བོད་ཀྱི་ཟློས་གར་རྩོམ་རིག་ལས《རྒྱལ་བུ་དོན་གྲུབ་དང་དོན་ཡོད》དང་དེའི་སྒྱུ་རྩལ་གྱི་ཁྱད་ཆོས་རགས་ཙམ་བརྗོད་པ།

ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ། ལྷ་རྒྱལ་ཚེ་རིང་། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-08


   [གནད་བཏུས] དཔྱད་རྩོམ་འདིར་བོད་ཀྱི་ཟློས་གར་རྩོམ་རིག་ལས་རྒྱལ་བུ་དོན་གྲུབ་དང་དོན་ཡོད་ཅེས་པའི་རྣམ་ཐར་གྱི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་རྩོམ་རིག་གཞུང་ལུགས་དང་ཉེ་བར་སྦྱར་ཏེ་བསྟན་ཡོད།
   [གནད་ཚིག] ཟློས་གར་རྩོམ་རིག བསམ་བློའི་ནང་དོན། གཏམ་རྒྱུད །
   དང་པོ། 《རྒྱལ་བུ་དོན་གྲུབ་དང་དོན་ཡོད》ཀྱི་བསམ་བློའི་ནང་དོན་མདོར་བསྟན་པ།
   དེ་ཡང་རྒྱལ་བུ་དོན་གྲུབ་དང་དོན་ཡོད་ཀྱི་རྣམ་ཐར་ནི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ཀླུ་འདུལ་བར་བྱས་པའི་ཡལ་འདབ་དང་བ་ར་དའི་གླིང་དུ་བསྐྱོད་པའི་ཡལ་འདབ་ལས་ས་བོན་དང་ཚིག་འགྲོས་ཅུང་ཟད་བླངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་ལ་རྒྱས་བཤད་ཀྱི་ཚུལ་གྱིས་བརྩམས་པ་ཞིག་ཡིན་ཞིང་། ང་ཚོས་ཟློས་གར་རྩོམ་རིག་འདི་ཉིད་ཀྱི་བརྗོད་དོན་སྟེང་ནས་བསམ་གཞིག་ཞིབ་མོ་ཞིག་བཏང་ན། 《རྒྱལ་བུ་དོན་གྲུབ་དང་དོན་ཡོད》ཀྱི་བསམ་བློའི་རང་བཞིན་ནི། གཤམ་གསལ་ལྟར་ཡིན་པར་འདོད་དེ།
   གཅིག གཏམ་རྒྱུད་ཀྱི་མགོ་ནས་མཇུག་བར་ཕན་ཚུན་འགྱུར་བ་མེད་པའི་མཛའ་གཅུགས་དང་གཏིང་མཐའ་ཟབ་པའི་བརྩེ་ཞེན་གྱི་ཆེད་དུ། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་། སྡུག་གི་ཁུར་བོ་མཉམ་འཁུར་དང་། གསོན་ན་མཉམ་གསོན་དང་ཤི་ན་མཉམ་ཤི་བྱེད་པའི་རྒྱལ་བུ་དོན་གྲུབ་དང་དོན་ཡོད་སྐུ་མཆེད་གཉིས་ཀྱི་བླ་ན་མེད་པའི་མཛའ་བརྩེ་དང་མཚུངས་པ་མེད་པའི་དུངས་ཞེན་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཕྲེང་བས་མཛེས་པར་མཆོད་ཅིང་། སྐུ་མཆེད་འདི་གཉིས་ཀྱི་ལས་དབང་སྟེ། དཀའ་སྡུག་གི་འཁྱམ་པོའི་འཚོ་བ། སྡུག་བསྔལ་གྱི་ལྟོགས་སྐོམ་གྲང་འཁྱགས། ཚེ་སྲོག་གི་ཉེན་ཁ་སྣ་མང་བཅས་ལ་སེམས་པའི་གཏིང་ནས་མི་བཟད་གདུང་སེམས་བཅངས་ནས་སེམས་སྡུག་གི་དངན་པ་འཐེན་ཞིང་སྨྲེང་སྐྱོ་ཡི་མཆི་མ་དཀུ་བའོ། །
   གཉིས། རྒྱལ་བུ་དོན་གྲུབ་དང་སྲས་མོ་ལྷ་གཅིག་འོད་ལྡན་གཉིས་ཀྱི་མི་ཕྱེད་འདོད་དོན་བརྩེ་ཞེན་དང་།ལྷག་པར་དུ་སྲས་མོ་ལྷ་གཅིག་འོད་ལྡན་གྱི་མཚུངས་པ་མ་མཆིས་པའི་བློ་རིག་དང་བློ་བརྟན་འགྱུར་མེད་ཀྱི་ཆགས་ཞེན་ལ་བསྔགས་བརྗོད་མཛད་པའོ། །
   གསུམ། རྒྱལ་པོའི་ཕོ་བྲང་དུ་བྱུང་བའི་ཁྱོད་ཤི་ང་གསོན་གྱིས་ཆབ་སྲིད་དབང་ཆ་འཕྲོག་རྩོད་བགྱིད་པའི་གཡོ་ཐབས་དང་ནག་ཉེས་གསལ་རྗེན་དུ་བསྟན་པ་དང་དེས་རྒྱལ་སྲིད་དང་མངའ་འབངས་ལ་བཟོས་པའི་གྱོང་རྒུད་དང་ཕམ་ཉེས་མངོན་པར་མཚོན་ཡོད།
   བཞི། སྐྲ་སྣ་རིང་ཡང་བློ་སྣ་ཐུང་བའི་བཙུན་མོ་པདྨ་ཅན་གྱི་སྐྱུག་བྲོ་བའི་བསམ་སྦྱོར་ངན་པ་དང་དགོད་བྲོ་བའི་བྱ་སྤྱོད་ཐ་ཤལ་ལ་མཚང་འབྱིན་ཟུར་ཟ་དང་།བློ་གྲོས་ལྡན་ཡང་བཙུན་མོ་གཡོན་མ་དག་གིས་མགོ་བོ་གདུགས་ལྟར་བསྐོར་བའི་རྒྱལ་པོ་སྟོབས་ཀྱི་ལྷ་དང་། དད་ཞེན་ཆེ་ཡང་བློན་པོ་གཡོ་ཅན་དག་གིས་བློ་ཁ་ཅི་དགར་ བསྒྱུར་པའི་རྒྱལ་པོ་གོ་ཆ་ཡི་མ་རིག་པའི་བཀའ་ལུང་དང་། འོལ་ཚོད་ཀྱི་མཛད་སྤྱོད་ལ་ཐེར་འདོན་ཟབ་མོ་བྱས་ཡོད།
   ལྔ། དྲིན་གྱིས་བསྐྱངས་ཀྱང་དྲིན་དུ་མི་གོ་ལ། རང་ནུས་ཆུང་ཡང་རང་ཚོད་མི་ཟིན་པ་དང་། མི་གཞན་གྱི་ བདེ་ལེགས་ནི་རང་ཉིད་ཀྱི་སྡུག་བསྔལ་དུ་གྱུར་པའི་བདུད་བློན་ཏྲི་ཤུའི་རང་ཚོད་མི་ཟིན་པའི་བརྣབ་སེམས་ཆེན་མོ་དང་འཆི་ཁའི་འཕག་འཚག་ལ་ཐེར་འདོན་ནན་མོ་མཛད་ཡོད།
   དྲུག ཆོས་ཀྱི་བདག་ཉིད་དུ་གྱུར་པའི་བླ་མ་ལེགས་པའི་བློ་གྲོས་ཀྱི་མཚུངས་མེད་སྙིང་རྗེ་དང་བྱང་སེམས་ལ་དད་གུས་ཚད་མེད་པ་བཅངས་ཏེ། སྤྱིར་ལས་རྒྱུ་འབྲས་ལ་བརྩི་འཇོག་དང་མར་གྱུར་སེམས་ཅན་ལ་ཕན་འདོགས་མཛད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་དམ་ཆོས་ལེགས་པར་བསྒྲུབས་ན་ད་གཟོད་ལེགས་ཚོགས་དང་ཕན་བདེ་ཀུན་ནས་འབྱུང་བའི་གནས་ལུགས་ཟབ་མོ་དེ་རྣམ་པར་བསྟན་པ་དེ་ཡིན་ནོ། །
   གཉིས་པ། 《རྒྱལ་བུ་དོན་གྲུབ་དང་དོན་ཡོད》ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་མདོར་བསྟན་པ།
   གཅིག དགའ་སྡུག་སྐྱོ་གདུང་གི་འཁྱམ་པོའི་འཚོ་བའི་ཉམས་སྣང་ཕུན་སུམ་ཚོགས་པར་བྲིས་གནང་མཛད་པ།
   ཨུ་རུ་སུའི་རྩོམ་པ་པོ་ཀོར་ཅི་ལགས་ཀྱིས། སྒྱུ་རྩལ་བརྩམས་ཆོས་ནི་སྤྲོས་བཤད་མ་ཡིན་པར་ཁྱད་མཚར་ཉམས་སྣང་ལ་ཉེ་བར་བརྟེན་པའམ་རྨད་བྱུང་མཛེས་རིས་ཀྱིས་འབྲི་བཞེངས་མཛད་པའི་དངོས་ཡོད་འཚོ་བ་ཡིན་ནོ་ཞེས་གསུངས་པ་བཞིན། རྩོམ་རིག་སྣང་བརྙན་ནི་རྩོམ་པ་པོས་དངོས་ཡོད་འཚོ་བ་གཞིར་བཟུང་སྟེ། བཞུ་སྦྱངས་དང་ལས་སྣོན། ཞུན་ཐར་བཅད་དེ་ཞིབ་ཆ་དོད་པ་དང་། གསོན་ཉམས་ལྡན་པ། བདེན་པར་སྣང་བའི་འཚོ་བའི་མཛེས་རིས་ཤིག་བཞེངས་སྐྲུན་མཛད་པ་དེ་ཡིན་ལ། རྩོམ་རིག་སྒྱུ་རྩལ་གྱི་མཚོན་བྱ་ནི་སྤྱི་ཚོགས་འཚོ་བ་ཡིན་ཕྱིར། མི་སྣའི་སྣང་བརྙན་ནི་རྩོམ་རིག་སྣང་བརྙན་གྱི་སྲོག་ཤིང་ལྟ་བུ་ཡིན་ནོ༎ ཟློས་གར་རྩོམ་རིག་འདིའི་ཁྲོད་དུ་བྱུང་བའི་མི་སྣ་དག་ནི་སྤྱི་ཚོགས་འཚོ་བའི་ནང་གི་མི་སྣ་དངོས་མ་དག་དང་ཀུན་ནས་འདྲ་བར་གང་དེའི་བྱེད་སྤྱོད་དང་ཉམས་སྟབས། ཆ་བྱད་དང་ཆགས་སྡང་།ངང་གཤིས་དང་བསམ་འདུན། བསམ་བློ་དང་བརྩེ་དུངས་སོགས་ཉམས་སྣང་ལྡན་པར་མཚོན་འདུག་གོ།
   ཟློས་གར་རྩོམ་རིག་འདིར། རྒྱལ་བུ་དོན་གྲུབ་དང་དོན་ཡོད་སྐུ་མཆེད་གཉིས་ནི་བླ་ན་མེད་པའི་མཛའ་གཅུགས་དང་འགྱུར་བ་མེད་པའི་བརྩེ་ཞེན་གྱི་ཆེད་དུ་བདེ་སྐྱིད་ལྷན་ཅིག་རོལ་བ་དང་། སྡུག་བསྔལ་མཉམ་དུ་མྱོང་བར་སྤོབས་ལ་ཕན་ཚུན་ཁ་འབྲལ་མི་འདོད་པའི་རྒྱལ་སྲས་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ་གཉིས་ཡིན་པ་ཐོག་མར་བསྟན་རྗེས། ཧམ་སེམས་ཅན་གྱི་བཙུན་མོ་པདྨ་ཅན་ཏེ་རྒྱལ་བུ་དོན་ཡོད་ཀྱི་མ་ཡུམ་གྱིས་རྒྱལ་བུ་དོན་གྲུབ་མི་མེད་ཀོ་ཤའི་ཡུལ་དུ་མཐར་བསྐྲད་ནས། རྒྱལ་བུ་དོན་ཡོད་རྒྱལ་ཁྲི་ལ་བཀོད་ནས་རྒྱལ་སྲིད་འཛིན་པའི་ཧམ་སེམས་ཆེན་པོ་བཅངས་ཏེ། གཡོ་སྒྱུ་དུ་མ་བཀོལ་ནས་སྦྱོར་ངན་ལག་ཏུ་བསྟར་བ་དེ་ཡིས་ནི། གཏམ་རྒྱུད་འདིའི་རྟ་ཁ་རྒྱལ་པོའི་ཕོ་བྲང་ནས་གནས་གཞན་ཞིག་སྟེ་མི་མེད་པའི་ས་སྟོང་དང་། བྱེ་ཐང་། ནགས་ཚལ་སོགས་སུ་དཀྱུས་ནས་ཁྲིད་བྱུང་བས་ན། ཟངས་གླིང་ཡུལ་གྱི་རྒྱལ་པོའི་ཕོ་བྲང་ལ་མཚོན་ན་རྒྱལ་རྒྱུད་མེད་པར་བཏང་བའི་ཆེས་ཕམ་ཉེས་ཀྱི་གནས་ལ་ལྷུང་བ་དང་། རྒྱལ་བུ་སྐུ་མཆེད་གཉིས་ལ་ཆ་མཚོན་ན་ཆེས་དཀའ་སྡུག་ཆེ་བའི་འཁྱམ་པོའི་འཚོ་བ་རོལ་མགོ་ཚུགས་སོ། །
   འཁྱམ་པོའི་འཚོ་བ་དེ་ནི་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་འཚོ་བའི་བརྒྱུད་རིམ་ཞིག་སྟེ། རྒྱལ་པོའི་བཀའ་ལུང་གིས་མི་མེད་ཀོ་ཤའི་ཡུལ་དུ་མཐར་བསྐྲད་པའི་རྒྱལ་སྲས་གཉིས་ཀྱིས་འཁྱམ་པོའི་མི་བཟད་འཚོ་བ་དེ་ཇི་ལྟར་སྤྱོད་དམ། དེ་ཡང་ཇི་ལྟར་འཁྱོལ་ཐབས་བྱེད་དམ། དེ་ནི་མི་རྣམས་ཀྱིས་འདང་རྒྱག་མི་ཕོད་པའི་ཆེས་ཡིད་སྐྱོ་ལ་སེམས་སྨྲེང་བའི་གནས་ཚུལ་ཞིག་ཡིན་ཕྱིར། གཏམ་རྒྱུད་འདིའི་བྱུང་རིམ་སྟེ་ལྐོག་ཏུ་གྱུར་པའི་རྒྱལ་བུ་སྐུ་མཆེད་གཉིས་ཀྱི་ལས་དབང་གི་ཕ་མཐའ་དེ་ནི་ཇི་འདྲ་ཞིག་ཡིན་པ་ཅིས་ཀྱང་ཤེས་འདོད་པ་ལས་དེ་སྣང་མེད་དུ་སྐྱུར་བར་ནུས་པའི་བློ་ལྡན་ཞིག་གང་ན་མཆིས་ཨང་། དེས་ན། ཟློས་གར་རྩོམ་རིག་འདིའི་གཏམ་རྒྱུད་ཀྱི་བྱུང་རིམ་ཁྲོད་ན། ཀློག་མཁན་རྣམས་ཀྱི་ཡིད་དབང་ཀུན་ནས་འཕྲོག་སྟེ། བསམ་པའི་བརྩེ་དུངས་དེ་གནས་གཞན་ལ་གཡེང་ཐབས་བྲལ་ནས་གཞི་གཅིག་ཏུ་ཆགས་ནས་གདུང་སེམས་དང་ཐུགས་ཁྲལ་ཁོ་ན་ལ་བྲེལ་བའི་གནས་སྐབས་ནི་གང་ཡིན་ནམ་ཞེ་ན། དེ་ནི་རྒྱལ་བུ་དོན་གྲུབ་དང་རྒྱལ་བུ་དོན་ཡོད་སྐུ་མཆེད་གཉིས་རྒྱལ་པོའི་ཕོ་བྲང་དང་ཁ་བྲལ་ནས་མི་མེད་ཀོ་ཤའི་ཡུལ་དུ་མཐར་བསྐྲད་རྗེས། ཕྱོགས་དང་མཚམས་སུ་འཁྱམས་ནས་དཀའ་སྡུག་ཚད་མེད་མྱོང་བའི་གནས་སྐབས་དང་རྣམ་པ་དེ་ཡིན་པ་དང་། དེ་ཡང་ཟློས་གར་རྩོམ་རིག་འདི་ཉིད་ཀྱི་བརྗོད་གཞིར་གྱུར་པ་ཡིན་ལ། ཟློས་གར་རྩོམ་རིག་འདི་ཉིད་ཀྱི་ཆེས་རྨད་དུ་བྱུང་ལ་ཆེས་ངོ་མཚར་ལྡན་པའི་གནས་སྐབས་སུའང་འཁུམས་སོ། །
   དེ་ལྟར་གྱུར་པའི་རྒྱུ་མཚན་གང་གི་ཕྱིར་ཡིན་ནམ་ཞེ་ན། རྒྱལ་བུ་སྐུ་མཆེད་གཉིས་ཀྱིས་ཉམས་སུ་མྱངས་པའི་འཁྱམ་པོའི་འཚོ་བ་སྟེ། ཆུ་མེད་མྱ་ངམ་ཐང་དུ་ཆུ་འཐུང་རྒྱུ་མེད་པར་སྐོམ་པས་གདུང་སྟེ། རྒྱལ་བུ་དོན་ཡོད་ཚེ་ལས་འདས་ནས་སླར་ཡང་གསོན་པར་གྱུར་རྗེས། རི་དྭགས་བཞིན་ནགས་ཚལ་དུ་འཚོ་བ་སྤྱད་པའི་གནས་ཚུལ་དང་། རྒྱལ་བུ་དོན་གྲུབ་ཀྱིས་གཅུང་བོ་དོན་ཡོད་ལ་འཐུང་ཆུ་བཙལ་ནས་མ་རྙེད་ཕྱིར་དོན་ཡོད་ཚེ་ལས་འདས་པར་མི་བཟད་སྡུག་བསྔལ་ཆེན་པོས་མྱ་ངན་བྱས་པའི་ངང་ཚུལ་དང་། དེ་ནས་མུ་མཐུད་དུ་ཕྱོགས་སུ་འཁྱམས་ནས་བླ་མ་ལེགས་པའི་བློ་གྲོས་དང་མཇལ་བའི་ཚུལ་དང་། དེ་ནས་ཡང་སྟབས་མ་ལེགས་པར་རྒྱལ་པོ་གོ་ཆའི་བཀའ་ལུང་གིས་རྒྱལ་བུ་དོན་གྲུབ་ཀླུ་ཡུལ་ཏེ་རྒྱ་མཚོ་ལ་གསོན་མཆོད་དུ་འཕངས་པའི་ཚུལ་དང་། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ། རྒྱལ་བུ་དོན་གྲུབ་ལ་རྒྱལ་པོ་གོ་ཆའི་སྲས་མོ་ལྷ་གཅིག་འོད་ལྡན་མ་རབ་ཏུ་ཆགས་པའི་ཚུལ་དང་། རྒྱལ་བུ་ཡང་སྲས་མོ་ལ་སེམས་པ་འཕྲེང་བཞིན་དུ་རྒྱ་མཚོ་ལ་བྱིངས་པའི་ཚུལ་དང་།རྒྱ་མཚོ་ཆེན་པོ་རུ་ཚེ་སྲོག་གི་ཆ་ལ་གནོད་པ་སྤུ་ཙམ་ཡང་མ་བྱུང་བའི་ཁར་ཀླུའི་རྒྱལ་པོ་དང་འཁོར་ཚོགས་ཀྱིས་ཁོང་ཉིད་ལ་བཀུར་བསྟི་དང་དད་མོས་ཚད་མེད་པ་མཛད་ཅིང་། རིན་ཆེན་ནོར་བུ་སོགས་སྐྱེས་སུ་བསྩལ་ནས། སླར་ཡང་བླ་མ་ལེགས་པའི་བློ་གྲོས་ཀྱི་ག་ལ་བར་འབྱོར་བའི་ཚུལ་དང་། རྗེས་སོར། རྒྱལ་པོ་གོ་ཆས་བླ་མ་ལེགས་པའི་བློ་གྲོས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཤེས་རྟོགས་བྱུང་སྟེ། སླར་ཡང་རྒྱལ་པོའི་ཕོ་བྲང་དུ་གདན་འདྲེན་ཞུས་པ་དང་། རྒྱལ་བུ་དོན་གྲུབ་ཀྱི་ཡོན་ཏན་དང་ནུས་མཐུ་དེ་ངོས་ཟིན་པར་གྱུར་ནས། རང་གི་སྲས་མོ་ཡང་རྒྱལ་བུ་དོན་གྲུབ་ཀྱི་བཙུན་མོར་དབང་བསྐུར་པས་མ་ཟད། རྒྱལ་སྲིད་ཀྱང་ཕངས་མེད་འགྱོད་བྲལ་དུ་རྒྱལ་བུ་དོན་གྲུབ་ལ་ཡོངས་སུ་གནང་བ་ལ་སོགས་ཀྱི་གོ་རིམ་འདི་ལ་ནི་གསོན་ཉམས་ལྡན་ལ་ཡིད་དབང་འཕྲོག་པའི་དགའ་སྡུག་སྐྱོ་གདུང་གི་ཉམས་སྣང་ཕུན་སུམ་ཚོགས་པ་ལྡན་པ་དང་། གོ་རིམ་དེ་དག་གིས་ནི་རྒྱལ་བུ་དོན་གྲུབ་དང་དོན་ཡོད་ཀྱི་འཁྱམ་པོའི་སྡུག་བསྔལ་གྱི་འཚོ་བའི་བརྒྱུད་རིམ་ཡོད་ཚད་གསོན་ཉམས་ལྡན་ལ་ཡིད་འགུལ་ཐེབས་པར་མཚོན་ནོ། །
   གཉིས། རྟོག་པ་འཆར་ཡན་དང་དངོས་ཡོད་འཚོ་བ་ཟུང་དུ་སྦྲེལ་ནས་བརྗོད་དོན་ཉམས་སྣང་ལྡན་པར་བསྟན་པ།
   ཨུ་རུ་སུའི་རྩོམ་པ་པོ་ཀོར་ཅི་ལགས་ཀྱིས། རྟོག་པ་འཆར་ཡན་རིང་ལུགས་ཞེས་པ་ནི། མི་རྣམས་ཀྱི་འཚོ་གཞེས་ཀྱི་མོས་འདུན་དང་སྙིང་སྟོབས་སྐུལ་སློང་གང་ལེགས་བྱས་ནས། ཁོ་ཚོས་དངོས་ཡོད་འཚོ་བའི་ཁྲོད་དུ་མྱོང་བཞིན་པའི་གཉའ་གནོན་དང་སྡུག་བསྔལ་ལ་སྒོ་ཀུན་ནས་ངོ་རྒོལ་དང་འཐབ་འཛིང་བྱེད་པའི་བློ་སྤོབས་རྣམ་པར་བསྐྱེད་པའི་སྒྱུ་རྩལ་གསར་རྩོམ་ཞིག་ལ་ཟེར་བ་ཡིན་ནོ་ཞེས་གསུངས་པ་བཞིན། དེ་ནི་རྩོམ་པ་པོས་རྨད་བྱུང་སྒྱུ་རྩལ་གྱི་སྒོ་ནས་མཛེས་སྡུག་ཕུན་སུམ་ཚོགས་པའི་རྨད་བྱུང་འཚོ་བ་ཞིབ་འབྲི་མཛད་པ་དང་། ཡིད་བརྩེ་ཤུགས་དྲག་ལ། རང་དབང་ཀུན་ནས་རྫོགས་པའི་བསམ་བློའི་བརྩེ་དུངས་མངོན་པར་མཚོན་པ་ཞིག་ཡིན་ལ། གཏན་འདུན་རང་བཞིན་ཅན་གྱི་རྩ་དོན་རྨང་གཞིར་བཟུང་སྟེ་འཐུས་གཟུགས་སུ་གྲུབ་པའི་མི་སྣ་རྣམས་བཞེངས་སྐྲུན་གང་ལེགས་བྱེད་པའི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན་ནོ། ། ཟློས་གར་གཏམ་རྒྱུད་འདི་ཉིད་ཀྱི་མགོ་ནས་མཇུག་བར། རྟོག་པ་འཆར་ཡན་གྱི་རྣམ་པ་མི་ཉུང་བ་ཞིག་གིས་བརྗོད་བྱ་རྣམ་པར་བརྒྱན་ཅིང་བརྗོད་དོན་ཟབ་མོར་བསྟན་འདུག་སྟེ། དཔེར་ན། རྒྱལ་བུ་དོན་ཡོད་སྐོམ་པས་གདུང་ནས་ཚེ་ལས་འདས་ཀྱང་། ཉི་མ་བདུན་གྱི་འཕྲོ་ནས་ལྷའི་དབང་བོ་བརྒྱ་བྱིན་དྲང་སྲོང་ཞིག་དང་། ལྷ་ཆེན་ཚངས་པ་བྲམ་ཟེ་ཞིག་ཏུ་སྤྲུལ་ནས་རྒྱལ་བུ་དོན་ཡོད་ལ་ཤི་གསོས་ཀྱི་སྨན་ཐུམ་བུ་བསྣམས་པར་བཅུག་ནས་སླར་སོས་པར་གྱུར་པའི་ངོ་མཚར་རྣམ་པ་དང་། རྒྱལ་བུ་སྐུ་མཆེད་གཉིས་ནགས་ཚལ་དུ་བཞུགས་སྐབས། ནགས་ཚལ་གྱི་བྱ་བྱེའུ་རི་དྭགས་ལ་ཟབ་མོ་ཆོས་ཀྱི་གསུང་གླེང་གང་དགར་མཛད་ནས་བཞུགས་པའི་རྣམ་པ་དང་། བླ་མ་ལེགས་པའི་བློ་གྲོས་ཀྱིས་ཡུལ་ལྷ་གཞི་བདག་ལ་མངོན་སུམ་དུ་ཞལ་མཇལ་གནང་སྟེ་ཆོས་ཀྱི་གསུང་གླེང་ཅིར་ཡང་མཛད་པའི་རྣམ་པ་དང་། རྒྱལ་བུ་དོན་གྲུབ་ནི་གཅུང་བོ་དོན་ཡོད་ཀྱི་གམ་དུ་སླེབས་དུས་ཞལ་སྨྲ་རྒྱུ་མེད་པར་སྤྱན་ཅུང་ཟད་གདངས་ཤིང་། དབུགས་མ་ཆད་ཙམ་དུ་འདུག་པས་ན།དེར་ཨ་ཇོའི་ཞལ་ལ་གཟིགས་ནས། བདག་དང་ཨ་ཇོའི་སྡུག་བསྔལ་འདི་འདྲ་བ། །སེམས་ཅན་ཀུན་གྱིས་མྱོང་བར་མ་གྱུར་ཅིག ། ཨ་ཇོས་བདག་ལ་སྡུག་བསྔལ་མ་བྱེད་པར། ། ཕྱི་མ་མྱུར་དུ་མཇལ་བའི་སྨོན་ལམ་ཞུ། ། ཞེས་གསུངས་པས་ན། བྱ་ཀ་ལ་པིང་ཀ་གཉིས་བྱུང་སྟེ། བདག་ཅག་མ་འོངས་ཚེ་རབས་ཐམས་ཅད་དུ། ། སྐུ་མཆེད་གཉིས་ཀྱི་ཞབས་དྲུང་དུ་སྐྱེས་ཏེ། ། བཀའ་བཞིན་སྒྲུབ་པའི་ཞབས་ཏོག་འཕྲིན་ལས་པར། ། གྱུར་ནས་གསུང་གི་བདུད་རྩིས་འཚོ་བར་ཤོག ། ཅེས་སྨོན་ལམ་བཏབ་པ་དང་། དེ་ནས་བྱ་ཀ་ལན་ཏ་ཀ་ཞིག་བྱུང་སྟེ། བདག་ཅག་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། ། སྐུ་མཆེད་གཉིས་ཀྱི་ཞབས་པད་གུས་མནོས་པས། ། སྔོན་གྱི་རྣམ་ཐར་མ་ལུས་ཉེར་དྲན་ནས། ། བསྟན་བཅོས་རྩོམ་པའི་མཁས་པར་འགྱུར་བར་ཤོག ། ཅེས་སྨོན་ལམ་བཏབ་པ་དང་།དེ་ནས་ཁུ་བྱུག་ཅིག་བྱུང་སྟེ། སྐྱེ་ཞིང་སྐྱེ་བར་རྒྱལ་བུ་སྐུ་མཆེད་ཀྱི། ། རིམ་གྲོ་བཀའ་བཞིན་སྒྲུབ་པའི་ཤེས་རབ་ཅན། ། མངོན་ཤེས་མངའ་བ་མདོ་རྒྱུད་གཞུང་ལུགས་ལ། །སྐད་གཉིས་སྨྲ་བའི་མཆོག་ཏུ་འགྱུར་བར་ཤོག ། ཅེས་སྨོན་ལམ་བཏབ་པ་དང་། དེ་ནས་གཅུང་བོ་དོན་ཡོད་ཀྱི་དབུགས་ཆད་པ་ན། ས་རྣམ་པ་དྲུག་ཏུ་གཡོས། མེ་ཏོག་གི་ཆར་བབས། ལྷས་རོལ་མོ་དཀྲོལ། འདབ་ཆགས་གཅན་གཟན་དང་སྤྲ་དང་སྤྲེའུ་རྣམས་ཀྱིས་ཕྱག་དང་བསྐོར་བ་བྱས་པ་དང་། དེ་ནས་ཞག་བདུན་སོང་བ་དང་ལྷའི་དབང་བོ་བརྒྱ་བྱིན་ནི་དྲང་སྲོང་ཞིག་ཏུ་སྤྲུལ་ནས་ཤི་གསོས་ཀྱི་སྨན་ཐུམ་བུ་ཞིག་བསྣམས་པ་དང་། ལྷ་ཆེན་ཚངས་པ་ནི་བྲམ་ཟེ་ཞིག་ཏུ་སྤྲུལ་ནས་ཀ་ཤི་ཀའི་དར་གྱི་ན་བཟའ་ཞིག་བསྣམས་ཏེ་བྱོན་པ་དང་། སྒྲོམ་གྱི་ནང་དུ་ཙན་དན་གྱི་ཟིལ་བ་བྱུང་བའི་སྟབས་ཀྱིས་སྐུ་གདུང་མ་ཉམས་པར་ཟོ་མདངས་དང་ལྡན་པར་འདུག་པ་ལ་དྲང་སྲོང་གིས་ཙན་དན་གྱི་ཁ་ཚར་བཏབ་སྟེ། ཞལ་དུ་ཐེངས་གཉིས་བླུགས་པས་དྲོད་སྐྱེས། ཡང་ཐུན་གཅིག་བླུགས་པས་དྲན་པ་རྙེད་པ་དང་། དེ་ནས་ཐུན་གཅིག་སྐུ་ལ་བྱུགས་པས་ཡར་བཞེངས་ཐུབ་པ་བྱུང་བ་དང་། རྒྱལ་བུ་དོན་གྲུབ་རྒྱལ་པོ་གོ་ཆའི་བཀའ་ལུང་གིས་ཀླུ་ཡུལ་རྒྱ་མཚོ་ལ་བསྐྱུར་ན་ཡང་རྒྱལ་བུའི་ཚེ་སྲོག་ལ་གནོད་འཚེ་ཅི་ཡང་མ་ཐེབས་པར། ཀླུའི་རྒྱལ་པོའི་ཕོ་བྲང་ལ་ཕེབས་ཚེ། འོག་མ་ཀླུ་རྣམས་ཀྱིས་རྒྱལ་བུ་ལ་བཀུར་བསྟི་དང་དད་གུས་ཚད་མེད་པ་མཛད་ནས། དགོས་འདོད་འབྱུང་བའི་ནོར་བུ་གང་མང་དང་བཅས་སླར་ཡང་བླ་མ་ལེགས་པའི་བློ་གྲོས་ཀྱི་ག་ལ་བར་ཕེབས་པར་སྐྱེལ་མ་མཛད་པའི་རྣམ་པ་བཅས་ལ་ནི་སྐྱེ་བོ་ཕལ་བ་སྟེ་འགྲོ་བ་མིའི་རྒྱུན་ལྡན་གྱི་འཚོ་བ་དངོས་མ་ལས་རིང་དུ་བརྒལ་བའི་ལྷ་སྒྲུང་རང་བཞིན་ཏེ། འཇིག་རྟེན་གྲགས་ཚོད་ལས་རིང་དུ་བརྒལ་བའི་འུད་བརྗོད་དམ་རྟོག་པ་འཆར་ཡན་གྱི་ངོ་མཚར་རྣམ་པས་ཀུན་ནས་བརྒྱན་འདུག་གོ །
   གསུམ། མ་འོངས་ལུང་བསྟན་གྱི་རྣམ་པས་གཏམ་རྒྱུད་ཀྱི་མཇུག་ལེགས་པར་བསྡུས་པ།
   སྤྱིར་མ་འོངས་ལུང་བསྟན་གྱི་བརྗོད་དོན་དེ་ནི་བོད་ཀྱི་ནང་བསྟན་རིག་གནས་ཁྲོད་དུ་མང་དུ་མཐོང་རྒྱུ་ཡོད་པ་ཞིག་ཡིན་ཏེ། དཔེར་ན། བཀའ་ཐང་སྡེ་ལྔ་ལས་གསུངས་པའི་མ་འོངས་ལུང་བསྟན་གྱི་སྐོར་དང་། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་ཤམ་བྷ་ལའི་རྣམ་བཤད་འཕགས་ཡུལ་གྱི་རྟོགས་བརྗོད་དུ་བསྟན་པའི་ལུང་བསྟན་དང་། རྗེ་རིན་པོ་ཆེའི་རིང་ལུགས་ཚུལ་ཇི་ལྟ་བུའི་སྒོ་ནས་དར་ཞིང་བཞུགས་པ་དང་བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟ་བུ་འབྱུང་བའི་ལོ་རྒྱུས་རྣམས་བཀའ་གདམས་གླེགས་བམ་ལས་ཇི་བཞིན་ལུང་བསྟན་གནང་འདུག་པ་དང་། ཡང་བཀའ་ཆེམས་ལས། དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པ། ། དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ། ། གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། ། སྙིང་པོའི་མཐའ་བསྟེན་སྐྱེས་ཆེན་དམ་པ་ནི། ། ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། ། དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་ནི། ། འཕགས་པའི་གང་ཟག་དགེ་སློང་ཤ་སྟག་གོ ། ཞེས་འབྱུང་བར་ལུང་བསྟན་མངོན་པར་བསྟན་པ་ལྟ་བུའོ། །
   ཚུལ་དེ་ལྟར་ཟློས་གར་རྣམ་ཐར་འདི་ཉིད་འཇུག་སྒྲིལ་སྐབས་ཀྱང་བླ་མ་ལེགས་པའི་བློ་གྲོས་ཀྱིས་དད་ལྡན་གྱི་རྒྱལ་བློན་རྣམས་ལ་མ་འོངས་ལུང་བསྟན་ཞིབ་མོར་གསུངས་འདུག་སྟེ། མཇུག་མཐར་མ་འོངས་ལུང་བསྟན་གསུངས་འདུག་པའི་ཟློས་གར་གྱི་རྣམ་ཐར་གཞན་མ་མཆིས་པས་ན། དེ་ནི་ཟློས་གར་གྱི་རྩོམ་རིག་འདི་ཉིད་ཀྱི་རྩོམ་སྟངས་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཏུ་གྲུབ་པ་ཡིན་ཏེ། དཔེར་ན། དེ་ནས་ཟླ་བ་གསུམ་དང་ཞག་བཅུ་ཕྲག་གཉིས་ཀྱི་བར་དུ་བླ་མས་རྒྱུ་འབྲས་ཀྱི་རྣམ་གཞག་གཙོ་བོར་གྱུར་པའི་ཆོས་གསུངས་ནས། རྒྱལ་བུ་དོན་གྲུབ་ཀྱི་རྣམ་ཐར་མཛད་པ་ངོ་མཚར་ཅན་མང་པོ་བརྗོད་པ་དང་། མཇུག་མཐར། བླ་མ་ལེགས་པའི་བློ་གྲོས་མཆོག་གིས། རང་རེ་ད་ལྟའི་དུས་སུ་ཟངས་གླིང་དགེ་བའི་ཡུལ་འདིར། ། ལྷན་ཅིག་འཚོགས་ནས་སྨོན་ལམ་རྣམ་པར་དག་པའི་ནུས་མཐུས། ། མ་འོངས་རྩོད་ལྡན་སྙིགས་མ་ཚེ་ལོ་བརྒྱ་བའི་དུས་སུ། ། ལྷ་མིའི་འདྲེན་མཆོག་སྟོན་པ་གོའུ་ཏ་མ་བྱོན་ཏེ། ། གངས་རིའི་ཡུལ་ལྗོངས་མཐའ་འཁོབ་ཁ་བ་ཅན་ལྗོངས་འབྱུང་ངོ་། ། ཞིང་ཁམས་དེ་ན་དུས་འདིར་མི་རྣམས་རིམ་པས་འཕེལ་ཏེ། ། བདེ་གཤེགས་བསྟན་དང་དམ་ཆོས་དར་ཞིང་རྒྱས་པ་འབྱུང་ངོ་། ། དེ་འདྲའི་གནས་མཆོག་རྒྱལ་སྲས་དོན་ཀུན་གྲུབ་པ་ཁྱོད་ཀྱི། ། གདུལ་བྱའི་མོས་བློར་འཚམས་པའི་འདུལ་བའི་ཞིང་མཆོག་ཡིན་ནོ། ། དེ་ནས་ཐོག་མར་ཁྱོད་ཉིད་བཙན་པོའི་མིང་ཞིག་འཛིན་པའི། ། སྐྱེ་བ་གསུམ་མམ་བདུན་བླངས་དམ་ཆོས་དབུ་བརྙེས་སྲོལ་ཚུགས། ། དེ་འདྲའི་དུས་སུ་དོན་ཡོད་ང་ཡི་སྲས་སུ་འགྱུར་རོ། ། དེ་ནས་ལོ་ངོ་འགའ་ཞིག་འདས་པའི་དུས་ཚོད་དེ་ན། ། སྨོན་ལམ་ལོག་པའི་བདུད་སྤྲུལ་གླང་གི་མིང་ཅན་བྱུང་ནས། ། སངས་རྒྱས་བསྟན་པ་ཁྲག་དང་འོ་མ་འདྲེས་པ་ཇི་བཞིན། །མང་ཙམ་ལྷག་མར་བསྣུབས་དུས་ང་ཉིད་འཕགས་པའི་ཡུལ་དུ། ། རྒྱལ་རིགས་སྡེ་སྣོད་གསུམ་ལྡན་དགེ་སློང་རྡོ་རྗེ་འཛིན་པར་འགྱུར་ཞིང་། ། རྒྱལ་བུ་དོན་གྲུབ་ཁྱོད་ཉིད་བྱང་ཕྱོགས་ཁ་བ་ཅན་དུ། ། ཚངས་སྤྱོད་དགེ་བསྙེན་རྟེན་ཅན་ཛ་ཡའི་མིང་དུ་འགྱུར་ནས། ། སླར་ཡང་ང་ཉིད་འཕགས་ཡུལ་དབུས་ནས་བོད་ཀྱི་ཡུལ་དུ་སྤྱན་འདྲེན། །ཐུབ་བསྟན་སྤྱི་དང་ཁྱད་པར་བཀའ་གདམས་ལྷ་ཆོས་བདུན་ལྡན། ། རྒྱལ་མཚན་ཕྱོགས་སུ་བསྒྲེང་ཞིང་བསྟན་པ་རྒྱས་པར་བྱེད་དོ། ། དོན་ཡོད་ཁྱོད་ཀྱང་དེ་ཚེ་པྲ་ཛའི་མིང་དུ་གྱུར་ནས། ། ངེད་ཅག་གཙུག་ཏུ་བསྟེན་ནས་དམ་ཆོས་སྤེལ་བའི་གྲོགས་བྱེད། ། རང་རེ་ཡབ་སྲས་གསུམ་གྱིས་ཐུབ་བསྟན་བྱི་དོར་བྱེད་དོ། ། འདིར་ཚོགས་སྐལ་ལྡན་ཁྱེད་རྣམས་ལ་ལ་ཡབ་ཡུམ་ཚུལ་དང་། ། ཁ་ཅིག་བུ་སློབ་སྦྱིན་བདག་བསླབ་གསུམ་དགེ་འདུན་ཚོགས་ཀྱིས། ། བདག་ཅག་ཡབ་སྲས་གཉིས་ཀྱི་ཞལ་མཐོང་གསུང་ཐོས་འགྱུར་ཞིང་། ། ཀུན་ཀྱང་ངན་སོང་སྒོ་ཁེགས་སྡིག་པའི་ས་བོན་སྤངས་ནས། ། ཐེག་གསུམ་བྱང་ཆུབ་ལམ་གྱི་བཙན་ས་ཟིན་པར་འགྱུར་པས། ། ཁྱེད་རྣམས་དགའ་བར་གྱིས་ཤིག་འདི་ཚོགས་བློན་འབངས་ཚོགས་རྣམས། ། ཞེས་ལུང་བསྟན་གསུངས་ཏེ། བླ་མ་ལེགས་པའི་བློ་གྲོས་དང་། རྒྱལ་བུ་དོན་གྲུབ་དང་དོན་ཡོད་བཅས་ཀྱི་སྐྱེས་རབས་རྣམ་ཐར་གངས་ཅན་བོད་ལྗོངས་དང་རྒྱ་གར་འཕགས་ཡུལ་དུ་ཚུལ་ཇི་ལྟ་བུའི་སྒོ་ནས་སྐྱོང་བར་འགྱུར་བ་མངོན་པར་བསྟན་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1