བོད་ཀྱི་རྒྱན་གོས།

ཚེ་རྒྱལ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-17


ལྭ་རིང་གྱི་རིགས།

 
ས་གནས་ཀྱི་དབང་དུ་བྱས་ན་དབུས་ཆས། ཨམ་ཆས། ཁམས་པའི་ཆས་དང་། དེ་དག་ལ་ཕོ་ཆས་དང་མོ་ཆས།    བཟོ་རྒྱུའི་ཆ་ནས་སྣམ་བུ་སྤུ་མས་བཟོས་པའི་ལྭ་བ།   ལྭ་ཤག་སྟེ་ཕྱུ་ཆེན། གོས་ལྭ། རྒྱུ་པགས་པས་བྱས་པའི་སློག་པ། ལུ་གུའི་པགས་པས་བྱས་པའི་ཚ་རུ། ཝ་སླག   སྲམ་སླག ཕྲུགས་ལྭ། སྣམ་བུའི་ལྭ། ཕྱིང་ལྭ། ཐེར་མས་བཟོས་པའི་ཐེང་ལྭ། དབུས་མོའི་དབུས་ལྭའམ་བོད་ལྭ། རས་ལྭ།   བར་ཕྱིང་། གཡོགས་མ། གཞན་ཡང་ཡུལ་གཞན་ནས་དར་བའི་སོག་ཆས། སོག་སླག ཧོར་མོའི་ཆས། རྩེ་དྲུང་ཚོའི་ལས་གོས་ཏེ་གོས་སྟོད། རྒྱ་ལུ་ཆས་ཏེ་བོད་ཀྱི་དྲུང་འཁོར་ཚོས་གྱོན་རྒྱུའི་གཟབ་ཆས།དེ་ལ་རྒྱལ་སྲིད་སྣ་བདུན་ཚང་ལུགས་ནི་གཟན་གྱིས་གླང་ཆེན།   ཀོང་རྣས་འཁོར་ལོ།    པན་ཏོག་གིས་བཙུན་མོ།   སྐེད་གྲིས་དམག་དཔོན། ཁུག་ཁྲ་ཐིག་ཤུབས་ཀྱིས་རྟ་མཆོག། ཨར་ཀོང་གིས་བློན་པོ། །རིན་ཆེན་སྤྱིས་ནོར་བུ་རིན་ཆེན་བཅས་མཚོན་ཅིང་དེ་དང་ལྷ་ལྕམ་ཆས་སོགས་གོས་ཀྱི་བྱེ་བྲག་ཧ་ཅང་མང་པོ་ཞིག་དར་ཡོད་དོ།
གྲྭ་ཆས།
 
གྲྭ་ཆས་ནི་དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་དུ་འདུས་ཤིང་། བཅུ་གསུམ་ནི་སྣམ་སྦྱར།   བླ་གོས།   མཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན། རྔུལ་གཟན། རྔུལ་གཟན་གྱི་གཟན།   གདོང་ཕྱིས། རྣག་གཟན། གཡན་པ་དགབ་པ། སྐྲ་གཟེད། གདིང་བ། དབྱར་གྱི་གོས་རས་ཆེན་ཡོ་བྱད་ཀྱི་གོས་རྣམས་སོ། །དེ་དག་གི་ཁྱད་ཆོས་ངོ་སྤྲོད་ཙམ་ཞུ་ན། 
1.སྣམ་སྦྱར། ཆོས་གོས་རྣམ་གསུམ་གྱི་ཡ་གྱལ། དགེ་སློང་ཁོ་ནའི་རྟེན་ལ་ཕྱག་འཚལ་ཞིང་བསོད་སྙོམས་རྒྱུ་བ། ཆོས་འཆད་ཉན་དང་ལས་ཆོག་ལ་འདུས་པའི་སྐབས་སུ་གྱོན་རྒྱུའི་སྟོད་གོས་སེར་པོ་ཞིག དེ་ལ་ནང་གསེས་སུ་སྣམ་ཕྲན་དགུ་མ། བཅུ་གཅིག་མ། བཅུ་གསུམ་བཅས་གསུམ་ཡོད། 
2.བླ་གོས། བཟོ་དབྱིབས་སྣམ་སྦྱར་ལྟར་སྣམ་ཕྲན་དང་གླེགས་བུར་དྲས་ཏེ་དྲུབ་པ་ལ། ཆེ་ཆུང་ཡང་དགེ་ཚུལ་སློང་གི་སྐུའི་ཚད་ལ་གཞིགས་ཏེ་བཟོས་ཆོག་པ། འདི་ནི་དགེ་ཚུལ་སློང་གཉིས་ཀས་གསོལ་ཆོག་པ་ཡིན།
3.མཐང་གོས། སྣམ་ཕྲན་ལྔ་དང་། གླེགས་བུ་ཕྱེད་དང་གཉིས་ཚད་ཞེང་དུ་ཁྲུ་དོ་སྲིད་དུ་ཁྲུ་ལྔའམ་བཞི།ཐམ་ལྟེ་བ་མན་ཆད་པུས་མོ་ཡན་ཆད་དེ་འཁོར་གསུམ་ཁེབས་པའི་ཚད་ཀྱང་རུང་བའི་སྨད་གོས་ཤིག
4.ཤམས་ཐབས། སྲིད་དུ་ཁྲུ་ལྔ་དང་ཞེང་དུ་ཁྲུ་དོ་ཡོད་པ་མཐང་གོས་ཀྱི་ནང་དུ་གྱོན་རྒྱུའི་གོས། 
5.ཤམ་ཐབས་ཀྱི་གཟན། མཚན་མོ་སྨད་དུ་གྱོན་པའི་གོས། ཚད་མཐང་གོས་དང་མཉམ།
6.རྔུལ་གཟན། ཉིན་མོ་སྟོད་དུ་གྱོན་རྒྱུའི་གོས་ཏེ་ཆ་ཚད་བླ་གོས་དང་མཉམ་ཞིང་། རྔུལ་ནག་གི་དྲི་མ་ལེན་ཆེད་ཡིན་པས་རྔུལ་གཟན་ཟེར། 
7.རྔུལ་གཟན་གྱི་གཟན། མཚན་མོ་སྟོད་དུ་གྱོན་རྒྱུའི་གོས་ཏེ། ཆ་ཚད་བླ་གོས་དང་མཚུངས་ཤིང་རྔུལ་གཟན་གྱི་ཐེབས་སུ་གསུངས། 
8.རྣག་གཟན། དགེ་སློང་རྣག་ནད་ཅན་ལ་དམིགས་བསལ་དུ་གནང་བའི་གོས་ཏེ། ཆ་ཚད་བླ་གོས་དང་མཉམ།
9.གཡན་དགབ། དགེ་སློང་གཡན་པའི་ནད་ཅན་ལ་ཆེད་དུ་གནང་བའི་གོས་ཏེ། ཕྲེད་དུ་ཁྲུ་དྲུག་དང་ཞེང་ལ་ཁྲུ་གསུམ།
10.དབྱར་གྱི་གོས། དགེ་སློང་རྣམས་ཀྱིས་དབྱར་དུས་གསོལ་རུང་བའི་ཆར་སྐྱོབ་ཀྱི་གོས་ཤིག་ཡིན་ལ་ཕྲེད་དུ་ཁྲུ་དགུ་དང་ཞེང་དུ་ཁྲུ་གསུམ་དང་སོར་བརྒྱད་ཡོད་པ་ཞིག་ཡིན་ནོ།
གཞན་ཡང་རྒྱ་གར་དུ་མ་དར་བའི་སྟོད་འགག་དང་། དགེ་འདུན་པའི་གནས་མཐོ་དམན་དང་གྲུབ་མཐའི་ཁྱད་པར་འབྱེད་པའི་ཆ་ནས་ཞྭ་མོའི་རིགས་ལ་ཡང་པཎ་ཐུང་། པཎ་རིང་། སྒྲོ་བཙེམས་མ། སྒྲིག་ལྷུག བྱང་ཆུབ་སེམས་ཞྭ། ཨོ་རྒྱན་པཎ་ཞྭ། ཀརྨ་བའི་ཞྭ་ཕྲ། རི་བོ་དགེ་ལུགས་པའི་ཞྭ་སེར། རྟ་ཞྭ། ཀརྨ་སྒར་བ་ནས་དར་བའི་སྒར་སྦུག་བཅས་དང་། བོད་ཀྱི་དགེ་འདུན་པའི་ཞབས་ལ། སྤྱིར་འདུལ་བ་ལས་རྒྱ་གར་སོགས་ན་ས་བབས་གནམ་གཤིས་ཀྱི་དབང་གིས་རི་བྲག་སོགས་སུ་བགྲོད་པ་དང་། རྩི་ཤིང་ཚེར་མ་སོགས་ཀྱི་གནོད་པ་ལས་སྐྱོབ་ཆེད། ལྷམ་རྟིང་སྦུབས་ཅན་དང་། སྣ་སྦུབས་ཅན། བོལ་གྱི་སྣར་མཐོངས་ཕྱུང་བའི་སྦུབས་ཅན། ལྷམ་ཡུ་ཆས་དང་། མཆིལ་ལྷམ་སྒྲོག་གུ་ཅན་བཅས་ཡོད་ནའང་། བོད་དུ་ཀོ་ལྤགས་ཀྱི་གཞིའི་གནང་བ་ཐོབ་པར་བརྟེན་ལྷམ་ཤ་གཟུགས་མ་དང་། རས་ལྷམ། རས་ལྷམ་སྐྱིན་འཁོར། སྒོ་འཁོར། ཟོན་པ་སོགས་གྱོན་སྲོལ་བྱུང་ཡོད་དོ།
ལྷམ་གྱི་རིགས།
བཟོ་རྒྱུ་མི་འདྲ་བའི་སྒོ་ནས་ཕོ་ཟོམ། མོ་ཟོམ། རས་ཟོམ། ཀོ་ལྷམ། འཇའ་ཆེན། སག་ལྷམ། 
སྦལ་ཁ། ལྷམ་སྣེ་འཁྱིལ། རྒྱ་ལྷམ། ཕྱིང་འབོབ། ཐིག་འབོབ། ལྷམ་རྟ་ཟོན་མ།     ལྷམ་སྤུ་མ།
 གཞན་ཡང་འཁོར་ལོས་བསྒྱུར་པའི་རྒྱལ་པོའི་ལྷམ་དུ་གྲགས་པའི་ལྷམ་ཉེ་བའི་རིན་པོ་ཆེ་སོགས་སོ།
དོར་མའི་རིགས།
རྒྱུ་རས་དང་། སྣམ་བུ། གོས་ཆེན། པགས་པ། བསེ་སོགས་ལས་བྱས་པའི་དོར་ཐུང་། དོར་རིང་། དོར་མ་ནང་ཚངས་ཅན། གསང་ཁེབས་ཏེ་དོར་རྟ། དོར་ལྷུག་མ་བཅས་སོ།
སྟོད་གོས་ཀྱི་རིགས།
ཕྱུ་པའི་འོག་ཏུ་གྱོན་རྒྱུའི་ནང་འཇམ། སྟོད་ཀོར། ཚི་ལེན། ཁམས་འཇམ།    ཁོག་ཚེ་སོགས་རྒྱུ་སྣ་ཚོགས་ལས་བཟོས་པའི་བྱེ་བྲག་མང་པོ་དང་། གཡུལ་གྱི་གོ་ཁྲབ། ལྕགས་ཁྲབ་སོགས་སོ།
པང་གདན།
བོད་རིགས་ཀྱི་བུད་མེད་ཚོས་ཚོན་ཁྲ་ཡིད་དུ་འོང་བའི་པང་གདན་འཆིང་བའི་སྲོལ་དེ་ཇི་ལྟར་དར་བ་དང་། དེ་ལ་འགྱུར་བ་གང་ཞིག་བྱུང་ཡོད་ཟེར་ན། དེང་སྐབས་རང་རེས་མཐོང་བའི་བུད་མེད་ཚོས་འཆིང་བའི་པང་གདན་ནི་དུས་ཡུན་རིང་པོའི་ནང་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ནས་བྱུང་བ་ཞིག་ཡིན། པང་གདན་འཆིང་སྲོལ་ནི་གནམ་གཤིས་དང་། འཚོ་བའི་དགོས་མཁོར་གཞིགས་སྟེ་ཆགས་པའི་གོམས་སྲོལ་ཞིག་མིན་ནམ་སྙམ། གང་ལགས་ཤེ་ན། ཐོག་མར་པང་གདན་འཆིང་དགོས་དོན་ནི་གཅིག་ནས་བུད་མེད་ཚོས་ཕྲུ་གུ་པང་དུ་ཉར་བ་དང། མེ་ཤིང་སྒྲུག་པ་སོགས་ཀྱི་ཟད་རྟེན་ཡིན་ཞིང་། གཉིས་ནས་བོད་རིགས་ཀྱི་བུད་མེད་ཚོ་ནི་ལས་ལ་བརྩོན་ཞིང་ཁྱིམ་སྐྱོང་མཁས་པའི་སྤྱོད་ཚུལ་བཟང་པོ་ལྡན་ཡོད་པས་ཕྱིར་འགྲོ་སྐབས་མེ་ཤིང་དང་། གཟན་རྩ་སོགས་མཐོང་ཚེ་སྒྲུག་པའི་གོམས་གཤིས་ཡོད་སྟབས་པང་གདན་ནི་བཅིངས་པ་དེས་མདུན་ཕྱོགས་ཀྱི་རླུང་བཀག་ནས་དྲོད་ལ་ཕན་པ་བཅས་ཀྱི་ནུས་པ་ཐོན་གྱི་ཡོད། སྤྱི་ཚོགས་གོང་འཕེལ་ཕྱིན་པ་དང་དུས་མཚུངས་མིའི་འཚོ་བ་ཡང་རིམ་བཞིན་ལེགས་སུ་ཕྱིན་པ་དང་བསྟུན་ནས་པང་གདན་ལའང་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་སྟེ་མཚོན་ཁྲ་ཡིད་དུ་འོང་བ་དང་། སྤུས་ཚད་ཇེ་མཐོར་ཕྱིན་སྟེ་ཐོག་མར་བེད་སྤྱོད་ཁོ་ནར་དམིགས་པ་ནས་རྗེས་སུ་མཛེས་ཆས་སུ་གྱུར་པ་རེད། དེང་སྐབས་བོད་རིགས་བུད་མེད་ཚོས་རྒྱག་པའི་པང་གདན་ནི་མཛེས་ཆས་ཁོ་ན་ཡིན་པ་དང་། མཚོན་ཁྲ་ཡང་འདྲ་མིན་སྣ་ཚོགས་ཡོད་ལ་སྤུས་ཚད་ལའང་དྭངས་ཞེན་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། སྣམ་བུ་བྱིང་མའི་པང་གདན་དང་། སྤུ་ཕྲུག་གི་པང་གདན། ཤད་མའི་པང་གདན། སི་ཤན་གྱི་པང་གདན་སོགས་རིམ་པ་མང་པོ་ཡོད་པའི་ཁར། མཛེས་རྒྱན་དུ་གོས་ཆེན་དང་ཀིན་ཁབ་སོགས་ལས་གྲུབ་པའི་གྲུ་གདན། པང་མཐུད་བཅས་རྒྱག་པས། ཐུན་མོང་མ་ཡིན་པའི་བུད་མེད་ཀྱི་ཆས་གོས་ཞིག་ཏུ་གྱུར་ཡོད། དེ་བཞིན་པང་གདན་འཆིང་སྟངས་ལའང་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་ཡོད་པ་སྟེ། སྟོད་ཕྱོགས་སུ་བུད་མེད་ཀྱིས་རྒྱབ་མདུན་གཉིས་ཀར་པང་གདན་རྒྱབ་གདན་དུ་འཆིང་སྲོལ་ཡོད་པའི་ཁར། རྒྱབ་གདན་འདེམས་བྱེད་དངུལ་རྒྱན་འདྲ་མིན་སྣ་ཚོགས་ཡོད་པ་དང་། དབུས་ཕྱོགས་ལ་བུད་མེད་ཆང་ས་མ་བརྒྱབ་གོང་པང་གདན་འཆིང་སྲོལ་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1