཕྱོགས་སོ་སོ་ལ་ཆེད་དུ་ཞིབ་འཇུག་བྱེད་པའི་རིགས་ཡོད་དོ་ཅོག་ངེས་པར་དུ་རིག་གནས་གཤིབ་སྡུར་གྱི་ཐབས་ལམ་དང་མཐུན་པར་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་བསྡུར་བྱའི་རིག་གནས་ཕྱོགས་གཉིས་ལ་རྒྱུས་ལོན་ཡག་པོ་ཡོང་བར་ཕན་ནོ། །
ཡང་རིག་གནས་ཞེས་པའི་མིང་འདི་ཉིད་སྐབས་འགར་ཤེས་རིག་ཅེས་པའི་མིང་དང་གོ་བ་གཅིག་ཏུ་ལེན་མཁན་ཡོད་མོད། ང་ཚོའི་སྐད་བརྡ་རུ་སྔ་མོ་ནས་ཐ་དད་པའི་མིང་གཉིས་སུ་ཆགས་ཡོད་པས་དེ་གཉིས་སོ་སོར་ཕྱེ་སྟེ་གོ་བ་བླངས་ན་འཚམས་པར་འདུག དེ་བས་ཤེས་རིག་ཅེས་པ་ནི་རིག་གནས་ལས་ལྟོས་བཅས་ཀྱིས་འཕེལ་རྒྱས་སུ་སོང་ཡོད་པའི་དམིགས་གསལ་གྱི་ཆ་དག་ལ་གོ་དགོས།
གོང་དུ་གནད་དོན་གལ་ཆེན་གཅིག་ད་དུང་གསལ་བཤད་བྱས་མེད་དེ། དེ་ནི་རིགས་རྒྱུད་དང་རིག་གནས་གཉིས་ཀྱི་འབྲེལ་བའི་སྐོར་རེད། སྤྱི་ཚོགས་བག་ཆགས་ལ་རིགས་རྒྱུད་ཀྱིས་ནུས་པ་ཇི་འདྲ་ཞིག་ཐོན་བཞིན་ཡོད་པ་དང་། རིགས་རྒྱུད་མི་འདྲ་བའི་སྤྱི་ཚོགས་གཉིས་འབྲེལ་ཐུག་བྱུང་ཚེ་ཕྱི་ནས་ཡོང་བའི་སྤྱི་ཚོགས་དེ་ལ་རིག་གནས་གཞན་བསྒྱུར་གྱི་ནུས་པ་ཅི་ཙམ་ཡོད་པ། རིག་གནས་ཀྱི་བྱེད་ནུས་དང་རིག་གནས་འཕེལ་རྒྱས་ཀྱི་ཆུ་ཚད་སོགས་མི་སྒེར་གྱི་སྐྱེས་ཐོབ་ཀྱི་འཇོན་ཐང་དང་འབྲེལ་བ་ཅི་ཙམ་ཡོད་པ་སོགས་ལ་འགྲེལ་བརྗོད་བྱེད་པའི་གཞུང་ལུགས་ཚང་མ་ནི་ལྟ་བ་རགས་པ་ཕྱོགས་རེ་བ་འབའ་ཞིག་གི་དབང་དུ་སོང་བ་ལས། སྒྲུབ་བྱེད་ཁུངས་བཙུན་པའི་ཚན་རིག་གི་ཞིབ་འཇུག་ངོ་མ་ཞིག་ད་སྔ་ད་དུང་བྱུང་མེད། འོན་ཏེ། གོང་གི་དྲི་བ་འདི་དག་གི་ལན་ཇི་ལྟར་བཙལ་ཡང་ཆེས་ཐ་མར་རིག་གནས་ཅེས་པའི་དོན་འདིའི་སྟེང་དུ་བབས་ཡོང་བས་ན། ང་ཚོས་ཐོག་མར་རིག་གནས་ཀྱི་ཕྱོགས་ནས་དྲི་བ་འདི་དག་གི་ལན་འཚོལ་བར་བྱ་ལ། དེ་ལ་ངེས་པར་དུ་མཁོ་བའི་ཞིབ་འཇུག་གི་ཐོག་མའི་སྒྲོམ་ཞིག་ཀྱང་འཛུགས་པར་བྱའོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1