རྒྱལ་མོ་རྨུར་རྡོའི་བསང་མཆོད།

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-17


 རྒྱལ་མོ་རོང་གི་གཞི་བདག་གཉན་པོ་རྨུར་རྡོའི་བསང་མཆོད་བཞུགས་སོ། །སྐྱབས་འགྲོ་སེམས་སྐྱེད་སྔོན་དུ་བཏང་ནས། བྷྱོ། རྒྱལ་བས་ལུང་བསྟན་མཁའ་སྤྱོད་གྲུབ་པའི་ཞིང༌། །ཡུལ་ཆེན་ཤར་ཕྱོགས་རྒྱལ་མོ་རོང་གི་དབུས། །གནས་ཆེན་གཞི་བདག་ལྷ་གཉན་རྨུར་རྡོ་ནི། །བདག་ཅག་མོས་པ་ཇི་ལྟར་གནས་འདིར་གཤེགས། །ཕྱོགས་བཞི་རིགས་བཞི་ཆུ་བོ་འདུས་པའི་དབུས། །དཔལ་ཆེན་ཧེ་རུ་ཀ་ཡི་ཕོ་བྲང་ནས། །བདེ་ཆེན་དཔའ་བོ་བྲེ་ཏ་པུ་རི་དང༌། །ཡུམ་བཞི་འཁོར་ཚོགས་དྲེག་པ་སྡེ་བརྒྱད་དང༌། །བརྟན་མ་བཅུ་གཉིས་ལྷ་སྨན་ཀླུ་སྨན་དང༌། །རྒྱལ་མོ་རོང་གི་གཞི་བདག་གཉན་པོ་རྣམས། །བདག་ཅག་གདུང་ཤུགས་དྲག་པོས་སྤྱན་འདྲེན་ནོ། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །རྨུར་རྡོ་ལྷ་གཉན་སྐུ་མདོག་མིག་སྨན་མདོག །ཕྱག་གཡས་དར་མདུང་དམར་པོ་དགྲ་ལ་འཕྱར། །
གཡོན་པའི་ཞགས་པ་དམར་པོས་བགེགས་རྣམས་འཆིང༌། །དྲན་པ་ཙམ་གྱིས་དངོས་གྲུབ་ཀུན་སྩོལ་བའི། །རྨུར་རྡོ་ལྷ་གཉན་ཆེན་པོ་འཁོར་བཅས་རྣམས། །གནས་འདིར་ཐོགས་པ་མེད་པར་བརྟན་པར་བཞུགས། །ཧཱུྃ། ལྷུན་གྲུབ་བདེ་བ་ཆེན་པོའི་རོལ་པ་ལས། །འབྱུང་བའི་ཕྱི་ནང་གསང་བའི་མཆོད་པའི་ཚོགས། །མཆོད་པ་ལྔ་དང་འདོད་པའི་ཡོན་ཏན་ལྔ། །རིན་ཆེན་བདུན་དང་རྒྱལ་སྲིད་རྣམ་པ་བདུན། །གཞན་ཡང་མཛེས་པའི་རྟ་མཆོག་རྐྱང་སེར་དང༌། ། དྲག་པོའི་ངར་སྒྲ་སྒྲོག་པའི་ལྷ་གཡག་དང༌། །དར་ནག་ཅོད་པཎ་བཞད་པའི་ལུག་ནག་དང༌། །ཡིད་འོང་བྱ་ཚོགས་དགྲ་བགེགས་ཀླད་ལ་ལྡིང༌། །ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་ཞིང་རྒྱུག །ཕ་རོལ་གཡུལ་ལས་རྒྱལ་བྱེད་གོ་ཁྲབ་དང༌། །རྣོ་ངར་ལྡན་པའི་མཚོན་ཆ་སྣ་ཚོགས་དང༌། །རུ་མཚོན་ཕྱག་དར་ནམ་མཁའི་ཁྱོན་ཀུན་གང༌། །བར་སྣང་རྒྱན་གྱུར་ལྷ་རྫས་བླ་བྲེ་དང༌། །དབང་པོའི་གཞུ་ལྟར་བཀྲ་བའི་རྒྱལ་མཚན་སོགས། །ཕྱི་ནང་དམ་རྫས་སྤྱན་གཟིག་ཚོགས་མ་ལུས། །དགྱེས་པ་བསྐྱེད་ཕྱིར་འཁོར་དང་བཅས་ལ་འབུལ། །ཉེ་འཁོར་གནས་གཞི་འདིར་འཁོད་དགེ་འདུན་སྡེ། །བདག་ཅག་མི་ནོར་འཁོར་དང་བཅས་པ་རྣམས། །གཞི་བདག་བསྲུང་མ་ཁྱོད་ལ་གཉེར་གཏད་པའི། །ཐོས་བསམ་བསྒོམ་སོགས་ཆོས་ལྡན་རེ་བ་རྣམས། །འབད་པ་མེད་པར་ལྷུན་གྱིས་འགྲུབ་པར་མཛོད། །ཕ་རོལ་མི་དང་མི་མ་ཡིན་པ་སོགས། །བསམ་པ་ངན་པ་སྦྱོར་བ་རྩུབ་པ་རྣམས། །མ་ལུས་མྱུར་དུ་ཞི་བའི་ཕྲིན་ལས་མཛོད། །ཧཱུྃ། ཁྱད་པར་ངོ་མཚར་རྨད་བྱུང་བའི། །ཡུལ་ནི་རྒྱལ་མོ་རོང་གི་དབུས། །རྨུར་རྡོ་རི་བོ་མཆོག་རབ་ལ། །རི་བོ་དྲུག་བཅུ་རྩ་གཉིས་བསྐོར། །ཆུ་བཞི་འདུས་པའི་དབུས་སུ་འགྱིངས། །སྒྲུབ་གནས་བརྒྱ་དང་རྩ་བརྒྱད་ཡོད། །གཏེར་བདག་གསང་ཕུག་སྦས་པའི་ཡུལ། །རི་བོ་རྨུར་རྡོ་དབང་ཕྱུག་གིས། །ཕྱོགས་མཚམས་ཀུན་ལ་ཁྱབ་པ་ཡོད། །དེ་རྣམས་ཀུན་ལ་གནས་པ་ཡི། །བླ་མ་ཡི་དམ་དཀོན་མཆོག་གསུམ། །ཞི་རྒྱས་དབང་དྲག་ལྷ་ཚོགས་དང༌། །ཞི་ཁྲོ་མ་སྲིང་མཁའ་འགྲོ་དང༌། །གཏེར་བདག་ཆོས་སྐྱོང་བསྲུང་མ་རྣམས། །མཁན་ཤུག་སྤོས་དཀར་དུད་པས་བསང༌། །ཞལ་ཟས་ལོངས་སྤྱོད་ཚོགས་ཀྱིས་མཆོད། །རི་མཚོ་ཀུན་ལ་གནས་པ་ཡི། །འཇིག་རྟེན་དཔལ་མགོན་ཐམས་ཅད་དང༌། །ས་བདག་ཀླུ་གཉན་གཏོགས་པའི་ཚོགས། །ཡུལ་ལྷ་གཞི་བདག་ཁྱེད་རྣམས་ལ། །ཞལ་ཟས་བདུད་རྩིའི་ཕུད་ཀྱིས་མཆོད། །རི་བྲག་ཀུན་ལ་གནས་པ་དང༌། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་དང༌། །དྲེགས་པ་བཅོ་བརྒྱད་འཁོར་བཅས་དང༌། །བཟང་ཤིང་སྣ་ཚོགས་དུད་པས་བསང༌། །ཞལ་ཟས་ཤ་ཁྲག་ཕུད་ཀྱིས་མཆོད། །པྲེ་ཏ་པུ་རི་འཁོར་བཅས་དང༌། །འཛམ་བུ་གླིང་གི་གཞི་བདག་དང༌། །
ཡུལ་འདིར་གནས་པའི་གཞི་བདག་དང༌། །བདག་ལ་འགོ་བའི་ལྷ་སྲུང་རྣམས། །
བསང་དང་མཆོད་པ་འདི་བཞེས་ལ། །བདག་ཅག་མི་ནོར་འཁོར་བཅས་ལ། །དགྲ་འདྲེ་གདོན་གསུམ་མེད་པར་མཛོད། །རྨོངས་སྡུད་དབུལ་གསུམ་མེད་པར་མཛོད། །མི་ནོར་ཟས་གསུམ་འཕེལ་བར་མཛོད། །ཟས་ཁ་ཕྱེས་ལ་འཐུང་ཁ་ཕྱེས། །གྲོགས་ཁ་ཕྱེས་ལ་ནོར་ཁ་ཕྱེས། །ཟས་ཁ་འཐུང་ཁ་གྲོགས་ཁ་ཕྱེས། །ཅི་བསམ་དོན་རྣམས་བདག་ལ་སྩོལ། །བྱེས་སུ་འགྲོ་ན་མེལ་ཚེ་གྱིས། །ཚེ་དཔལ་དབང་ཐང་འཕེལ་བར་མཛོད། །དམ་མཉམ་དགྲ་བགེགས་མྱུར་དུ་སྒྲོལ། །བདག་ཅག་མི་ནོར་འཁོར་བཅས་རྣམས། །རྟག་ཏུ་བསྲུང་བའི་ལས་མཛོད་ཅིག །སྡང་བའི་དགྲ་བགེགས་མྱུར་དུ་སྒྲོལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། ༈ ཇ་ཆང་གང་རུང་གི་གསེར་སྐྱེམས་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ཀྱཻ། རིན་ཆེན་སྣོད་མཆོག་སྟོང་གསུམ་ལྟར་ཡངས་སུ། །ཟག་མེད་བདུད་རྩིར་བྱིན་རླབས་གསེར་སྐྱེམས་འདི། །རྩ་རྒྱུད་བླ་མ་ཡི་དམ་མཆོག་གསུམ་ལ། །འབུལ་ལོ་བྱིན་རླབས་དངོས་གྲུབ་མ་ལུས་སྩོལ། །རིན་ཆེན་སྣོད་མཆོག་སྟོང་གསུམ་ལྟར་ཡངས་སུ། །ཟག་མེད་བདུད་རྩིར་བྱིན་རླབས་གསེར་སྐྱེམས་འདི། །དཔའ་བོ་པྲེ་ཏ་པུ་རི་ཡབ་ཡུམ་ལ། །འབུལ་ལོ་སྲིད་ཞིའི་འདོད་དགུ་ཆར་དུ་ཕོབས། ། རིན་ཆེན་སྣོད་མཆོག་སྟོང་གསུམ་ལྟར་ཡངས་སུ། །ཟག་མེད་བདུད་རྩིར་བྱིན་རླབས་གསེར་སྐྱེམས་འདི། ། རྨུར་རྡོ་སྲིད་པའི་དགྲ་ལྷ་ཆེན་པོ་ལ། །འབུལ་ལོ་རྣམ་བཞིའི་འཕྲིན་ལས་གཡེལ་མེད་མཛོད། ། རིན་ཆེན་སྣོད་མཆོག་སྟོང་གསུམ་ལྟར་ཡངས་སུ། །ཟག་མེད་བདུད་རྩིར་བྱིན་རླབས་གསེར་སྐྱེམས་འདི། །བསྟན་སྐྱོང་ལྷ་ཀླུ་གཞི་བདག་མ་ལུས་ལ། །འབུལ་ལོ་འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་སྒྲུབས། ། རིན་ཆེན་སྣོད་མཆོག་སྟོང་གསུམ་ལྟར་ཡངས་སུ། །ཟག་མེད་བདུད་རྩིར་བྱིན་རླབས་གསེར་སྐྱེམས་འདི། ། སྡེ་བརྒྱད་དྲེགས་པའི་འཁོར་ཚོགས་ཐམས་ཅད་ལ། །འབུལ་ལོ་བདག་སོགས་བསམ་དོན་མྱུར་འགྲུབ་མཛོད། །ཧཱུྃ། རྨུར་རྡོ་ལྷ་གཉན་འཁོར་དང་བཅས་པ་ལ། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང༌། །དབང་པོའི་མེ་ཏོག་ཚིལ་ཆེན་མར་མེ་དང༌། །དྲི་ཞིམ་སྤོས་ཀྱི་བསྲེགས་པའི་དུད་སྤྲིན་ཚོགས། །དངོས་བཤམས་ཡིད་ཀྱིས་མཆོད་སྤྲིན་རྒྱ་མཚོ་དང༌། །རྣལ་འབྱོར་བདག་གི་ལྷག་བསམ་དག་པ་ཡིས། །སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོ་འབུལ། །ད་བཅོལ་ལས་ཀྱི་བསང་འདི་གཉན་པོ་བཞེས། །འཁོར་རྣམས་སྐྱོང་ཞིང་རྐྱེན་རྣམས་བཟློག་པ་དང༌། །མཐུན་པའི་རྐྱེན་རྣམས་མ་ལུས་འགྲུབ་པར་མཛོད། །ཧཱུྃ། རྨུར་རྡོ་ལྷ་གཉན་ཆེན་པོ་ཁྱོད། །འབོད་པའི་ཚེ་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྡུལ། །བསྐུལ་བའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང༌། །མཐུ་སྟོབས་རྫུ་འཕྲུལ་དཔུང་བསྐྱེད་ཅིང༌། །བདག་ཅག་འཁོར་དང་བཅས་པ་རྣམས། །ནད་གདོན་དགྲ་བགེགས་ཆོམ་རྐུན་དང༌། །གདུག་ཅིང་སྡང་བའི་སེམས་ཅན་རྣམས། །མི་དང་མི་མིན་དགྲ་བགེགས་ཀྱི། །འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཅེས་པ་འདི་ནི་ཤར་ཕྱོགས་རྒྱལ་མོ་རོང་གི་གཞི་བདག་གཉན་པོ་རྨུར་རྡོའི་བསྟོད་བསྐུལ་དུ། ཤཱཀྱའི་དགེ་སློང་སྐལ་བཟང་རྒྱ་མཚོས་མདོ་རྨད་བྲག་རིའི་དབེན་གནས་སུ་སྦྱར་བའོ། །དགེའོ། ། 
༄༅། །རྒྱལ་མོ་རྨུར་རྡོའི་བསང་མཆོད་བཞུགས་སོ། །ཨོཾ། ཁྱད་པར་ངོ་མཚར་རྨད་དུ་བྱུང༌། །ཡུལ་ནི་རྒྱལ་མོ་རོང་གི་དབུས། །རྨུར་རྡོའི་རི་བོ་མཆོག་རབ་ལ། །རི་བོ་དྲུག་ཅུ་རྩ་གཉིས་བསྐོར། །སྒྲུབ་གནས་བརྒྱ་དང་རྩ་གཉིས་ཡོད། །གཏེར་བདག་གསང་ཕུག་སྦས་པའི་ཡུལ། །རི་བོ་རྨུར་རྡོ་དབང་ཕྱུག་གི །ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་ཁྱབ་པ་ཡོད། །དེ་རྣམས་ཀུན་ལ་གནས་པ་ཡིས། །འདིར་གཤེགས་གནས་པའི་འཇིག་རྟེན་དཔལ་མགོན་རྣམས། །བསང་དང་ཞི་བའི་མཆོད་པ་འབུལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་ཐུང་ནད་ཡམས་ཞི་བར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞལ་ཟས་བདུད་རྩི་ཕུད་ཀྱིས་མཆོད། །རི་བྲག་རྣམས་ལ་གནས་པ་ཡི། །དྲེགས་པ་སྡེ་བརྒྱད་འཁོར་བཅས་རྣམས། །བསང་ཤིང་སྣ་ཚོགས་དུད་པས་བསང༌། །ཞལ་ཟས་ཤ་ཁྲག་ཕུད་ཀྱིས་མཆོད། །རྨུར་རྡོ་གཉན་པོ་མཐུ་བོ་ཆེ། །གར་འགྲོ་གར་འདུག་གར་གནས་ཀྱང༌། །སྡོང་གྲོགས་རྒྱབ་རྟེན་དམ་པ་མཛོད། །བསང་དང་མཆོད་པ་འདི་བཞེས་ལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ཚེ་དང་བསོད་ནམས་འཕེལ་བར་མཛོད། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །རྨུར་རྡོ་གཉན་པོ་དྲེགས་ཤུལ་ཅན། །དགྲ་བགེགས་བསམ་ངན་མྱུར་དུ་སྒྲོལ། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དགེའོ། ། ༄༅། ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཀ་དག་རིག་མདངས་འགགས་པ་མེད་པའི་རྩལ། །འཇིག་རྟེན་སྐྱོང་བའི་ཟོ་དོར་ཚུལ་འཛིན་པ། །གནས་ཆེན་རྨུར་རྡོ་མཚན་གསོལ་ལྷ་གཉན་ཆེ། །ཡབ་ཡུམ་སྲས་བློན་འཁོར་ཚོགས་དཔག་མེད་བཅས། །འདིར་གཤེགས་ཟག་མེད་ཏིང་འཛིན་དམ་སྤྲུལ་པའི། །མཆོད་ཚོགས་བསང་དང་གསེར་སྐྱེམས་གཏོར་མས་བརྔན། །བཞེས་ལ་རྣམ་བཞིའི་ཕྲིན་ལས་གང་བརྩམ་པ། །ཐོག་མེད་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །རྒྱལ་མོ་རྨུར་རྡོའི་བསང་མཆོད་འདི་འང་སྨོན་ལམ་ངོར་མཉྫུ་པས་ཤར་མར་བྲིས་པའོ། ། 


རྩོམ་ཡིག་རྗེས་མ།
བོད་ཀྱི་རྒྱན་གོས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1