རྗེ་ཙོང་ཁ་པར་འགྱོད་ཚངས་སུ་ཕུལ་བའི་བསྟོད་པ་དང་རྗེའི་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ གཉིས་ཅུང་ཙམ་བསྡུར་བ།

ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། མགོན་པོ་བཀྲ་ཤིས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-08


   [གནད་བཏུས] བོད་ཀྱི་རྩོམ་རིག་ལས་བསྟོད་པའི་སྐོར་གྱིས་བོད་ཀྱི་རྩོམ་རིག་ཁྲོད་ཚད་གལ་ཆེན་ཞིག་བཟུང་ཡོད་པར་མ་ཟད་བསྟོད་པའི་ཁྱད་ཆོས་གཅིག་ནི་ཆོས་ལུགས་ཀྱི་ནང་དོན་འདུས་ཡོད་པས། ནང་བསྟན་སྐོར་གྱི་ཤེས་བྱ་ཕྲན་ཙམ་མ་ཤེས་ན་སྐབས་ལ་ལར་བསྟོད་པ་དེ་རྣམས་ཀྱི་དགོངས་པ་དེ་བཞིན་རྟོགས་པར་ཤུགས་རྐྱེན་ཐེབས་ངེས་མོད་འདིར་རང་གི་བློ་ཁ་དང་བསྟུན་ནས་བསྟོད་པ་འདི་གཉིས་བསྡུར་བ་ཅུང་ཟད་ཙམ་བྱས་ཡོད།
   [གནད་ཚིག] བསྟོད་པ། བསྡུར་བ།
   བོད་ལ་ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་ལྟ་བུ་རྒྱ་གར་གྱི་མཁས་པས་བརྩམས་ཤིང་བོད་སྐད་དུ་འགྱུར་བའི་བསྟོད་པ་ཡོད་པར་མ་ཟད་བོད་རང་གི་མཁས་པས་མཛད་པའི་བསྟོད་པ་ཡང་གང་མང་ཞིག་ཡོད། བོད་ཀྱི་རྩོམ་རིག་གི་ཡ་གྱལ་ཏེ་བསྟོད་པ་ལ་མི་རིགས་གཞན་དང་མི་མཐུན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ནང་བསྟན་གྱི་ལྟ་བས་ཟིན་ཡོད་པ་དེ་རེད། ངས་འདིར་བསྟོད་པ་གང་མང་ཞིག་ཡོད་པའི་ནང་གི་སྟག་ཚང་ལོ་ཙཱ་པ་ཤེས་རབ་རིན་ཆེན་གྱིས་མཛད་པའི་རྗེ་ཙོང་ཁ་པར་འགྱོད་ཚངས་སུ་ཕུལ་བའི་བསྟོད་པ་དང་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་མཛད་པའི་རྗེའི་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་གཉིས་བསྡུར་ནས་རྗེ་ཙོང་ཁ་པའི་རྟེན་འབྱུང་གི་ལྟ་བའི་སྐོར་ཅུང་ཙམ་གླེང་བར་བྱའོ། །
   དང་པོ། བསྟོད་པ་འདི་གཉིས་ཀྱི་རྩོམ་པ་པོ་དང་བྲིས་པའི་རྒྱབ་ལྗོངས།
   སྟག་ཚང་ལོ་ཙཱ་པ་ཤེས་རབ་རིན་ཆེན་ནི། སྤྱི་ལོ༡༤༠༥ལོར་ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས། ཆུང་དུས་ནས་དགེ་བའི་བཤེས་གཉེན་མང་པོས་ཞབས་པད་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་མཛད་པར་མ་ཟད་ཡར་འབྲོག་སྟག་ལུང་དུ་ས་སྐྱའི་དགོན་ལག་ཏུ་གྱུར་པ་ཐར་གླིང་གི་ཆོས་སྡེ་གསར་དུ་བཏབ་སྟེ་དགེ་འདུན་སྟོང་ཕྲག་ལྷག་གི་ཚོགས་པ་བསྐྱངས། གསུང་རྩོམ་ཡང་དུས་འཁོར་སྤྱི་དོན་སོགས་གཞུང་གི་སྐོར་དང་། བསྟན་འགྱུར་ལས་སྡེབ་སྦྱོར་གྱི་བསྟན་བཅོས་སོགས་བསྒྱུར་རྩོམ་དང་། གསོ་དཔྱད་བྱུང་ཚུལ་གྱི་ལོ་རྒྱུས་སྨན་གྱི་སྤྱི་དོན་བཅས་པ་མཁས་པའི་ཡིད་འཕྲོག་སོགས་གསོ་བ་རིག་པའི་སྐོར་གྱི་བསྟན་བཅོས་ཀྱང་མང་དུ་མཛད།(ཀུན་གཟིགས་ལྔ་བའི་རང་རྣམ་དུ་ཀུ་ལའི་གོ་བཟང་ལས་རིག་པའི་གནས་ཐམས་ཅད་ལ་འཁྲུལ་བའི་དྲི་མ་ཙམ་ཡང་སྤངས་པ་སྟག་ཚང་ལོ་ཙཱ་པ་ཞེས་བསྔགས་བརྗོད་མཛད་ཡོད།)①བསྟོད་པ་འདི་ནི་ལོ་ཙཱ་པ་ཁོང་གིས་རྗེའི་ལམ་རིམ་ཆེན་མོ་སོགས་གསུང་རྩོམ་འགའ་ལ་མཇལ་རྗེས། དགོངས་པའི་ཟབ་གནད་མ་ལོན་པར་འགལ་བའི་ཁུར་ཆེན་བཅོ་བརྒྱད་སོགས་དགག་བཞག་མང་དུ་མཛད། དུས་ཕྱིས་སླར་ཡང་ཁས་ལེན་ནང་འགལ་གྱི་རིགས་པས་རྒྱས་འདེབས་ཁ་སྐོང་དང་བཅས་པའི་དགག་པ་མཐར་ཕྱིན་ཞིག་མཛད་པར་དགོངས་ནས། རྗེའི་གསུང་གཞན་རྣམས་ལ་ཞིབ་གཟིགས་དང་མནོ་བསམ་ཡང་ཡང་བཏང་མཐར། རང་གི་འདོད་དགོངས་ལས་ལྡོག་སྟེ་རྗེའི་གསུང་གི་ཉིང་བཅུད་རྒྱལ་བའི་དགོངས་འགྲེལ་གྱིས་བརྟན་པ་ཅིག་ཅར་དུ་འཕྲོག་ནས། རང་དབང་མེད་པར་མིག་ནས་མཆི་མ་འཁྲུགས་པ་དང་ལུས་ཀྱི་བ་སྤུ་ལྡང་བ་སོགས་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པའི་ངང་ཚུལ་བཅོས་མ་མ་ཡིན་པ་ཞིག་འཁྲུངས་པ་དང་མཉམ་དུ་སྔ་མའི་ལོག་རྟོག་དང་སྐུར་འདེབས་ལ་འགྱོད་ཚངས་དང་བཅས་ཏེ་མཛད་པ་རེད།
   ལྷ་རམས་པ་དགེ་བཤེས་རྗེ་བཙུན་ཤེས་རབ་རྒྱ་མཚོ་ནི། སྤྱི་ལོ༡༨༨༤ལོར་མདོ་སྨད་རྡོ་སྦིས་གསེར་མོ་ལྗོངས་ཞེས་པའི་ཡུལ་གྱི་ཁོངས་གཏོགས་ཧོར་གྲོ་བ་ཞེས་པའི་གྲོང་སྡེར་སྐྱེས་ཤིང་། དགུང་ལོ་དྲུག་གི་སྟེང་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་དྲུག་པ་སྤྱི་ལོ་༡༨༩༩ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཨ་ཁུ་གུང་ཐང་བློ་གྲོས་སོགས་སྡེ་སྣོད་འཛིན་པའི་བླ་མ་མང་པོ་བསྟེན་ཅིང་དགུང་ལོ་ཉེར་ལྔའི་སྟེང(སྤྱི་ལོ༡༩༠༤)དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། དགུང་ལོ་སོ་བཞི་པ་སྤྱི་ལོ༡༩༢༩ལོར་རྒྱལ་དབང་ཐམས་ཅད་མཁྱེན་པ་ཐུབ་བསྟན་རྒྱ་མཚོའི་བཀའ་ལུང་ལྟར་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་པོད་ཉེར་དགུའི་དཔར་གཞི་དང་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་དཔར་གཞི་ལ་གསར་བཞེངས་ཀྱི་ཞུ་དག་ལེགས་པར་མཛད་པ་སོགས་མཛད་འཕྲིན་མང་ངོ་། ། དགུང་ལོ་གྱ་ལྔ་བ་སྤྱི་ལོ༡༩༦༨ལོར་སྐུ་གཤེགས། གསུང་རྩོམ་པོད་གསུམ་ཡོད། བསྟན་བཅོས་འདིའི་མཇུག་ཏུ་རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་ཤིང་སྐྱེ་རྒུ་རྣམས་ལ་གཅིག་ཏུ་བརྩེ་བའི་གཞན་དབང་དུ་གྱུར་པ་གངས་རིའི་ལྗོངས་འདིར་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་སྲོལ་དཔལ་ལྡན་ཐལ་འགྱུར་བའི་རང་ལུགས་ཕྱིན་ཅི་མ་ལོག་པར་འགྲེལ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་ཁྱུ་མཆོག གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཚོགས་ཀྱི་སློབ་དཔོན་ཆེན་པོའི་ཆེན་པོར་བཞུགས་པ་དག་གིས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་ཡུལ་དམ་པར་གྱུར། ཕྱི་སོ་སོར་ཐར་པའི་བརྟུལ་ཞུགས་བརྟན་པོ་ལ་གནས་ཤིང་ནང་གསང་བ་སྔགས་ཀྱི་རྣལ་འབྱོར་ཟབ་མོ་ལ་རྩེ་གཅིག་ཏུ་གཞོལ་བའི་བདག་ཉིད་ཆེན་པོ། བཀའ་དྲིན་མཚུངས་མེད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ལ་སྙིང་ཐག་པ་ནས་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བ་འདི་ནི། རྗེ་བླ་མའི་རང་ལུགས་ལ་མི་ཕྱེད་པའི་དད་པ་བརྟན་པོ་དང་ལྡན་ཞིང་ཞི་དུལ་བག་ཡོད་ལ་གནས་པའི་མང་ཐོས་དགེ་བའི་བཤེས་གཉེན་ཁྲི་བྱང་ཡོངས་འཛིན་ཕུ་ཁང་པ་བློ་བཟང་ཚུལ་ཁྲིམས་ནས་འདི་ལྟ་བུ་ཞིག་བྲི་དགོས་ཞེས་ཡང་ཡང་ནན་ཏན་མཛད་པ་ལྟར། བཀའ་དང་དགོངས་འགྲེལ་གྱི་ལེགས་བཤད་མང་པོ་རྣ་ལམ་དུ་སོན་པའི་མཐུ་ལས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པའི་སྤོབས་པ་ཅུང་ཟད་དགེ་ཞིང་འཇམ་མགོན་བླ་མ་ས་གསུམ་གྱི་སྒྲོན་མེ་གང་གི་རྗེས་སུ་དད་གུས་ཀྱིས་མངོན་པར་ཕྱོགས་པའི་ལུང་རིགས་རབ་འབྱམས་སྨྲ་བ་ཤེས་རབ་རྒྱ་མཚོར་འབོད་པས་དགོས་དབང་གིས་དགག་ཕྱོགས་ནས་བརྩམས་ཏེ་ཤིན་ཏུ་གོ་སླ་བར་མཁས་གྲུབ་བྱེ་བའི་བསྟི་གནས་སེ་ར་ཐེག་པ་ཆེན་པོའི་གླིང་དང་ཉེ་བའི་ཆར་འཁོད་དབེན་པའི་གནས་མཆོག་ཆུ་བཟང་རི་ཁྲོད་དུ་དད་གུས་རྩེ་གཅིག་པས་སྦྱར་བ་ཚེ་རབ་ཀུན་ཏུ་ཞྭ་སེར་རིང་ལུགས་དྲི་མ་མེད་པ་དང་མི་འབྲལ་བའི་རྒྱུར་གྱུར་ཅིག །②ཅེས་པ་བཞིན་དགེ་བའི་བཤེས་གཉེན་ཁྲི་བྱང་ཡོངས་འཛིན་ཕུ་ཁང་པ་བློ་བཟང་ཚུལ་ཁྲིམས་ཀྱིས་སྐུལ་བའི་ངོར་རྡོ་སྦིས་དགེ་བཤེས་ཚང་གིས་ཞྭ་སེར་རིང་ལུགས་དྲི་མ་མེད་པ་དང་མི་འབྲལ་བའི་ཆེད་དུ་བརྩམས་པའོ། །
   གཉིས་པ། ནང་དོན་སྐོར།
   རྗེ་ཙོང་ཁ་པ་འཚོ་བཞུགས་ཀྱི་དུས་སྐབས་ནི་བོད་ལ་མཚོན་ན་ནང་བསྟན་གྱི་ལྟ་བ་དང་སྤྱོད་པའི་སྐོར་ལ་རྩོད་གླེང་ཅུང་ཆེ་བའི་སྐབས་ཤིག་ཡིན་ཏེ། རྗེ་རིན་པོ་ཆེ་བོད་དུ་འཁྲུངས་ནས་རིམ་པར་སངས་རྒྱས་བསྟན་པའི་བཤད་སྒྲུབ་འཛིན་པའི་མཚམས་སུ་བོད་དུ་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་གཉིས་ཀྱི་འཆད་ཉན་ཉམས་ཤིང་ལྟ་སྤྱོད་ཀྱི་རྟོགས་པ་དང་ཉམས་ལེན་གང་ཐད་ནས་ཤིན་ཏུ་ཉམས་དམའ་བར་ཆགས་འདུག་སྟེ། སྤྱིར་བོད་ཡོངས་དང་སྒོས་ཁྱད་པར་དབུས་གཙང་ཕྱོགས་སུ་སྒྲུབ་བརྒྱུད་ཁག་ནི་ཡུལ་གྲུ་སོ་སོའི་བར་དབང་ཆ་འཕྲོག་རེས་བྱེད་ཅིང་འབངས་ཀྱི་མགོ་གནོན་པའི་ལག་ཆ་ལྟ་བུར་གྱུར་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་སུ་འཇུག་པའི་ཆོས་འཛིན་པར་རློམ་པའི་སྐྱེས་བུ་མང་ཆེ་བས་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ཚུལ་བཞིན་དུ་མཛད་པ་ཕར་ཞོག་བསྟན་པ་འཛིན་པར་རློམ་པ་རྣམས་ནི་ཐོས་མེད་བསམ་མེད་སྒོམ་མེད་ཀྱི་གྲོང་ཉུལ་པ་ལྟ་བུར་གྱུར་ཏོ། ། སྐབས་དེར་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་ཉམས་པའི་རང་རྟགས་སུ་སེམས་ཅན་རྣམས་གཞན་ལ་འཐབ་པ་དང་རྩོད་པ། གཡུལ་འགྱེད་པ་སོགས་སེམས་ཅན་འཚེ་བར་བྱེད་པའི་མི་དགེ་བའི་ལས་སྣ་ཚོགས་པ་ལ་འཇུག་པར་དགའ་བ། ཆང་བཏུང་བས་དུས་ཀུན་ཏུ་མྱོས་པས་ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཤོར་བ་དང་། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་སོགས་ཉམས་ནས་བུད་མེད་ལ་ལོག་གཡེམ་སྤྱོད་པ་དང་སེམས་ཅན་གྱི་སྲོག་གཅོད་པ། ཡུལ་དང་དུས་མིན་གྱི་ཟས་ཟ་བ་དང་རྐུ་འཕྲོག་བྱེད་པ། བག་མེད་ཀྱི་འཇིག་རྟེན་རྩེད་མོ་རྒྱལ་སོགས་ལ་གཡེང་བ། རབ་བྱུང་གི་མིང་ཙམ་འཛིན་པ་རྣམས་ཀྱང་ཆགས་སྤྱོད་ཕྱོགས་ཀྱི་གླུ་དང་གར་ལ་རོལ་བ་སོགས་ཐ་ན་ཁྱིམ་པ་ཡ་རབས་ཤིག་གི་སྤྱོད་ཚུལ་ཡང་མེད་པའི་གནས་སུ་གྱུར་འདུག་གོ །③འདི་འདྲའི་སྤྱི་ཚོགས་ཀྱི་གནས་ཚུལ་ཞིག་ཡོད་པས་སྟག་ཚང་ལོ་ཙཱ་པས་ཀྱང་། ལ་ལ་སྤྱོད་པ་ཞིབ་མོས་ལྟ་བ་འགོག ། ཁ་ཅིག་ལྟ་བ་མཐོན་པོས་སྤྱོད་པ་འདོར། །ལྟ་སྤྱོད་ཕན་ཚུན་གྲོགས་སུ་ཤར་བ་ཡི། ། དོན་འདི་ལྷག་པར་འདོམས་པ་ཁྱོད་ལ་འདུད། །④ཅེས་པ་འདིའི་ཚིག་ངོས་ནས་བལྟས་ན་སྐབས་དེར་མཁས་པ་ལ་ལ་ཞིག་གིས་སྤྱོད་པ་གཙོར་འཛིན་ལ། ལ་ལ་ཞིག་གིས་ལྟ་བ་གཙོར་འཛིན་གྱི་ཡོད་པ་ཤེས་ཐུབ་པར་སྙམ། སྟོན་པ་ཤཱཀྱ་ཐུབ་པའི་དགོངས་པའི་སྙིང་བོ་སྟེ་སྤྱོད་པའི་ཕྱོགས་ནས་སེམས་ཅན་ལ་འཚེ་བ་མི་བྱེད་པ་ནི་སངས་རྒྱས་བསྟན་པའི་ཡང་སྙིང་ཡིན་ལ། འཚེ་བ་དང་མི་འཚེ་བའི་ཁྱད་པར་ནི་སྟོན་པ་ཤཱཀྱ་ཐུབ་པས་འཚེ་བ་ནི་སྲོག་གཅོད་པའོ། ། དེ་ལས་ལྡོག་པ་ནི་མི་འཚེ་བའོ། ། ཞེས་པ་དང་།རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། ། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། ། དང་། སེམས་ཅན་གང་ལ་གནོད་པ་དང་འཚེ་བ་བྱེད་པ་པོ་ནི་གང་ཡིན་ཡང་ངའི་རྗེས་སུ་འབྲང་བར་མི་རིགས་སོ། ། སོགས་ལས་ཤེས་ཐུབ་པ་ནི་བསྟན་པའི་སྙིང་བོ་ནི་གཞན་ལ་མི་འཚེ་བ་དང་གཞན་ལ་གནོད་པ་མི་སྐྱེལ་བ་དེ་ཡིན། དེས་ན་གཞན་ལ་མི་འཚེ་བར་ཐོག་མར་སོ་སོ་སྐྱེ་བོའི་རྒྱུད་ལ་སྙིང་རྗེ་སྐྱེས་དགོས་པ་རེད། དེ་ཡང་སྙིང་རྗེ་བསྐྱེད་པ་ལ་ཐོག་མར་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་བློ་དེ་བསྐྱེད་དགོས་པར་མ་ཟད་ལས་འབྲས་ལ་ཡིད་ཆེས་དགོས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ⑤བར་གསུངས་ཡོད་པར་མ་ཟད་སྟོན་པ་ཤཱཀྱ་ཐུབ་པས་ཀྱང་ཆོས་གཅིག་ལག་མཐིལ་དུ་མཆིས་ན། ། ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པར་འགྱུར་ཏེ། གང་ཞེ་ན་སྙིང་རྗེ་ཆེན་པོ།⑥ཞེས་གསུངས་ཡོད་ལ། སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ལ། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། ། གསུངས་པ་འདི་ལས་ཡ་མཚན་པའི། ། ལེགས་འདོམ་ཚུལ་ནི་ཅི་ཞིག་ཡོད། །⑦ཅེས་པ་བཞིན་འཇིག་རྟེན་དང་འཇིག་རྟེན་སྟེང་གི་བྱ་དངོས་ཡོད་ཚད་རྒྱུ་མེད་རྐྱེན་མེད་ངང་གྲུབ་པ་ཞིག་མ་ཡིན་པར་རྒྱུ་དང་རྐྱེན་ལས་གྲུབ་པ་ཤ་སྟག་ཡིན། ཡང་ཅིག་བཤད་ན་རང་བཞིན་གྱིས་གྲུབ་པའི་དངོས་པོ་གཅིག་ཀྱང་མེད་པས་སྟོན་པ་ཤཱཀྱ་ཐུབ་པས་འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། ། ལས་ཀྱིས་འཇིག་རྟེན་སྣ་ཚོགས་བསྐྱེད། ། ཅེས་པ་ལྟར་དངོས་པོ་ཐམས་ཅད་རྟེན་འབྱུང་འབྲེལ་བའི་སྒོ་ནས་སྐྱེས་ཤིང་རྟེན་འབྱུང་འབྲེལ་བའི་སྒོ་ནས་གནས་ཤིང་། རྟེན་འབྱུང་འབྲེལ་བར་འབྱུང་བའི་སྒོ་ནས་འཇིག་པ་ཡིན་པས་སྟོན་པས་ལྟ་བ་ནི་རྟེན་འབྱུང་འབྲེལ་བར་འབྱུང་བ་ཡིན། སྟོན་པས་གསུངས་པ་ནི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་མ་ཡིན་ནམ་ཟེར་ན། དེ་ལ་སྐྱོན་མེད་དེ། ངོ་བོ་གཅིག་ལ་མིང་མི་གཅིག་པ་གཉིས་བྱུང་བ་ཡིན། ནང་པས་རང་བཞིན་གྱིས་སྟོང་བའི་དོན་ནི་རང་གི་རྒྱུ་དང་རྐྱེན་ལས་གྲུབ་པ་ལས་རྒྱུ་མེད་རྐྱེན་མེད་ལྟར་མ་ཡིན་གྱིས་མིན་ཏེ། སྟོན་པ་ཤཱཀྱ་ཐུབ་པས། བློ་གྲོས་ཆེན་པོ་ངས་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་སོ། ། ཞེས་པ་སོགས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་བ་ཉིད་དུ་བསྟན་ཅིང་། དེ་དག་གི་དགོངས་དོན་གསལ་བར་བྱེད་པ་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་བུ་རམ་མངར་བ་དང་། ། མེ་ཡི་རང་བཞིན་ཚ་བ་སྟེ། ། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། ། རང་བཞིན་སྟོང་པ་ཉིད་དུ་བཤད། ། ཅེས་གསུངས་པ་ལྟར་དང་། མདོར་ན་ནང་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱོགས་གཅིག་ནས་དོན་དམ་པར་བདེན་པར་མ་གྲུབ་པ་སྟོང་བ་དང་། ཕྱོགས་གཉིས་ནས་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་ཚོགས་པ་ལས་གྲུབ་པ་ནི་རྟེན་འབྱུང་འབྲེལ་བར་འབྱུང་བའི་ལྟ་བ་སྟེ་རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན་ཞེས་གསུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་དེའི་ངོ་བོ་ནི་སྟོང་ཉིད། རྣམ་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ། ཁས་ལེན་ནི་རྟག་གཅིག་རང་དབང་ཅན་གྱི་བདག་གིས་ཡིན་ནོ། ། དེ་བས་སྟག་ཚང་ལོ་ཙཱ་པས་རྗེ་ཙོང་ཁ་པའི་ལྟ་སྤྱོད་ཡ་མ་བྲལ་བར་ཟུང་འཇུག་གི་ལྟ་བ་ལ་ངོ་མཚར་ཆེན་པོ་སྐྱེས་ནས་གོང་གི་ཤོ་ལོ་ཀ་འདི་བྲིས་པ་ཡིན་ལ། ཤོ་ལོ་ཀ་གཅིག་གི་ནང་དུ་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པའི་དོན་འདི་འདྲ་བསྡུས་པ་ནི་བོད་རང་གི་བསྟོད་པའི་རྩོམ་རིག་གི་ཁྱད་ཆོས་ཡིན། འདི་ནི་སྟག་ཚང་པ་ཁོང་ལ་མཚོན་ན་ཁོའི་བརྩེ་དུང་དང་དད་སེམས་ཤུགས་དྲག་པའི་འགྱུར་བའི་སྒོ་ནས་མཚོན་ཡོད་ངེས།
   རྟག་ཆད་མཐའ་རུ་གོལ་བའི་ལྟ་བ་མིན། ། བྱིང་ཕྲའི་ཀློང་དུ་འབྱམས་པའི་སྒོམ་པ་མིན། ། བག་མེད་གླང་ཆེན་མྱོས་པའི་སྤྱོད་པ་མིན། ། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ། །⑧ཞེས་པ་ལྟར་ཡོད་པ་མེད་པར་འཛིན་པའི་ཆད་མཐའ་དང་མེད་པ་ཡོད་པར་འཛིན་པའི་རྟག་མཐའ་གཉིས་ཀྱི་མཐའ་རུ་མ་ལྷུང་བ་ནི་རྗེ་ཙོང་ཁ་པ་ཁྱེད་ཡིན་ལ། རྗེ་ཙོང་ཁ་པ་ཆེན་པོས། གཞི་དེ་ཡོད་པ་མིན་པ་དང་ཡོད་པ་གཉིས་དང་། མེད་པ་མིན་པ་དང་མེད་ཅེས་པའི་ཁྱད་འབྱེད་ནི། སྨྲ་ལུགས་ཀྱི་ཁྱད་པར་ཙམ་དུ་ཟད་ཀྱི། གཉིས་ཀའི་དོན་བློ་ལ་འཆར་ཚུལ་ལ་ཇི་ཙམ་བརྟགས་ཀྱང་ཁྱད་པར་ཅི་ཡང་མེད་པའི་ཕྱིར་ན། ཚུལ་དེས་མཐར་ལྟུང་མི་ལྟུང་དུ་སྨྲ་བ་ནི་ཚིག་ཙམ་ལ་འཆེལ་བར་ཟད་དོ། །⑨ཞེས་གསལ་བར་གསུངས་ཡོད་པར་མ་ཟད་དབུ་མ་རྩ་བ་ཤེས་རབ་ཏུ་ཡང་། ཡོད་ཅེས་བྱ་བ་རྟག་པར་འཛིན། ། མེད་ཅེས་བྱ་བ་ཆད་པར་ལྟ། ། དེ་ཕྱིར་ཡོད་དང་མེད་པ་ལ། ། མཁས་པས་གནས་པར་མི་བྱའོ། ། ཞེས་ཡོད་མེད་ཀྱི་མཐའ་གང་ལ་ཡང་མི་ལྷུང་བ་ནི་མཁས་པ་ཡིན་པར་འདོད་དོ། ། ལམ་གཙོ་རྣམ་གསུམ་དུ། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། ། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། ། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། ། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། ། རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། ། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། ། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། ། སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། ། རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། ། མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། ། ཞེས་ཡོད་མེད་གཉིས་ཀྱི་མཐའ་རུ་མ་ལྷུང་བའི་དབུ་མའི་ལྟ་བའི་ད་གཟོད་གྲོལ་བར་འགྱུར་ལ། ཡོད་མེད་ཀྱི་མཐའ་གཉིས་ལ་ལྷུང་ན་གྲོལ་བར་མི་འགྱུར་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཡོད་པས་རྣམ་པར་མི་གྲོལ་ཏེ། ། མེད་པས་སྲིད་པ་འདི་ལས་མིན། །དངོས་དང་དངོས་མེད་ཡོངས་ཤེས་པས། ། བདག་ཉིད་ཆེན་པོ་རྣམ་པར་གྲོལ། ། ཞེས་པས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་ཡོད་པར་འཛིན་པའི་ཡོད་ལྟ་དང་།ལས་རྒྱུ་འབྲས་ལ་སོགས་པ་མི་རུང་བར་མཐོང་བའི་མེད་ལྟ་གཉིས་མ་སྤངས་ན་གྲོལ་བའི་སྐབས་མེད་པ་དང། དེ་ལས་ལྡོག་སྟེ་དངོས་པོ་དངོས་མེད་ཀྱི་དེ་ཉིད་མཐའ་གཉིས་དང་བྲལ་བ་ཤེས་པས་གྲོལ་བར་འགྱུར་ལ⑩ཞེས་པ་ལྟར་རོ། །
   མདོ་སྔགས་ཉམས་ལེན་གདན་གོས་སོ་སོར་མེད། །ཕན་ཚུན་སྤོང་བའི་རྭ་དང་མཆེ་བ་མེད། ། བཤད་སྲོལ་མཐའ་དག་འདྲེས་པའི་ཁྲུས་རྫིང་མེད། ། འབྲོག་རིའི་དགེ་སྦྱོང་དེ་ལ་ཕྱག་འཚལ་ལོ། །11ཞེས་པ་དང་།ཁ་ཅིག་འདུལ་བ་གཙོར་བྱས་གསང་སྔགས་སྤོང་། །གཞན་དག་སྔགས་ལ་མོས་བློས་འདུལ་བ་འགོག ། རྒྱལ་བའི་བསྟན་པ་མཐའ་དག་འགལ་མེད་དུ། ། རྫོགས་པར་ཉམས་སུ་ལེན་མཁས་ཁྱོད་ལ་འདུད། ། མཚན་ཉིད་མཆོག་བཟུང་གསང་སྔགས་བཟའ་ཆོས་དང་། ། སྔགས་ཀྱིས་ཁེངས་ནས་མཚན་ཉིད་ཁ་བཤད་ཙམ། ། མདོ་སྔགས་མཐའ་དག་མ་ཚང་རྫོགས་བྱང་དུ། ། འགྲོ་ཐབས་མེད་པར་གཟིགས་པ་ཁྱོད་ལ་འདུད། །12ཅེས་པ་བཞིན་རྗེ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་ལམ་ཐབས་ཤེས་ཟུང་འཇུག་གི་ལམ་ནས་སངས་རྒྱས་བསྟན་པ་དག་ཐེར་བྱས་པ་རེད། བོད་དུ་བསྟན་པ་ཕྱི་དར་གྱི་རྗེས་ནས་བཟུང་སྦྱོར་སྒྲོལ་ལ་སོགས་པའི་གསང་སྔགས་མདོ་དང་ཁ་བྲལ་བ་དང་། ཡང་ན་འདུལ་བ་དང་མི་མཐུན་པའི་ཆོས་ཆོས་མ་ཡིན་པའི་བྱ་སྤྱོད་དང་ལྟ་བ་གང་མང་ཞིག་བྱུང་བ་ཇོ་བོ་རྗེ་ཨ་ཏི་ཤས་ལམ་ཡང་དག་པར་བསྒྱུར་སོང་མོད། དུས་ཕྱིས་ཀྱང་ལྟ་བ་དེ་འདྲ་འབུས་ཡོང་བས་རྗེ་ཙོང་ཁ་པའི་གསང་སྔགས་དང་འདུལ་བ་ཟུང་འཇུག མདོ་དང་གསང་སྔགས་ཟུང་འཇུག་གི་ལམ་རྒྱ་ཆེར་སྤེལ་བ་རེད། བོད་དུ་ནང་པ་སངས་རྒྱས་པའི་གྲུབ་མཐའ་འཛིན་པའི་སྒྲུབ་བརྒྱུད་མི་འདྲ་བའི་བར་ནས་ཀྱང་ལ་ལས་འདུལ་བ་གཙོར་བྱེད་ལ། ལ་ལས་མདོ་ཕྱོགས་གཙོར་བྱེད། ལ་ལས་གསང་སྔགས་སོགས་བྱུང་བ་ནི་མ་འོས་པ་ནི་གསང་བ་འདུས་པའི་རྒྱུད་ལས། ཕྱི་རུ་ཉན་ཐོས་སྤྱོད་སྐྱོང་ཞིང་། ནང་དུ་འདུས་པ་ལ་རབ་དགའ། ། ཞེས་པ་ལྟར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས། ཚན་གཅིག་གི་འདུལ་བ་ལ་བརྟེན་ནས་སྔགས་ཅ་འབྱིད། སྔགས་ལ་བརྟེན་ནས་འདུལ་བ་ཅ་འབྱིད་དེ། འདུལ་བ་སྔགས་ཀྱི་གྲོགས། སྔགས་འདུལ་བའི་གྲོགས་སུ་སོང་བ་ངའི་བླ་མའི་བཀའ་རྒྱུད་མིན་པ་མེད་ཅེས་པ་དང་། མི་སྨྱོན་པ་ལ་ལ་འདི་སྐད་ཟེར། ཆོས་ཐམས་ཅད་སྟོན་པའི་གནས་ལུགས་ཡིན། ། དོན་དེ་ལ་ལས་དང་འབྲས་བུ་མེད། ། ང་ཁ་སྒོར་གང་བྱུང་རྟོགས་མེ་ཟ། ། ཁོང་རྟོགས་བཅས་ནས་རྣམས་ནི་ཕུང་ཞེས། ། མི་ཁོ་བོ་དེ་ལས་ལྡོག་སྟེ་སྨྲ། ། ཞེས་པ་དང་། ཆོས་ཐམས་ཅད་རྫུན་པའི་སྣང་བ་ཡང་། ། གཟུགས་མེད་ན་གཟུགས་བརྙན་ག་ལས་འབྱུང་། ། དེ་རྒྱུ་སོང་རྫུན་ཡང་འབྲས་འབྱུང་བས། ། ལས་ཁྱད་དུ་མི་གསོད་ཉམས་ལེན་པའི། །ང་ལྟ་བ་བརྒྱུད་པའི་བཀའ་གདམས་ཡིན། །13ཞེས་པ་སོགས་ཀྱི་རྐྱེན་གྱིས་སྟག་ལོ་ཆེན་པོ་དང་རྡོ་སྦིས་དགེ་བཤེས་ཀྱིས་རྗེ་ཙོང་ཁ་པ་ཆེན་པོར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་རོ། །
   བྱང་ཕྱོགས་འདི་ན་ཚིག་ཙམ་བྱང་བའང་དཀོན། །དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན། ། བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ། ། འདི་གསུམ་མཐར་ཕྱིན་ཁྱོད་ལ་སྙིང་ནས་འདུད། ། ཅེས་དང་། རང་ཤར་རང་གྲོལ་རྫིག་པོའི་རྟོགས་པ་མེད། ། དུས་གསུམ་གཟིགས་པའི་ཉམས་དང་ལུང་བསྟན་མེད། ། ཕ་རོལ་གསོད་པའི་མཐུ་དང་ནུས་པ་མེད། ། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ། ། རང་བཟོའི་བརྡ་ཆད་སྤེལ་བའི་གཞུང་འགྲེལ་མེད། ། འགལ་འདུའི་སྟོང་གསོབ་ཚིག་བཀྲའི་ལྦུ་བ་མེད། ། མ་རེག་ཐུག་པའི་རྒྱུས་གཏམ་ཁ་ཕོ་མེད། ། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ། ། དང་། རང་ཉམས་ཁུངས་མེད་འདོམས་པའི་སྤོབས་པ་མེད། ། རྒྱལ་བའི་བཀའ་ལས་འགོངས་པའི་སྙིང་སྟོབས་མེད། ། ས་རྡོ་རྨི་ལམ་ལུང་གི་ཆོས་གཏེར་མེད། ། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ། །མ་སྦྱངས་མཁས་པའི་རང་བྱུང་འབྲས་བུ་མེད། ། མ་བསྒོམས་གྲོལ་བའི་རྟོགས་པ་ཀློང་རྡོལ་མེད། ། མ་བཤིག་ཞིག་པའི་སྒྲིབ་པ་རང་ལོག་མེད། ། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ། ། དང་། མདོ་རྒྱུད་ཆུ་གཏེར་ཆེ་ལ་འཇིགས་པ་མིན། ། ཡང་དག་ཐབས་ཀྱི་སྣ་ཞགས་ཐུང་བ་མིན། ། སྐྱེས་སྦྱངས་ཤེས་རབ་སོ་སྣོན་བྲུལ་བ་མིན། ། འབྲོག་རིའི་གླང་བོ་དེ་ལ་བདག་ཕྱག་འཚལ། ། སོགས་སྟོན་པའི་གསུངས་པའི་ཚིག་དང་། དོན། བསྟན་དོན་ཉམས་སུ་ལེན་པ་ནི་བྱང་གི་ཕྱོགས་ན་ཁྱེད་ཙོང་ཁ་པ་གཅིག་པུ་ལས་མེད་ལ། ཡོན་ཏན་མ་སྦྱངས་རང་ཤར་དང་ལམ་མ་སྒོམ་རང་ཤུགས་ཀྱིས་གྲོལ་བའི་རྟོགས་པ་དང་།རང་གིས་བཟོས་པའི་བརྡ་ཆད་ཀྱིས་རྒྱལ་བའི་གསུང་ལ་འགྲེལ་བ་བྱས་པའི་གཞུང་འགྲེལ་ཡང་མེད་པ་སོགས་ཀྱི་དགག་སྒྲའི་ལམ་ནས་རྗེ་ཙོང་ཁ་པའི་ལྟ་བ་དང་། སྤྱོད་པ། འཆད་རྩོད་རྩོམ་གསུམ་སོགས་ལ་བསྟོད་པ་བྱས་ཡོད། གཞན་ལུང་རིགས་གཉིས་ཀའི་སྒོ་ནས་བསྟན་པ་འཛིན་ཚུལ། བསྟན་པ་མཐའ་དག་འགལ་མེད་དུ་ཉམས་སུ་ལེན་པ། རྡོ་རྗེའི་ཐེག་པའི་ལམ་མཐའ་དག་གསལ་བར་མཛད་པ་སོགས་ཀྱི་ཕྱོགས་ནས་བསྔགས་བརྗོད་མཛད་ཡོད་མོད་འདིར་རེ་རེ་བཞིན་མ་བརྗོད་དོ། །
   རྗོད་བྱེད་ཚིག་གི་ངོས་ནས་བཤད་ན།
   བསྟོད་པ་འདི་གཉིས་ལས་སྟག་ཚང་ལོ་ཙཱ་པས་བསྟོད་པ་ལ་ཤོ་ལོ་ཀ་བཅུ་དྲུག་ཡོད་ལ། བློ་ཆེན་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ། ། བཟང་བོའི་སྨོན་ལམ་རླབས་ཆེན་གྲུབ་པའི་མཐུས། ། གྲགས་པའི་སྒྲ་ཆེན་ཐུབ་བསྟན་འགྲོ་བའི་དཔལ། ། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །14ཞེས་པ་ལྟ་བུ་རང་བཞིན་བརྗོད་པ་དང་། ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ། ། མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། ། བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། ། ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །15ཞེས་པ་ལྟ་བུ་གཟུགས་རྒྱན་སོགས་སྙན་ངག་གི་རྒྱན་མང་པོ་ཞིག་བཀོལ་ཡོད་ལ། ལྷག་པར་དུ་སྙན་ངག་གི་ཚིག་རྒྱན་འདི་དག་ནི་སྦྱར་བ་འོས་འཚམས་པར་མ་ཟད་ཚིག་དོན་གཉིས་ཀ་གོ་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན་ནོ། །
   རྡོ་སྦིས་དགེ་བཤེས་ཀྱིས་མཛད་པའི་རྗེའི་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུའི་ཁྱད་ཆོས་གཙོ་བོ་ཞིག་ནི་དགག་སྒྲའི་ཕྲད་མིན་དང་མེད་གཉིས་བཀོལ་ཏེ་ཡིན་པ་དང་ཡོད་པ་སྒྲུབ་པ་ནི་བསྟོད་པ་འདིའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་བསམ་མོ། ། དཔེར་ན། བདེ་སྐྱོང་སྣོད་དང་ཕུར་བའི་ཆེ་བ་མེད། །ཆང་དང་བུད་མེད་སྤྱོད་པའི་འཕྲུལ་མཛངས་མེད། ། སྐལ་ངན་རྨོངས་པ་སླུ་བའི་སྙིང་སྟོབས་མེད། ། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ། །16ཞེས་པ་ལྟ་བུ་དང་། གནག་རྫིས་ཕྱུགས་ངོ་བགྲང་བའི་འཆད་པ་མིན། ། དམུས་ལོང་གཟུགས་ལ་རྟོག་པའི་རྩོད་པ་མིན། ། བྱིས་པས་བྱེ་མ་སྤུངས་པའི་རྩོམ་པ་མིན། ། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ། །17ཞེས་པ་ལྟ་བུའོ། །འཇམ་དབྱངས་མཁྱེན་རབ་ཉི་མ་ཞུ་བའི་ངོགས། ། རྒྱལ་ཀུན་དགོངས་པའི་པདྨོ་རྣམ་རྒྱས་པ། ། ད་དུང་སྨྲ་མཁས་དབྱངས་ཅན་བྱེ་བས་བཟུང་། ། དགྱེས་འཛུམ་གསར་བའི་ཐིག་ཕྲེང་སྤྲོ་བར་མཛོད། །18ལྟ་བུ་དཔེ་རྒྱན་དང་།སྙིང་ནས་དྲན་པའི་གསོལ་འདེབས་གླིང་བུའི་གདངས། །དད་གུས་སོར་རྩེས་ལྡེམ་པོར་བསྒྱུར་བ་ནི། ། ངོ་མཚར་དཔག་ཡས་ཡིད་དགའ་ཆུ(ཆོས)འཛིན་ནས། ། ཡབ་གཅིག་འཇམ་དཔལ་སྙིང་བོས་གསན་དུ་གསོལ། །19ལྟ་བུ་ཤུགས་དྲག་པའི་ཚོར་འདུས་ཁྱབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ནོ། །
   མདོར་ན་བསྟོད་པ་འདི་གཉིས་ཀྱི་སྔ་མ་ནི་གྲུབ་མཐའ་གཞན་གྱི་མཁས་པས་མཛད་པའི་བསྟོད་པ་ཀུན་ལས་གྲགས་ཆེ་ཤོས་གཉིས་ཀྱི་གཅིག་ཡིན་ལ། ཕྱི་མ་ནི་བོད་ཀྱི་མཁས་པ་རྣམས་ཀྱི་རྗེའི་བསྟོད་པ་ལས་འཕྱི་ཤོས་གྲས་ཡིན། གང་ལྟར་བསྟོད་པ་འདི་གཉིས་ཀྱི་ནང་དུ་རྗེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྷག་པར་དུ་རྒྱལ་བའི་དགོངས་པ་ཇི་བཞིན་རྟོགས་པའི་སྐོར་ལ་དཔེ་མེད་པའི་བསྟོད་པ་བྱས་ཡོད་དོ། །
   དཔྱད་གཞིའི་ཡིག་ཆ།
[1] རིན་ཆེན་རྡོ་རྗེས་བསྒྲིགས། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[2] ཁུ་བྱུག་གིས་བརྩམས། བོད་ཀྱི་དབུ་མའི་ལྟ་བའི་འཆད་ཉན་དར་ཚུལ་བློ་གསལ་མིག་འབྱེད་ཅེས་བྱ་བ་བཞུགས་སོ། ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ལོའི་ཟླ༡༢པའི་པར་གཞི།
[3] ཁུ་བྱུག་གིས་བརྩམས། སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ༤པའི་པར་གཞི་དང་པོ།
[4] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། །(ཕ)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[5] ཁུ་བྱུག་གིས་བརྩམས། སངས་རྒྱས་ཆོས་ལུགས་དང་བོད་ཀྱི་རིག་གནས་ལས་འཕྲོས་པའི་གནད་དོན་སྐོར་གླེང་བ་བདེན་གཏམ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
①རིན་ཆེན་རྡོ་རྗེས་བསྒྲིགས། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༩༣དུ་གསལ།
②རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། རྗེའི་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ།
③ཁུ་བྱུག་གིས་བརྩམས། བོད་ཀྱི་དབུ་མའི་ལྟ་བའི་འཆད་ཉན་དར་ཚུལ་བློ་གསལ་མིག་འབྱེད་ཅེས་བྱ་བ་བཞུགས་སོ། ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ལོའི་ཟླ༡༢པའི་པར་གཞི། ཤོག་ངོས༢༡༤རུ་གསལ།
④ སྟག་ཚང་ལོ་ཙཱ་པ། རྗེ་ཙོང་ཁ་པར་འགྱོད་ཚངས་སུ་ཕུལ་བའི་བསྟོད་པ།
⑤ ཁུ་བྱུག་གིས་བརྩམས། སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ༤བའི་པར་གཞི་དང་པོ། ཤོག་ངོས༥རུ་གསལ།
⑥ཁུ་བྱུག་གིས་བརྩམས། སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ༤བའི་པར་གཞི་དང་པོ། ཤོག་ངོས༤རུ་གསལ།
⑦ རྟེན་འབྲེལ་བསྟོད་པ།
⑧རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། རྗེའི་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ།
⑨རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། ། (ཕ)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༢༨༨དུ་གསལ།
10. ཁུ་བྱུག་གིས་བརྩམས། སངས་རྒྱས་ཆོས་ལུགས་དང་བོད་ཀྱི་རིག་གནས་ལས་འཕྲོས་པའི་གནད་དོན་སྐོར་གླེང་བ་བདེན་གཏམ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས༡༡༣དུ་གསལ།
11. རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། རྗེའི་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ།
12. སྟག་ཚང་ལོ་ཙཱ་པ། རྗེ་ཙོང་ཁ་པར་འགྱོད་ཚངས་སུ་ཕུལ་བའི་བསྟོད་པ།
13. ཁུ་བྱུག་གིས་བརྩམས། སངས་རྒྱས་ཆོས་ལུགས་དང་བོད་ཀྱི་རིག་གནས་ལས་འཕྲོས་པའི་གནད་དོན་སྐོར་གླེང་བ་བདེན་གཏམ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས༩༤―༩༥རུ་གསལ།
14. སྟག་ཚང་ལོ་ཙཱ་པ། རྗེ་ཙོང་ཁ་པར་འགྱོད་ཚངས་སུ་ཕུལ་བའི་བསྟོད་པ།
15. སྟག་ཚང་ལོ་ཙཱ་པ། རྗེ་ཙོང་ཁ་པར་འགྱོད་ཚངས་སུ་ཕུལ་བའི་བསྟོད་པ།
16.རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། རྗེའི་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ།
17. རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། རྗེའི་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ།
18. རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། རྗེའི་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ།
19. རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། རྗེའི་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1