ལེའུ་གསུམ་པ།སྤུ་རྒྱལ་གྱི་དུས་རབས།
ལོ་ངོ་བཅུ་གསུམ་མཐའ་མ་རུ། །
རུ་ལས་སྐྱེས་ཀྱི་དམག་དཔུང་གིས། །
ལོ་ངམ་བཅོམ་ཞིང་རྒྱལ་སྲས་ཆེ། །
སྤུ་དེ་སྤུ་བོའི་ཡུལ་ནས་དྲངས། །
རྒྱལ་སྲིད་བཟུང་ཞིང་བོན་གཤེན་བཀུར། །
ཕྱིང་བ་སྟག་རྩེའི་སྐུ་མཁར་བཞེངས། །
མཛངས་བློན་ཐོག་མ་རུ་ལས་སྐྱེས། །
སྙན་པའི་གྲགས་པས་ཁོར་ཡུག་ཁྱབ། །
མཛད་རྗེས་སོལ་བས་གཏེར་རྡོ་བཞུས། །
གསེར་དངུལ་ལ་སོགས་ལྕགས་རིགས་བཏོན། །
རྨོན་པ་དོར་བསྡེབས་ས་ཞིང་བསྐྱེད། །
ཞིང་ལ་ཆུ་དྲངས་ལོ་ལེགས་རྒྱས། །
མགར་དང་ཤིང་བཟོ་ཞིང་ལས་སོགས། །
ཚན་རིག་ལག་རྩལ་རིམ་བཞིན་འཕེལ། །
འདི་ལ་སྟོད་ཀྱི་སྟེང་གཉིས་ཟེར། །
● དགུ་པ་སྤུ་དེ་གུང་རྒྱལ།
2. སྤུ་རྒྱལ་དགུ་པ་སྤུ་ལྡེའུ་གུང་རྒྱལ་ནི། ཡབ་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་འབྲིང་བར་སྐུ་འཁྲུངས། ཐོག་མའི་མཚན་ལ་བྱ་ཁྲི་ཟེར། སྐུ་ན་གཞོན་པའི་སྐབས་སུ་ཡབ་རྒྱལ་པོ་ཉིད་ལོ་ངམ་གྱིས་བཀྲོངས་ཏེ་རྒྱལ་སྲིད་ཤོར་སྟབས་སྤུ་བོའི་ཡུལ་དུ་བྲོས་བྱོལ་ལ་ཕེབས། ཡུལ་དེའི་རྗེ་བོར་བཀུར། ལོ་བཅུ་གསུམ་རྗེས་ལ་སླར་ཡང་རྒྱལ་སྲིད་ཐོབ། རྒྱལ་པོ་འདི་གཉིས་གྲོངས་རྗེས་བང་སོ་ས་ལ་བཏབ་བོ།
གྲི་གུམ་བཙན་པོའི་རྒྱལ་སྲིད་ཤོར་ནས་ལོ་ངོ་བཅུ་གསུམ་འདས་པའི་སྤྱི་ལོའི་སྔོན་གྱི་ལོ་68པ་ཆུ་གླང་ལོར་སྤུ་རྒྱལ་གྱི་གཉེན་ཚན་དུ་གྱུར་པ་བཀྲགས་ཀྱི་རུས་ལ་གཏོགས་པའི་རུ་ལས་སྐྱེས་ཀྱིས་རུ་འདྲེན་བྱས་ཏེ་གཙང་ཁུལ་དུ་ལོ་ངམ་ལ་དམག་དྲངས། མཁར་མྱང་རོ་ཤམ་པོ་རྩེ་ནས་ཕབ། ལོ་ངམ་འཁོར་དང་བཅས་པ་བསད། དེ་ནས་སྲས་གསུམ་པོ་རྒྱལ་ས་ལ་སྤྱན་དྲངས་པའི་ཚེ། གཅེན་གཅུང་གཉིས་ནི་གཤེགས་མ་འདོད། འབྲིང་པོ་བྱ་ཁྲི་སྤུ་བོའི་ཡུལ་ནས་ཕེབས་ཏེ་སླར་ཡང་བོད་ཀྱི་རྒྱལ་སྲིད་བསྐྱངས་། མཚན་ལ་སྤུ་དེ་གུང་རྒྱལ་གསོལ། ཞང་ཞུང་གི་ཡུལ་ནས་ཁྱུང་ཕོ་མུ་ཁྱུང་རྒྱན་དང༌། ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ནས་བོན་གྱི་བསྟན་པ་སླར་ཡང་དར་བར་བྱས། ཕྱིང་བ་སྟག་རྩེ་རུ་ཕེབས་ནས་སྐུ་མཁར་དངོས་སུ་བརྩིགས། སྐུ་གཤེན་གཅེའུ་གཉའ་བཞེད་ཀྱིས་བྱས། གསས་ཁང་ཁྲི་སྐོར་བཞེངས། འོམ་ཐང་སྨན་མཚོ་ཁབ་ཏུ་བཞེས། རུ་ལས་སྐྱེས་ཀྱིས་བློན་པོ་བྱས།
● རྨོན་དོར་སྡེབ་པ་དང་། ཟམ་པ་འཛུགས་པ།
བློན་པོ་རུ་ལས་སྐྱེས་ནི་མཛངས་བློན་བདུན་གྱི་དང་པོ་སྟེ། འདི་ཡིས་ཤིང་བསྲེགས་ཏེ་ཆེད་གཏད་དུ་སོལ་བ་བཟོས། སོལ་བའི་མེ་ཤུགས་ལ་བརྟེན་ནས་རྡོ་རིགས་མི་འདྲ་བ་རྣམས་བཞུས་ཤིང་དེ་དག་གི་སྙིང་པོ་གསེར། དངུལ། ཟངས། ལྕགས་རྣམས་བཏོན། དེས་བོད་ཀྱི་ཡུལ་དུ་གསེར་དངུལ་ཟངས་ལྕགས་ཀྱི་དངོས་པོ་རྣམས་བེད་སྤྱོད་བྱ་རྒྱུའི་གྲངས་འབོར་དང་རྒྱ་ཁྱོན་ཆེས་ཆེར་ཕྱིན་ཏེ། དངོས་རྫས་བརྗེ་ལེན་སྐབས་ཀྱི་རིན་ཐང་འཇལ་བྱེད་དང༌། མཛེས་བྱེད་ཀྱི་རྒྱན་ཆ། ཉེར་མཁོའི་སྣོད་སྤྱད། ཐོན་སྐྱེད་ལག་ཆ། དྲག་པོའི་མཚོན་ཆ་སོགས་བོད་འབངས་ཀྱི་འཚོ་བའི་ཡོ་བྱད་རྣམས་ཡར་རྒྱས་ཕྱིན་པའི་དུས་རབས་གསར་པ་ཞིག་ཏུ་སླེབས་པ་རེད། སྤྱིར་བོད་འདིར་གསེར་དངུལ་ཟངས་ལྕགས་སོགས་ཀྱི་དངོས་པོ་བེད་སྤྱོད་བྱེད་པའི་ལོ་རྒྱུས་དེ་སྔ་མ་ཞིག་ནས་ཡོད་པ་གོང་དུ་བཤད་པ་ལྟར་དང༌། ལྷག་པར་དུ་ལོ་ངམ་གྱིས་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་རྗེས་སྤུར་ཟངས་ཀྱི་གའུའི་ནང་དུ་བཅུག་སྟེ། ལྕགས་གཟེར་བཏབ་ནས་མྱང་ཆུའི་ནང་དུ་དབྱུགས་པའི་ལོ་རྒྱུས་ལ་གཞིགས་ན་གྲི་གུམ་བཙན་པོ་ཡན་ཆད་དུ་ལྕགས་དང་ཟངས་ཀྱི་རིགས་རྣམས་མགར་བའི་ལག་རྩལ་གྱི་ཚད་དེ་མཐོན་པོ་ཞིག་ཏུ་སླེབས་ཡོད་པ་ཤེས་ཐུབ། ཚན་རིག་ལག་རྩལ་ཡར་རྒྱས་གཏོང་རྒྱུར་དོ་སྣང་ཆེན་པོ་བྱས་པ་དང༌། ཞིང་ལས་ཀྱི་ལག་རྩལ་ཡར་རྒྱས་བཏང་སྟེ། གཉའ་ཤིང་དང་ཐོང་གཤོལ་གསར་དུ་བཟོས་ཏེ་མཛོ་དོར་ལ་བརྟེན་ནས་ས་ཞིང་རྨོས་པས་སྔར་ལས་མགྱོགས་པ་དང་སླ་བ་བྱུང༌ཡོད། སྐབས་དེར་མི་རྣམས་ཆུ་བརྒལ་བར་དཀའ་ངལ་མང་པོ་འཕྲད་པས། ཁོང་གིས་ཆུ་བརྒལ་བདེ་བའི་ཆེད་དུ་ཟམ་པ་མང་པོ་བཙུགས། སྐབས་དེ་ནི་བཟོ་ལས་ལག་རྩལ་དང་ཞིང་ལས་ཐོན་སྐྱེད་ཡར་ཐོན་ཆེ་ཤོས་ཀྱི་དུས་རབས་ཤིག་ཡིན།
དེ་རྗེས་ས་ཡི་ལེགས་དྲུག་ནི། །
ཨེ་ཤོ་ལེགས་དང་དེ་ཤོ་ལེགས། །
ཐི་ཤོ་ལེགས་དང་གོང་རུ་ལེགས། །
འབྲོང་ཞི་ལེགས་དང་ཟ་ནམ་ལེགས། །
མིང་མཇུག་ཕ་ཡི་རུས་མིང་བྱུང་། །
སྨན་སྔགས་རྩིས་དང་སྒྲ་བོན་བཅས། །
རིག་པའི་གནས་ལྔའི་སྡེ་ཚན་ཕྱེས། །
ཐོག་མ་ཨེ་ཤོ་ལེགས་ཀྱི་དུས། །
མཛངས་བློན་ལྷ་བུ་མགོ་དཀར་གྱིས། །
ཞིང་འབྲོག་དཔྱ་ཁྲལ་ཞིབ་ཏུ་བཀོད། །
ས་ཞིང་ནོར་ཕྱུགས་འབངས་ལ་དབང་། །
འབངས་ཀྱིས་དཔྱ་ཁྲལ་དཔོན་ལ་འཇལ། །
ཁྱིམ་གྱི་བྲན་གཡོག་འབངས་སུ་བསྒྱུར། །
རྒྱལ་པོ་སའི་ལེགས་དྲུག་གི་དུས་།
● ཕོ་བྲང་ཕྱིང་བ་སྟག་རྩེ།
1. སྤུ་རྒྱལ་བཅུ་པ་ཨེ་ཤོ་ལེགས་ནི། ཡབ་སྤུ་ལྡེའུ་གུང་རྒྱལ་དང་ཡུམ་འོམ་ཐང་སྨན་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་སྟོབས་ར་ཤིབས་ཤང་གིས་མཛད། གསས་ཁང་ས་ལེ་ལྗོན་ཕྱུག་བཞེངས། རྨུ་ལྕམ་བྲ་མ་ཁབ་ཏུ་བཞེས། མཁས་པའི་དགའ་སྟོན་ལས། མཁར་ཕྱིང་བ་སྟག་རྩེ་རྒྱལ་པོ་འདིའི་སྐབས་སུ་བཞེངས་པར་བཤད། རྒྱལ་པོ་འདིའི་རིང་ལ་བོད་བློན་མཛངས་མི་བདུན་གྱི་གཉིས་པ་རུ་ལས་སྐྱེས་ཀྱི་བུ་ལྷ་བུ་མགོ་དཀར་ཞེས་པས་རུ་ལས་སྐྱེས་གྲོངས་རྗེས་བློན་པོ་བྱས།
བློན་པོ་ལྷ་བུ་མགོ་དཀར་ནི། མཛངས་བློན་མདུན་གྱི་གཉིས་པ་ཡིན། སྐབས་འདིར་བོད་ཀྱི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་བྱུང་ཞིང་། རྒྱལ་པོའི་མངའ་འོག་གི་ས་ཞིང་རྣམས་རོང་ཁུལ་གྱི་འབངས་མི་རྣམས་ལ་བགོས་ནས་ལས་ཁྲལ་བཀོད་པ་དང༌། ནོར་ཕྱུགས་རྣམས་འབྲོག་ཁུལ་གྱི་འབངས་མི་རྣམས་ལ་བགོས་ནས་ལས་ཁྲལ་བཀོད་པའི་བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་ཆ་ཡོངས་སུ་ཚང་བ་ཞིག་དར་སྲོལ་བྱུང༌། དེའང་ཞིང་ལ་དོར་རྩིས་ཞེས་པ། མཛོ་དོར་གཅིག་གིས་ཉིན་རྨོས་ཀྱི་ས་ཞིང་ལ་འབྲུ་ཁྲལ་བྲེ་ཇི་ཙམ་འཇལ་དགོས་པ་གཏན་འབེབས་བྱས་པ་དང༌། འབྲོག་ལ་ཐུལ་རྩིས་ཞེས་པ། འབྲི་བཞོན་མའི་གྲངས་དང་བསྟུན་ནས་ཤེ་བབ་ཀྱི་ཁྲལ་གཏན་འབེབས་བྱས་པ་ལ་ཟེར། ཞིང་པས་འབྲུ་ཁྲལ་འཇལ་བའི་ལྷག་མ་དང༌། འབྲོག་པས་ཤེ་ཁྲལ་འཇལ་བའི་ལྷག་མ་རྣམས་ཁོ་རང་ཚོ་སྒེར་ལ་དབང་བའི་ནོར་རྫས་སུ་གྱུར་པ་རེད།
2. སྤུ་རྒྱལ་བཅུ་གཅིག་པ་དེ་ཤོ་ལེགས་ནི། ཡབ་ཨེ་ཤོ་ལེགས་དང༌། ཡུམ་རྨུ་ལྕམ་བྲ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་མི་མོ་ཆུང་གིས་མཛད། གསས་ཁང་ཁོ་མ་ཡང་རྩེ་བཞེངས། ཀླུ་ལྕམ་མེར་མ་ཁབ་ཏུ་བཞེས། མཁས་པའི་དགའ་སྟོན་ལས། མཆིང་བ་རྒོད་རྩེ་བཞེངས། ཞེས་ཟེར།
3. སྤུ་རྒྱལ་བཅུ་གཉིས་པ་ཐི་ཤོ་ལེགས་ནི། ཡབ་དེ་ཤོ་ལེགས་དང༌། ཡུམ་ཀླུ་ལྕམ་མེར་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་འཛིན་བོན་ཁོག་དེར་གྱིས་བྱས། གསས་ཁང་ས་ལེ་བང་བང་བཞེངས། བཙུན་མོ་བཙན་མོ་གུང་སྨན་ཁབ་ཏུ་བཞེས། མཁས་པའི་དགའ་སྟོན་ལས། མཆིང་བ་ཡང་རྩེ་བཞེངས། ཞེས་ཟེར།
4. སྤུ་རྒྱལ་བཅུ་གསུམ་པ་གོང་རུ་ལེགས་ནི། ཡབ་ཐི་ཤོ་ལེགས་དང༌། ཡུམ་བཙན་མོ་གུང་སྨན་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་མཚེས་པ་གནམ་འདུལ་གྱིས་མཛད། གསས་ཁང་རིན་ཆེན་ཟུར་མང་བཞེངས། མཚོ་སྨན་འབྲོང་མ་ཁབ་ཏུ་བཞེས། མཁས་པའི་དགའ་སྟོན་ལས། མཆིང་བ་ཁྲི་རྩེ་བཞེངས། ཞེས་ཟེར།
5. སྤུ་རྒྱལ་བཅུ་བཞི་པ་འབྲོང་ཞི་ལེགས་ནི། ཡབ་གོང་རུ་ལེགས་དང༌། ཡུམ་མཚོ་སྨན་འབྲོང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ལྷ་བོན་ཡེ་གཤེན་བདུད་འདུལ་གྱིས་མཛད། གནམ་སྨན་བུ་མོ་ཁབ་ཏུ་བཞེས། མཁས་པའི་དགའ་སྟོན་ལས། རྩེ་མོ་ཁྱུང་རྒྱལ་བཞེངས། ཞེས་ཟེར།
6. སྤུ་རྒྱལ་བཅོ་ལྔ་པ་ཟ་ནམ་ལེགས་ནི། ཡབ་འབྲོང་ཞི་ལེགས་དང༌། ཡུམ་གནམ་སྨན་བུ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཨ་ལ་དུན་ཅུག་གིས་མཛད། རྨུ་ལྕམ་རྨང་ལེགས་ཁབ་ཏུ་བཞེས། གསས་མཁར་ཁྲི་བརྩིགས་འབུམ་གདུགས་བཞེངས། འདི་དྲུག་པོ་སྐུ་གཤེགས་པའི་རྗེས་བང་སོ་གཡའ་སྤང་མཚམས་སུ་བཏབ་པས་ན་ས་ཡི་ལེགས་དྲུག་ཟེར།
དེ་རྗེས་ཆུ་ལ་ལྡེ་བརྒྱད་ཅེས། །
ཞིང་ཁ་དོར་རྩིས་དང་། འབྲོག་པའི་ཐུལ་རྩིས་ཀྱི་སྡེ་འབངས་ལ་ཁྲལ་བཀོད་པ།
རྒྱལ་པོ་སོ་སོའི་རུས་མིང་རྣམས། །
ཐོག་མ་བཞི་པོའི་མིང་ཡིག་བཞི། །
རུས་ཡིག་མིང་གི་མཇུག་ཏུ་ཡོད། །
ཐ་མ་བཞི་པོའི་མིང་ཡིག་གསུམ། །
རུས་རྣམས་མིང་གི་ཐོག་མར་བཀོད། །
དུས་འདིར་རྒྱལ་པོའི་མངའ་ཐང་ཞན། །
ཡུལ་སྡེ་རྣམས་ནི་རིམ་བཞིན་ཐོར། །
གཅིག་གྱུར་དབང་བའི་སྟོབས་ཤུགས་ཉམས། །
ཆུ་ལ་ལྡེ་བརྒྱད་ཀྱི་དུས་སྐབས་།
1. སྤུ་རྒྱལ་བཅུ་དྲུག་པ་ཟ་ནམ་ཟིན་ལྡེ་ནི། ཡབ་ཟ་ནམ་ལེགས་དང༌། ཡུམ་རྨུ་ལྕམ་རྨང་ལེགས་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་བོན་པོ་གཡུང་དྲུང་རྒྱལ་པོས་མཛད། མཚོ་སྨན་ཁྲི་དཀར་ཁབ་ཏུ་བཞེས།
2. སྤུ་རྒྱལ་བཅུ་བདུན་པ་འཕྲུལ་ནམ་གཞུང་ལྡེ་ནི། ཡབ་ཟ་ནམ་ཟིན་ལྡེ་དང༌། ཡུམ་མཚོ་སྨན་ཁྲི་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཞང་ཞུང་མཚོ་མི་ཀུན་སྣང་གིས་མཛད། སེ་གཉན་མེར་མོ་ཁབ་ཏུ་བཞེས།
3. སྤུ་རྒྱལ་བཅོ་བརྒྱད་པ་སེ་སྣོལ་གནམ་ལྡེ་ནི། ཡབ་འཕྲུལ་ནམ་གཞུང་ལྡེ་དང༌། ཡུམ་སེ་གཉན་མེར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཀླུ་མོ་མེར་མོ་ཁབ་ཏུ་བཞེས།
4. སྤུ་རྒྱལ་བཅུ་དགུ་པ་སེ་སྣོལ་པོ་ལྡེ་ནི། ཡབ་སེ་སྣོལ་གནམ་ལྡེ་དང༌། ཡུམ་ཀླུ་མོ་མེར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཞང་ཞུང་ཨ་སོ་གཙུག་ཕུད་ཀྱིས་མཛད། འོ་བཟའ་ཏེ་མོ་མཚོ་ཁབ་ཏུ་བཞེས།
5. སྤུ་རྒྱལ་ཉི་ཤུ་པ་ལྡེ་སྣོལ་ནམ་ནི། ཡབ་རྒྱལ་པོ་སེ་སྣོལ་པོ་ལྡེ་དང༌། ཡུམ་འོ་བཟའ་ཏེ་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཞང་ཞུང་ཨ་ལ་དན་ཅིས་མཛད། ཁྲི་སྨན་རྗེ་མོ་ཁབ་ཏུ་བཞེས།
6. སྤུ་རྒྱལ་ཉེར་གཅིག་པ་ལྡེ་སྣོལ་པོ་ནི། ཡབ་རྒྱལ་པོ་ལྡེ་སྣོལ་ནམ་དང༌། ཡུམ་ཁྲི་སྨན་རྗེ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཞང་ཞུང་དར་མ་ཧ་རིས་མཛད། ཁྲི་སེ་བཙུན་གཉན་མོ་ཁབ་ཏུ་བཞེས།
7. སྤུ་རྒྱལ་ཉེར་གཉིས་པ་ལྡེ་རྒྱལ་པོ་ནི། ཡབ་ལྡེ་སྣོལ་པོ་དང༌། ཡུམ་ཁྲི་སེ་བཙུན་གཉན་མོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་ཞང་ཞུང་ད་ས་ཧ་རིས་མཛད། སྨན་བཙུན་ལུག་སྐོང་ཁབ་ཏུ་བཞེས།
8. སྤུ་རྒྱལ་ཉེར་གསུམ་པ་ལྡེ་སྤྲིན་བཙན་ནི། ཡབ་ལྡེ་རྒྱལ་པོ་དང༌། ཡུམ་སྨན་བཙུན་ལུག་སྐོང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཞང་ཞུང་མུ་ལ་མ་ཧོས་མཛད། གཉན་བཙུན་མང་མོ་རྗེ་ཁབ་ཏུ་བཞེས། འདི་དག་གི་བང་སོ་ཆུ་བོའི་གཞུང་དུ་བཏབ་པས་ཆུ་ལ་ལྡེ་བརྒྱད་ཅེས་གྲགས་སོ། འདི་ཡན་གྱི་མ་ཡུམ་རྣམས་ལྷ་མོ་དང༌། ཀླུ་མོ་ཡིན་པས་སྲས་ཀྱི་མཚན་ལ་ཡང་ལྷ་སྲས་དང་། ལྡེ་སྲས་ཟེར། རྒྱལ་པོ་འདི་དག་གི་སྐབས་སུ་བོད་ཁམས་ཡོངས་ལ་མངའ་དབང་བསྒྱུར་པའི་སྟོབས་ཤུགས་ཉམས་ཏེ་འཕྱོངས་རྒྱས་དང་ཡར་ཀླུང་ཙམ་ལ་དབང་སྒྱུར་བྱས། ཡུལ་གྲུ་གཞན་རྣམས་སྔར་ལྟར་རྒྱལ་ཕྲན་འགའ་ཞིག་ཏུ་ཐོར། རྒྱལ་པོ་འདི་དག་གི་བང་སོ་ཆུ་བོའི་གཞུང་དུ་བཏབ། ཆུ་དུར་ཐོག་མར་འདི་ནས་བྱུང་བར་གྲགས།
འདི་ཕྱིན་ཆད་ཀྱི་རྒྱལ་པོ་རྣམས་འབངས་དང་གཉེན་བསྲེས་པས་སྲས་རྣམས་ཀྱི་མཚན་ལ་ལྡེ་ཞེས་པའི་ཚབ་ཏུ་བཙན་པོ་ཞེས་བཏགས་པའི་སྲོལ་དར་བས་འདིའི་འོག་གི་རྒྱལ་རབས་རྣམས་ལ་ཚིགས་ལ་བཙན་ལྔ་དང༌། འོག་གི་བཙན་བཞི་སོགས་ཟེར་སྲོལ་བྱུང༌།
དེ་རྗེས་ཚིགས་ལ་བཙན་ལྔ་བྱུང་། །
གཙང་སྟོད་བྱེ་མ་གཡུང་དྲུང་དུ། །
ལྷུན་གྲུབ་དབྱིངས་ཀྱི་ལྷ་ཁང་བཞེངས། །
ཆུ་བྱ་ཐོ་རི་བོད་རྒྱལ་གྱུར། །
དུས་དེར་བལ་པོའི་པཎྜི་ཏ། །
བློ་སེམས་འཚོ་དང་ལོ་ཙཱ་བ། །
ཐི་ལེ་སེ་གཉིས་བོད་དུ་ཕེབས། །
བོད་ཡིག་བྲིས་པ་བོད་རྒྱལ་ཕུལ། །
ཕོ་བྲང་མཆོད་པའི་རྟེན་དུ་ཉར། །
རྒྱལ་པོ་ཚིགས་ལ་བཙན་ལྔའི་དུས་།
1. སྤུ་རྒྱལ་ཉེར་བཞི་པ་རྒྱལ་ཏོ་རེ་ལོང་བཙན་ནི། ཡབ་ལྡེ་སྤྲིན་བཙན་དང༌། ཡུམ་གཉན་བཙུན་མང་མོ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཞང་ཞུང་ཏ་ར་ལ་ཧ་རིས་མཛད། ཐོན་མི་འབྲིང་པོ་རྒྱལ། སྣུབས་སྨན་ད་རེ། སྟོང་འདར་རྗེ་རྣམས་ཀྱིས་བློན་པོ་བྱས། འོ་མ་ལྡེ་བཟའ་ཁྲི་བཙན་བྱང་མ་ཁབ་ཏུ་བཞེས། བཙན་པོ་འདིའི་གཅུང་པོ་ལྟབ་ནག་ཅེས་པ་ཐང་མཚམས་སུ་ཕབ། དེའི་རྒྱུད་ལ་ཞང་ལྔ་གཅུང་པ་ཞེས་གྲགས་སོ།
2. སྤུ་རྒྱལ་ཉེར་ལྔ་པ་ཁྲི་ནམ་བཙན་ནི། ཡབ་རྒྱལ་ཏོ་རེ་ལོང་བཙན་དང༌། ཡུམ་འོ་མ་ལྡེ་བཟའ་ཁྲི་བཙུན་བྱང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཞང་ཞུང་མུ་ལ་ཧ་རྒྱལ་གྱིས་མཛད། སྣུབས་གཉའ་དོར་གཙུག་དང༌། སྲས་ཁྲི་ཟུང་མོང་ཁོང་གིས་བློན་པོ་བྱས། སྨན་བཟའ་ཁྲི་དཀར་ཁབ་ཏུ་བཞེས།
3. སྤུ་རྒྱལ་ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན་ནི། ཡབ་ཁྲི་ནམ་བཙན་དང༌། ཡུམ་སྨན་བཟའ་ཁྲི་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་མུ་ལ་ཧ་རྒྱལ་གྱིས་མཛད། མགར་སྒྲ་ཛི་མུ་དང༌། ཐོན་མི་གླུ་མང་དྲེད་པོས་བློན་པོ་བྱས། སྨན་བཟའ་ཀླུ་སྟེང་ཁབ་ཏུ་བཞེས།
4. སྤུ་རྒྱལ་ཉེར་བདུན་པ་ཁྲི་ཐོག་རྗེ་བཙན་ནི། ཡབ་ཁྲི་སྒྲ་དཔུང་བཙན་དང༌། ཡུམ་སྨན་བཟའ་ཀླུ་སྟེང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མགར་གཉའ་བཙན་ལྡེམ་བུ་དང༌། སྣུབས་སྐྱེས་ཐོག་རྗེ་མོར་བཙན་གྱིས་བློན་པོ་བྱས། རུ་ཡོང་བཟའ་སྟོང་རྒྱལ་མོ་མཚོ་ཁབ་ཏུ་བཞེས།
5. སྤུ་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་ནི། ཡབ་རྒྱལ་པོ་ཁྲི་ཐོག་རྗེ་བཙན་དང༌། ཡུམ་རུ་ཡོང་བཟའ་སྟོང་རྒྱལ་མོ་མཚོ་རྣམ་གཉིས་ཀྱི་སྲས་སུ་སྤྱི་ལོ་406པ་ཤིང་རྟ་ལོར་སྐུ་བལྟམས། སྐུ་གཤེན་གཅེའུ་གཡང་སྐྱེས་དང༌། མཚེ་མི་འདུ་འཕྲོ་གཉིས་ཀྱིས་མཛད། རྣོ་བཟའ་མང་དགའ་ཁབ་ཏུ་བཞེས། རྒྱལ་པོ་འདིའི་དུས་སུ་སྤྱི་ལོ་433པ་ཆུ་བྱ་ལོར་བལ་པོའི་ཡུལ་ནས་པཎྜི་ཏ་བློ་སེམས་འཚོ་དང༌། ལོ་ཙཱ་བ་ཐི་ལེ་སེ་གཉིས་ཀྱིས་སྤང་སྐོང་ཕྱག་བརྒྱ་པ་དང་མདོ་སྡེ་ཟ་མ་ཏོག་གི་གླེགས་བམ་གཉིས། གསེར་གྱི་མཆོད་རྟེན་གཅིག མུ་དྲའི་ཕྱག་རྒྱ་ཞེས་པ་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱོན་ཅན་ཚད་ཁྲུ་གང་ཙམ་གཅིག ཙིན་ཏ་མ་ཎིའི་སྐོས་ཕོར་ཞེས་པ་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུགས་ཀྱི་སྐོས་ཕོར་གཅིག སྙིང་པོ་ཡི་གེ་དྲུག་བཅས་ཁྱེར་ནས་བོད་དུ་འོངས་ཏེ་ཕོ་བྲང་ཡུམ་བུ་བླ་སྒང་དུ་བཞུགས་པའི་སྤུ་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་ལ་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པ་མཛད། མཚན་གཉན་པོ་གསང་བ་ཞེས་གསོལ། རྒྱལ་པོས་ཕྱག་དང་བཀུར་སྟི་རྒྱ་ཆེར་གནང་བས་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་དེ་ནས་བརྙེས་པར་གསུངས། སྤྱི་ལོ་493པ་ཆུ་བྱ་ལོར་སྐུ་གཤེགས། དེ་ལྟར་བཙན་ལྔ་པོའི་མཆད་པའམ་བང་སོ་འཕྱིང་ལུང་དར་བ་ཐང་དུ་བཏབ་སྟེ་སྦྲ་འདྲ་བའི་ས་ཕུང་བྱས་ཡོད་དོ།
● རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ།● བཅུ་གཅིག་པ་དེ་ཤོ་ལེགས།● བཅུ་གཉིས་པ་ཐི་ཤོ་ལེགས།● བཅུ་གསུམ་པ་གོང་རུ་ལེགས།● བཅུ་བཞི་པ་འབྲོང་ཞི་ལེགས།
● བཅོ་ལྔ་པ་ཟ་ནམ་ལེགས། ● བཅུ་དྲུག་པ་ཟ་ནམ་ཟིན་ལྡེ།● བཅུ་བདུན་པ་འཕྲུལ་ནམ་གཞུང་ལྡེ།● བཅོ་བརྒྱད་པ་སེ་སྣོལ་གནམ་ལྡེ།● བཅུ་དགུ་པ་སེ་སྣོལ་པོ་ལྡེ།● ཉི་ཤུ་པ་ལྡེ་སྣོལ་ནམ།● ཉེར་གཅིག་པ་ལྡེ་སྣོལ་པོ།
● ཉེར་གཉིས་པ་ལྡེ་རྒྱལ་པོ། ● ཉེར་གསུམ་པ་ལྡེ་སྤྲིན་བཙན།● ཉེར་བཞི་པ་རྒྱལ་ཏོ་རེ་ལོང་བཙན། ● ཉེར་ལྔ་པ་ཁྲི་ནམ་བཙན།● ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན།● ཉེར་བདུན་པ་ཁྲི་ཐོག་རྗེ་བཙན།
● ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན།