¤ ལའི་ཧྲ་ཅིའི་ཧའོ་ལའེ་ཝུའུ།
ལུའོ་ཧྲ་ཅིའི་ཞོགས་པའི་མེ་ཏོག་གི་དྲི་བསུང་།
ཞོགས་པའི་ཆུ་ཚོད་བདུན་པ་མ་སླེབས་པའི་སྔོན་ལ་ང་རང་སད་བྱུང་། དྲ་ཡོལ་ཕྱེ་ནས་བལྟས་དུས་ནམ་གསལ་འདུག་ཅིང་། མི་འགའ་ཤས་ཀྱིས་ཞོགས་རྩལ་སྦྱོང་བཞིན་འདུག ཞོགས་པའི་ལུའོ་ཧྲ་ཅི་ནི་འཇམ་ཐིང་ངེར་གནས། མགྲོན་ཁང་ཕྱི་རོལ་གྱི་སྤང་ཐང་དང་ལྗང་འགྱུར་ཁུལ་དུ་ཚེར་མའི་མེ་ཏོག་གཙོས་པའི་མེ་ཏོག་མང་པོས་ཡོངས་སུ་ཁེངས་ཤིང་མེ་ཏོག་སྐྱོང་མཁན་མི་ནག་ཞིག་གིས་གློག་སོག་ཆུང་ངུས་མེ་ཏོག་གི་ཡན་འདབ་བཟོ་བཅོས་བྱེད་བཞིན་འདུག
མཁའ་དབུགས་ཧ་ཅང་གཙང་ཞིང་འཇམ་རླུང་ཁྲོད་དུ་རྩྭ་དང་མེ་ཏོག་གི་དྲི་བསུང་འཐུལ། དེ་སྔོན་བུ་མོ་ཡེ་ལྷས་ངེད་རྒན་རྒོན་གཉིས་ལུའོ་ཧྲ་ཅིར་ཁྲིད་པའི་སྐབས་ཁྲོམ་ར་ནས་གནས་འདིར་གཏན་སྡོད་བྱེད་པར་ཡོང་བའི་ཀྲུང་གོའི་བཟའ་ཚང་རྒན་རྒོན་གཉིས་དང་ཐུག་ཅིང་། སྐུ་ཞབས་རྒན་པོས་ཁོ་རང་ལུའོ་ཧྲ་ཅིར་མ་ཡོང་གོང་དུ་གློ་སྙིང་གི་ནད་ཡོད་ཀྱང་། ལུའོ་ཧྲ་ཅིར་སླེབས་རྗེས་ཀྱི་ལོ་བཅུའི་ནང་དུ། སྨན་གང་ཡང་མ་བཏུང་ཡང་ཁོའི་ནད་སངས་དྲག་ཕྱིན་སོང་ཞེས་བཤད་པའི་གནས་ཚུལ་དེ་ཡིད་ལ་ཝ་ལེར་ཤར། ངས་དེ་ནི་ས་འདི་གའི་མཁའ་དབུགས་གཙང་མ་དང་འབྲེལ་བ་ཡོད་ངེས་རེད་སྙམ། ལུའོ་ཧྲ་ཅི་གྲོང་ཁྱེར་ནི་འཛམ་གླིང་ན་རྒྱ་ཁྱོན་ཆེས་ཆེ་བའི་གྲོང་ཁྱེར་ཡིན་པར་བཤད་ཀྱང་ད་དུང་འདི་ལྟའི་མཁའ་དབུགས་གཙང་མ་ཡོད་པ་ནི་ཡིད་སྨོན་འཆོར་བའི་གནས་སུ་གྱུར།
¤ འཛམ་གླིང་གློག་བརྙན་གྲོང་ཁྱེར་གྱི་ས་གདན་དམར་པོ།
ལུའོ་ཧྲ་ཅི་ནི་འཛམ་གླིང་ཡོངས་ཀྱི་རིག་གནས་དང་ཚན་རིག ལག་རྩལ། རྒྱལ་སྤྱིའི་ཉོ་ཚོང་། མཐོ་རིམ་སློབ་གྲྭ་བཅས་ཀྱི་ལྟེ་གནས་ཀྱི་ཡ་གྱལ་དུ་གྱུར་ཞིང་འཛམ་གླིང་ན་ཆེས་སྐད་གྲགས་ཡོད་པའི་ཆེད་ལས་དང་རིག་གནས་ཀྱི་ཁྱབ་ཁོངས་སྣ་ཚོགས་ཡོད། ལུའོ་ཧྲ་ཅི་ནི་འཛམ་གླིང་གི་དར་སྲོལ་ཆེ་བའི་རིག་གནས་ཀྱི་སྣེ་ཁྲིད་གྲོང་ཁྱེར་ཡིན་ཞིང་ཨ་རིའི་རྡོ་སྣུམ་རྫས་འགྱུར་བཟོ་གྲྭ་དང་མཚོ་ཁོངས་དང་མཁའབསྐྱོད་བཟོ་ལས། གློག་རྡུལ་ལས་རིགས་བཅས་ཀྱི་རྟེན་གཞི་ཆེས་ཆེ་བ་དེ་ཡིན་ལ། ཉེ་བའི་ལོ་ཤས་རིང་ལ་དངུལ་རྩ་ལས་རིགས་དང་ཚོང་ལས་ཀྱང་དར་རྒྱས་ཆེན་པོ་བྱུང་ཞིང་དངུལ་ཁང་བརྒྱ་ཕྲག་ལྷག་དེར་ལས་སྒྲུབ་བྱེད་ས་བཙུགས་ཡོད། ༡༩༣༢དང༡༩༨༤ཡི་ཨོ་རྩལ་འགྲན་ཚོགས་སྤེལ་ཡུལ་ཡང་ཡིན་ནོ། །ད་ལྟའི་ལུའོ་ཧྲ་ཅི་ནི་མི་རིགས་མང་བ་དང་རིག་གནས་སྣ་མང་འདུས་པའི་རྒྱལ་སྤྱིའི་རང་བཞིན་གྱི་གྲོང་ཁྱེར་ཞིག་ཏུ་གྱུར་འདུག་ཅིང་གྲངས་ཉུང་མི་རིགས་ཀྱི་མི་འབོར་དེ་གྲོང་ཁྱེར་ཡོངས་ཀྱི་མི་གྲངས་ཀྱི་ཕྱེད་ཙམ་ཟིན་ཡོད་པ་དང་། ཀྲུང་གོའི་མི་ཁྲི༤༠ཙམ་གནས་འདིར་བསྡད་ཡོད། ལུའོ་ཧྲ་ཅིའི་གནམ་གཤིས་དྲོ་ཞིང་མི་འཚོ་གནས་བྱེད་པའི་ཁོར་ཡུག་ཧ་ཅང་བཟང་བ་དང་དུས་བཞི་མེ་ཏོག་བཞིན་དུ་མཛེས། རིག་གནས་མི་འདྲ་བ་སྣ་ཚོགས་གནས་འདི་ན་ཕན་ཚུན་མཉམ་འདྲེས་བྱུང་བ་དེ་ནི་གྲོང་ཁྱེར་འདིའི་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་འཁུམས་སོ། །
¤ འཛམ་གླིང་གློག་བརྙན་གྲོང་ཁྱེར་གྱི་རྐོས་བརྙན།
ཧའོ་ལའེ་ཝུའུ་ཡི་རིག་གནས་ཟོང་རྟགས་གྲགས་ཅན་གྱི་མངོན་མེད་སྟོབས་ཤུགས།
¤ འཛམ་གླིང་གློག་བརྙན་གྲོང་ཁྱེར་གྱི་མཚོན་རྟགས།
ཧའོ་ལའེ་ཝུའུ་ནི་ཨ་རིའི་རིག་གནས་ཀྱི་ཟོང་རྟགས་གྲགས་ཅན་གྱི་ཡ་གྱལ་ཞིག་ཡིན་ཞིང་དུས་རབས་གཅིག་ཙམ་གྱི་རིང་ལ་དེས་རང་ཉིད་ཀྱི་གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་ཀྱིས་འཛམ་གླིང་ཟིལ་གྱིས་གནོན་པ་ཆབས་ཅིག དུས་རབས་གཅིག་གི་ནང་དུ་ཨ་རིས་རིག་གནས་འདིའི་ཟོང་རྟགས་གྲགས་ཅན་དེ་སྲུང་འཛིན་ཆད་མེད་བྱས་དང་བྱེད་བཞིན་ཡོད་པས་བསམ་གཞིག་བྱ་འོས་པ་ཞིག་རེད། ངོ་མཚར་དགོས་པ་ཞིག་ནི་མ་གཞིར་བརྙན་ལེན་དང་གློག་བརྙན་བཟོ་སའི་ས་ཆ་ཞིག་ད་ལྟར་ཨ་རིའི་ཡུལ་སྐོར་བྱེད་སའི་གནས་མཆོག་གཅིག་ཏུ་བསྐྲུན་འདུག ལོ་འདི་ཤས་རིང་ལ་ང་ཚོས་རྒྱུན་དུ་རིག་གནས་ཐོན་ལས་ཞེས་པའི་ཐ་སྙད་ཅིག་བཤད་ཀྱིན་ཡོད་པ་དེ་ནི་དུས་རབས་གོང་མའི་དུས་འགོར་ཨ་རིའི་ཧའོ་ལའེ་ཝུའུ་ནས་དར་བ་ཞིག་རེད། འདི་ནི་བཟོ་ལས་ཐོན་སྐྱེད་ཀྱི་བྱེད་ཐབས་ཤིག་ཡིན་ཞིང་མང་ཚོགས་ཀྱི་རིག་གནས་འཛད་སྤྱོད་ལ་དམིགས་པའི་ཞབས་ཞུ་རང་བཞིན་དང་ཚོང་གཉེར་རང་བཞིན་གྱི་ལས་རིགས་ཤིག་གསར་དར་བྱུང་བ་དེ་ལ་རིག་གནས་ཐོན་ལས་ཞེས་ཟེར་བ་རེད། རིག་གནས་ཐོན་ལས་ནི་རྒྱལ་ཁབ་ཅིག་གི་རིག་གནས་འཛུགས་སྐྲུན་གི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། རིག་གནས་ཀྱི་ཟོང་རྟགས་གྲགས་ཅན་ནི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན་པ་རེད། ཧའོ་ལའེ་ཝུའུ་ཡི་ཟོང་རྟགས་གྲགས་ཅན་དེ་དུས་རབས་གཅིག་སྟེ་ལོ་བརྒྱ་ཡི་ནང་དུའང་གསོན་ཤུགས་མི་ཉམས་པ་དེའི་ཐོག་ནས་ང་ཚོར་གོ་བསྐོན་སློབ་གསོ་མང་པོ་ཐེབས་སྲིད་པ་རེད།
¤ ཧའོ་ལའེ་ཝུའུ་ཡི་གྲགས་ཅན་མི་སྣའི་འགྲོ་ལམ་ཏེ་སྐར་འོད་ལམ་ཆེན།
ལུའོ་ཧྲ་ཅིའི་འཛམ་གླིང་གློག་བརྙན་ཁང་དུ་ལྟ་སྐོར་འགྲོ་དུས་ཧའོ་ལའེ་ཝུའུ་ཡི་བརྙན་ལེན་རྟེན་གཞིར་མི་ལྟ་ཀ་མེད་རེད། དེ་ན་དུས་རིམ་མི་འདྲ་བའི་གློག་བརྙན་བཟོ་བྱེད་ཀྱི་འཁྲབ་ཆས་མང་པོ་ཡོད་ཅིང་གསོན་ཉམས་དོད་པའི་གློག་བརྙན་གྱི་བཟོ་ལྗོངས་དུ་མས་འགྲུལ་པ་རྣམས་ལ་ཐུན་མིན་གྱི་མྱོང་ཚོར་སྦྱིན།
¤ སྐར་འོད་ལམ་ཆེན་ཐོག་གི་གློག་བརྙན་དང་ཟློས་གར་ཁང་། དཀྱིལ་དུ་ཡོད་པ་ནི་ཀྲུང་གོའི་ཟློས་གར་ཁང་ཆེན་རེད།
རང་རྒྱལ་གྱི་ས་ཆ་མི་ཉུང་བ་ཞིག་ན་ཡང་གློག་བརྙན་གྱི་བརྙན་ལེན་བྱེད་ཡུལ་དེ་ཡུལ་སྐོར་བྱེད་སར་བཙུགས་ཡོད། ང་རང་ཧང་ཀྲོའུ་ཡི་ཞི་ཞིའི་འདམ་རར་འགྲོ་དུས་ཡངས་པའི་ཆུའི་ཆོལ་ཁ་དེར་རང་རྒྱལ་ནས་ཐོན་པའི་གློག་བརྙན་ཞིག་གི་བརྙན་ལེན་ས་ཉར་ཚགས་བྱས་ཡོད་ཅིང་གཞི་ཁྱོན་དེ་ཙམ་མི་ཆེ་ཡང་ཡུལ་དེར་ཡུལ་སྐོར་ཡོང་མཁན་ཚང་མ་དེར་ལྟ་རུ་འགྲོ་ངེས་པས་ཞི་ཞིའི་འདམ་རར་རིག་གནས་ཀྱི་ཆ་ཞིག་མངོན་མེད་དུ་བསྣན། ང་ཚོའི་གནའ་གྲོང་དང་མཛེས་ལྗོངས་ཁུལ་མང་པོར་རིག་གནས་ཀྱི་རིན་ཐང་རང་གཤིས་སུ་གྲུབ་ཅིང་གལ་ཏེ་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་པ་ཡིན་ན་འགྲུལ་པས་ས་གནས་དེ་གའི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ལ་མྱོང་ཚོར་དེ་བས་ཟབ་མོ་བྱས་ཆོག་མོད། འོན་ཀྱང་ས་གནས་ཁ་ཤས་ཀྱིས་ཀླད་མེད་ཀྱི་ལད་མོ་བྱེད་པ་དང་ཐ་མལ་གྱི་མི་བཟོས་ལྗོངས་གནས་བཙུགས་པ་སོགས་ར་མ་ལུག་གི་བྱེད་སྟངས་ཡིད་མུག་པོ་མང་པོ་ཞིག་ཀྱང་བྱུང་དང་འབྱུང་མུས་སུ་མཆིས།
¤ བྱི་བའི་སྐར་དབྱིབས་གཟེངས་རྟགས།
རིག་གནས་ཀྱི་ཟོང་རྟགས་གྲགས་ཅན་ཞིག་ཇི་ལྟར་བྱས་ནས་ཡག་པོ་བསྐྲུན་པའི་སྐོར་ཧའོ་ལའེ་ཝུའུ་ཡིས་ང་ཚོར་གོ་བསྐོན་མང་པོ་བྱས་ཡོད། ད་ལྟར་ཁྱེད་རང་འཛམ་གླིང་གི་ས་གནས་གང་ཞིག་ཏུ་གནས་པའམ། ཡང་ན་ཁྱེད་ཀྱིས་དང་ལེན་ཞུ་མིན་གང་ལྟར་ཡང་ཧའོ་ལའེ་ཝུའུ་ཡིས་ལྟ་དགའ་ཆེ་བའི་གློག་བརྙན་རེ་རེས་འཛམ་གླིང་ཡོངས་ལ་ཁོ་ཚོའི་རིན་ཐང་ལྟ་བ་ཤུགས་སུ་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད། འདི་ནི་རིག་གནས་ཀྱི་ཟོང་རྟགས་གྲགས་ཅན་གྱི་ནུས་ཤུགས་རེད།
¤ འཛམ་གླིང་གློག་བརྙན་གྲོང་ཁྱེར་གྱི་འགུལ་རིས་ཞིང་ཁམས།
ཧའོ་ལའེ་ཝུའུ་ཡི་ཐུན་མིན་གྱི་མཛེས་ལྗོངས་གཞན་ཞིག
¤ སྐར་འོད་ལམ་ཆེན་ཐོག་གི་མི་སྣ་གྲགས་ཅན་གྱི་མིང་རྟགས།
ང་རང་གིས་དེ་སྔོན་ཧའོ་ལའེ་ཝུའུ་དང་ཏི་སི་ཉི་རུ་ཡོང་མཁན་ཕལ་ཆེར་བྱིས་པ་ཡིན་སྣང་ཤར་ཞིང་རྗེས་སུ་ཡུལ་སྐོར་འགྲུལ་པའི་ཕྱེད་ཙམ་ནི་མི་དར་མ་ཡིན་པ་ཤེས། ངས་སྒྱུ་རྩལ་གྱི་བརྩམས་ཆོས་ཡིན་ནའང་འདྲ། ཡང་ན་དེ་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་རོལ་རྩེད་ཁང་གང་རུང་ཡིན་ནའང་འདྲ། དེ་དག་ནི་སྤུས་ཚད་བཟང་ངན་གྱི་དབྱེ་བ་ལས་མི་ཆེ་ཆུང་གི་དབྱེ་བ་ཡོད་པ་རེད། སྒྱུ་རྩལ་གྱི་གློག་བརྙན་སྤུས་ལེགས་ཤིག་བཟོས་པ་ཡིན་ན་མི་ཆེན་པོར་དགའ་ཞེན་ཡོད་པར་མ་ཟད་བྱིས་པ་ཚོའི་ཡིད་དབང་ཡང་འཕྲོག་ནུས། འགུལ་རིས་གློག་བརྙན་ཡག་པོ་ཞིག་བཟོས་པ་ཡིན་ན་བྱིས་པས་ལྟ་དགའ་ཆེ་བར་མ་ཟད་ལོ་ལོན་ཚོས་ཀྱང་ཡིད་སྨོན་འཆོར་སྲིད། རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བ། ན་ཚོད་མི་འདྲ་བའི་འགྲུལ་པ་བཅས་ཐམས་ཅད་ཟིལ་གྱིས་གནོན་པ་ནི་རིག་གནས་ཀྱི་ཟོང་རྟགས་གྲགས་ཅན་གྱི་ཡིད་དབང་འགུགས་ཤུགས་ཡིན་པ་སྨོས་ཅི་དགོས། འདི་ན་ཡུལ་སྐོར་ཡོང་མཁན་གྱི་འགྲུལ་པ་རྒན་དར་གཞོན་གསུམ་གང་ཡིན་ཡང་སྒྲིག་ལམ་ལ་བརྩི་སྲུང་བྱས་ཤིང་གུས་ཞབས་ལྡན་པ། ཕན་ཚུན་ཞི་མཐུན་ངང་གནས་པ་ནི་ཧའོ་ལའེ་ཝུའུ་ཡི་ཐུན་མིན་གྱི་མཛེས་ལྗོངས་གཞན་ཞིག་ཏུ་གྲུབ་ཅིང་། རྒྱལ་ཁབ་དང་མི་རིགས། ཤ་མདོག་བཅས་མི་འདྲ་ཡང་ཁྱེད་ཀྱིས་ཕར་ལ་བརྩེ་བའི་མིག་མདངས་ཤིག་འཕངས་པ་ཡིན་ན་ཚུར་ལ་དུང་བའི་སྤྱན་རས་ཤིག་འཕེན་ངེས་སོ། །
¤ སྐར་འོད་ལམ་ཆེན་ཐོག་གི་ཀྲོ་པེ་ལིན་གྱི་འཇིམ་བརྙན།
མི་སྣ་གྲགས་ཅན་གྱི་བགྲོད་ལམ་ཐོག་གི་མྱོང་ཚོར། འཛམ་གླིང་གློག་བརྙན་གྲོང་ཁྱེར་ནས་ཕྱིར་བུད་རྗེས། ང་ཚོ་ལུའོ་ཧྲ་ཅིའི་མི་སྣ་གྲགས་ཅན་གྱི་བགྲོད་ལམ་ཏེ་སྐར་འོད་ལམ་ཆེན་དུ་སོང་བ་ཡིན། འདི་ནི་ཧའོ་ལའེ་ཝུའུ་ཡི་ལམ་ཆེན་ཐོག་གི་མི་བགྲོད་འགྲོ་ལམ་ཞིག་རེད། ༡༩༥༨ལོར་བསྐྲུན་ཞིང་སྐད་གྲགས་ཤིན་ཏུ་ཆེ། ས་ངོས་སུ་གློག་བརྙན་དང་བརྙན་འཕྲིན། ཟློས་གར། རོལ་དབྱངས། རྒྱང་སྒྲོག་ལས་རིགས་སོགས་ཀྱི་མི་སྣ་གྲགས་ཅན་གྱི་མིང་བཀོད་ཡོད་པའི་སྐར་མའི་རྟགས་ཅན་གྱི་གཟེངས་རྟགས་སྟོང་གཉིས་ལྷག་གིས་ཕྲ་རྒྱན་བརྒྱབ་འདུག འགྲོ་ལམ་འདིའི་ཐོག་ཏུ་བསྐྱོད་དུས་ཁོ་བོས་མི་སྣ་གྲགས་ཅན་དེ་ཚོས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་དང་རླབས་ཆེན་གྲུབ་འབྲས་ལ་བརྟེན་ནས། རྒྱ་ཆེ་བའི་གཟིགས་མོ་བ་དང་ཉན་མཁན་རྣམ་པའི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་དགོས་མཁོ་བསྐངས་པར་མ་ཟད། དེ་དག་གི་རྒྱལ་ཁབ་དང་མི་རིགས་རིག་གནས་འཛུགས་སྐྱོང་བྱེད་པའི་ཁྲོད་ཀྱི་འགན་འཁྲི་ཡང་འཁུར་གྱིན་ཡོད་པའི་ཚོར་བ་དྲག་པོ་ཞིག་ངང་གིས་སྐྱེས་ཤིང་སྐར་འོད་ལམ་ཆེན་དུ་བརྒྱུད་ཚེ་ཅི་ཞིག་ལ་བརྩི་བཀུར་དང་དད་པ་ཟེར་བ་ལ་ཡང་མྱོང་ཚོར་ཟབ་མོ་སྐྱེས། དུས་རབས་ཉེར་གཅིག་པར་སླེབས་དུས་རང་རེ་ཚོས་ཀྱང་མ་མཐའི་དཔྱད་འཇོག་ཚད་གཞི་དང་རིག་གནས་ཀྱི་ཆ་ཙམ་ཡང་མེད་པའི་གྲགས་ཅན་མི་སྣ་ཚུལ་འཆོས་བྱས་པའི་བྱ་འགུལ་མདོ་མེད་སྤེལ་དང་སྤེལ་བཞིན་ཡོད་ལ་དེ་ལ་བརྟེན་པའི་ཕ་མ་ཁྲི་སྟོང་མང་པོས་བྱིས་པའི་ངལ་གསོའི་དུས་ཚོད་ཀྱང་བཙན་འཕྲོག་བྱས་ཏེ་འབུད་རྡུང་དཀྲོལ་གཏོང་སྦྱོང་བའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད། རང་རྒྱལ་གྱི་ཤང་ཀང་མ་གཏོགས་གྲོང་ཁྱེར་ཕལ་ཆེར་དེ་འདྲའི་མི་སྣའི་གྲགས་ཅན་གྱི་འགྲོ་ལམ་མེད། གལ་ཏེ་འབྱུང་འགྱུར་ན་ང་ཚོར་སྐར་འོད་འགྲོ་ལམ་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་། དེའི་ཐོག་གི་མི་སྣ་གྲགས་ཅན་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ལོ་སྟོང་ཕྲག་དུ་མའི་མཚར་སྡུག་རིག་གནས་ཀྱི་འགན་འཁྲི་ཁུར་བ་དང་རྒྱ་ཆེ་བའི་མང་ཚོགས་ཚོའི་རིག་གནས་ཀྱི་དགོས་མཁོ་བསྐང་ཐུབ་བམ་སྙམ་མོ། །