འཛམ་གླིང་ན་མིང་དུ་གྲགས་པའི་སློབ་གྲྭ་ཆེན་མོ། —— ཆའོ་ཀྲི • ཝ་ཧྲིང་ཐོན་སློབ་ཆེན།
ཐོས་ཡངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09
ཆའོ་ཀྲི•ཝ་ཧྲིང་ཐོན་སློབ་གྲྭ་ཆེན་མོ་ལ་དབྱིན་སྐད་དུ“The George Washington University”དང། བསྡུས་མིང་དུ“GWU”འམ “GW”ཟེར་ཞིང་། ཨ་རིའི་མིང་དུ་གྲགས་པའི་སྒེར་བཙུགས་སློབ་ཆེན་ཞིག་ཡིན། སློབ་གྲྭ་འདིི་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་ཆགས་ཡོད། དེ་ཡང་སྤྱི་ལོ1821ལོར་རྒྱལ་ཚོགས་ཀྱིས་ཁྲིམས་དོན་གྲོས་གཞི་བཏོན་ཏེ་རྒྱལ་ཁབ་ཀྱི་མེས་པོ་སྟེ་ཆའོ་ཀྲི•ཝ་ཧྲིང་ཐོན་མཆོག་ལ་རྗེས་དྲན་ཞུ་ཆེད་བཙུགས་པ་རེད། ཆའོ་ཀྲི•ཝ་ཧྲིང་ཐོན་སློབ་ཆེན་དེ་ལོ་ངོ200ཙམ་ལོན་པའིི་ལོ་རྒྱུས་ཀྱི་ཆར་རླུང་བརྒྱུད་རྗེས། ད་ལྟ་གཞི་རྒྱ་ཆེ་ཞིང་སྙན་གྲགས་འབར་བའི་སྣ་འཛོམས་ཞིབ་འཇུག་སློབ་གྲྭ་ཆེན་མོ་ཞིག་ཏུ་འཕེལ་ཡོད། སློབ་གྲྭར་སློབ་ཁུལ་ཆེན་པོ་གསུམ་གྱིས་གྲུབ་ཡོད་དེ། ཝ་ཧྲིང་ཐོན་ཁྱད་ཁུལ་ཝུའུ་ཀུའུ་དང་། ཧྥོ་ནོང་ཧྲན། ཧྥོ་ཅི་ཉི་ཡ་བཅས་སོ།།
སློབ་གྲྭ་འདི་དབུ་བརྙེས་ཚུན་ནས་ཨ་རིའི་ཕོ་བྲང་དཀར་པོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སོགས་ཀྱི་སྲིད་གཞུང་ལས་ཁུངས། ད་དུང་མཉམ་འབྲེལ་རྒྱལ་ཚོགས། འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོར་མ་རྩའི་ཚོགས་པ་སོགས་རྒྱལ་སྤྱིའི་གནད་ཆེའི་རྩ་འཛུགས་སོགས་སུ་ཁོངས་མི་གསར་བ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད་པས། ཨ་རི་པས“ཆབ་སྲིད་པའི་འབྱུང་ཁུངས”ཞེས་ཀྱང་འབོད།
མི་ལོ200རིང་ལ། སློབ་གྲྭ་འདི་ནས་ཨ་རིའི་ལོ་རྒྱུས་ལ་ཤུགས་རྐྱེན་ཐེབས་མྱོང་བའི་མི་སྣ་མང་པོ་ཐོན་མྱོང་། ཁོང་ཚོ་ཨ་རིའི་སྲིད་ཀྱི་སྡེ་དང་དམག་གི་སྡེ། རིག་གཞུང་གི་སྡེ། ཚོང་དོན་གྱི་སྡེ། གསར་འགྱུར་གྱི་སྡེ། ལུས་རྩལ་ལས་རིགས་སོགས་ལས་རིགས་མང་པོའི་ཁོངས་སུ་ཁྱབ་འདུག། དེ་དག་ལས་དཔེར་ན་མིང་དུ་གྲགས་པའི་ཨ་རིའི་ཙུང་ཐུང་ཁིན་ཉི་ཏེས། ཏུའུ་ལུའུ་མེན། ལའོ་སི་ཧྥུ། ཀུ་ལུའུ་ཅི་ཡའི་ད་ལྟའི་ལས་ཐོག་ཙུང་ཐུང་། མོ་རོ་ཁོ་རྒྱལ་པོ། ད་དུང་ལྷོ་ཁོ་རེ་ཡའི་དེ་སྔའི་ཙུང་ཐུང་ལིས་ཁྲིན་ཝན་དང་ལིས་མེན་པའོ་བཅས་སྲིད་དོན་ལས་རིགས་ཀྱི་མགོ་ཁྲིད་དང་། གཞན་ཡང་ཚོང་དོན་ལས་རིགས་ཀྱི་མགོ་ཁྲིད་ཀྱང་དཔེར་ན། སན་ཞིན་ཚོགས་ཁག་གིི་ཚོགས་གཙོ་ལིས་ཅན་ཞིས། པ་ལི་ཨོ་ལེ་ཡ་སྤྱི་གཉེར་ཨེ་ཏི་མཱེར•འེ་བོ་ཏི་སོགས་ལྟ་བུའོ།། སློབ་གྲྭ་འདི་ནི་རིག་གཞུང་ཞིབ་འཇུག་གི་ཕྱོགས་ནས་ཀྱང་ཆུ་ཚད་ངེས་ཅན་ལ་སླེབས་ཡོད་དེ། ནོར་པེར་བྱ་དགའ་ཐོབ་མཁན་དབང་རྩའི་ཚན་རིག་པ་ཀྲུའུ་ལིས་ཡེ་སི•ཨ་ཁེ་སེར་ལོ་ཏེ་ལགས་ནི་འདི་ནས་སློབ་མཐར་ཕྱིན་པ་ཡིན་ཞིང་། འཛམ་གླིང་རྩིས་འཁོར་རིག་པ་བ་ཀྲང་ཡཱ་ཆིང་ལགས་ལའང་འདི་ནས་གློག་ཤུགས་བཟོ་བཀོད་རིག་པའི་འབུམ་རམས་པའི་སློབ་ཐོན་ལག་ཁྱེར་ཐོབ་པ་ཡིན་ནོ།།
མི་རྣམས་ཀྱིས་ཆའོ་ཀྲི•ཝ་ཧྲིང་ཐོན་སློབ་ཆེན་ལ“ཆེས་དགའ་བསུ་ཐོབ་པའི་ཆབ་སྲིད་སློབ་ཆེན”ཞེས་འབོད་ལ། འཛམ་གླིང་དངུལ་ཁང་དང་ཕོ་བྲང་དཀར་པོ་གཉིས་དང་ཉེ་ཞིང་སྲང་ལམ་གཅིག་ཏུ་ཆགས་པའི་སློབ་གྲྭ་འདི་ནི་ཆབ་སྲིད་རིག་པའི་ཆེད་ལས་སློབ་མའི་རེ་འདུན་དང་སྙེག་ས་ཡིན། དེ་ལས་ཐོན་པའི་སློབ་དཔོན་རྣམས་ཀྱིས་རྟག་པར་སྲིད་གཞུང་ལ་ཐབས་འདོན་ཇུས་འགོད་བྱེད་བཞིན་ཡོད་པ་དང་། སློབ་ཁང་སློབ་ཁྲིད་ལ་དངོས་མྱོང་གིི་ནང་དོན་ལྡན། སློབ་གྲྭས་སློབ་མ་རྣམས་སྲིད་གཞུང་ལས་ཁུངས་དང་ཇུས་འདོན་ཚོགས་པ། བློ་འདྲིའི་སྡེ་ཁག་ཏུ་དངོས་སྦྱོང་དུ་མངགས་པ་རེད། སློབ་གྲྭས་སྣེ་ལེན་བྱས་པའིི་མིང་གྲགས་མི་སྣ་བགྲང་ལས་འདས། འདི་དག་ལ་བརྟེན་ནས་མཐོ་རིམ་རྩ་འཛུགས་བར་འབྲེལ་ཐག་དམ་དུ་བཅིངས་ཡོད་པ་མ་ཟད། འཛམ་གླིང་དུ་ཆེས་ཆེ་བའི་སློབ་གྲོགས་དྲ་བའི་གྲས་ཀྱི་གཅིག་ཀྱང་ཡིན། དེས་མཐར་ཕྱིན་སློབ་མས་ཕོགས་མཐོོའི་ལས་གནས་རེག་པར་ཡང་ཆ་རྐྱེན་བསྐྲུན་ཡོད། ལོ་རེར་མཐོ་རིམ་གདན་ཞུའི་གྲོས་ཚོགས་སློབ་གྲྭ་འདི་ན་འཚོགས་བཞིན་ཡོད། གླེང་རིན་ཡོད་པ་ཞིག་ནི། ཆའོ་ཀྲི•ཝ་ཧྲིང་ཐོན་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དག་སྲིད་གཞུང་བྱ་བར་ཞུགས་པ་དེ་ནི་རྒྱུན་ལྡན་གྱི་གདམ་ཀ་ཞིག་ཏུ་གྱུར་ཡོད་པ་རེད།
ཆའོ་ཀྲི•ཝ་ཧྲིང་ཐོན་སློབ་ཆེན་ལ་ཨ་རི་པས་ཆབ་སྲིད་པའི་འབྱུང་གནས་སུ་འབོད་པའང་དོན་གྱིས་གྲུབ་སྟེ། སློབ་གྲྭ་འདི་དབུ་བརྙེས་པ་ནས་བཟུང་སློབ་ཆེན་དང་ཨ་རི་སྲིད་གཞུང་གི་འབྲེལ་བ་ཟབ་ཅིང་། སློབ་གྲྭ་འདིའི“བློ་གཏད་ཆོག་པའི་རང་བཞིན་དང་ཉེན་ཁ་དབྱེ་ཞིབ་ཞིབ་འཇུག་ཁང”དང་།“སྲིད་གཞུང་དང་ཚོང་ལས་དོ་དམ་སློབ་གླིང”གཉིས་ཀྱིས་ཕོ་བྲང་དཀར་པོའམ་སྐུ་འཁོར་དཔོན་རིགས་ལས་ཁུངས་ལ་རྒྱུན་ཆད་མེད་པར་མི་སྣ་གསར་བ་སྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད། ཐ་ན་རྒྱལ་ཁབ་ལ་ལའི“བླ་རྩ”དག་ཀྱང་སློབ་གྲྭ་འདིར་ཞུགས་ཡོད་པ་རེད། དཔེར་ན། གསང་འཕྲིན་བདེན་རྫུན་ཐག་གཅོད་ལས་ཁུངས་ཤིག་གི་མིང་ལ“ཆའོ་ཀྲི•ཝ་ཧྲིང་ཐོན་སློབ་ཆེན་རྒྱལ་ཁབ་བདེ་འཇགས་ཡིག་ཚགས་དབྱེ་ཞིབ་ཁང”ཟེར་ཞིང་། ད་དུང་མིང་དུ་གྲགས་པའི“ཆའོ་ཀྲི•ཝ་ཧྲིང་ཐོན་སློབ་ཆེན་བར་སྟོང་སྲིད་ཇུས་ཞིབ་འཇུག་ཁང”ལྟ་བུ་ནི་དོན་དངོས་སུ་ལིས་ཀིན་དུས་རབས་ཀྱི“སྐར་མའི་གོ་ལའི་འཁྲུག་ཆེན”འཆར་གཞི་དེ་ལྐོག་ནས་ཇུས་འགོོད་བྱེད་མཁན་ཡིན་པ་རེད། ད་ལྟ་ཆའོ་ཀྲི་ཝ་ཧྲིང་ཐོན་སློབ་ཆེན་ནི་ལྷག་ཏུ་ཡང་ཨ་རི་ཡོངས་ནས“Fortune Global Forum(འཛམ་གླིང་རྒྱུ་འབྱོར་བགྲོ་གླེང་གྲོས་ཚོགས)”གྲོས་ཚོགས་སུ་ཞུགས་པའི་སློབ་གསོའི་སྡེ་ཁག་འབའ་ཞིག་གོ། དེར་བརྟེན་སློབ་གྲྭའི་ཁོར་ཡུག་ཏུ་རྒྱུན་དུ་སྲིད་གཞུང་དཔོན་རིགས་རྣམས་མཐོང་ཐུབ། སློབ་གྲྭའི་དགེ་སློབ་རྣམས་ཀྱང་མིང་གྲགས་ཀྱིས་གསུང་བཤད་གནང་བ་དང་ལས་རིགས་སོ་སོའི་མི་སྣ་རྩེ་ཕུད་ལ་མཇལ་འཕྲད་དང་བསམ་བློ་བརྗེ་རེས་བྱེད་ཐུབ་པ་རྒྱུན་ལྡན་དུ་གྱུར་ཡོད། སློབ་གྲྭས་རྒྱུན་མི་ཆད་པར་རྒྱལ་ཁབ་མང་པོའི་ཙུང་ཐུང་དང་ནོར་སྲིད་དཔོན་རིགས། དེང་རབས་གྲགས་ཅན་གྱི་རྩོམ་པ་པོ་དང་། གླུ་བ། ཡང་ན་རིག་གཞུང་ཞིབ་འཇུག་པ་སོགས་སྣེ་ལེན་བྱེད་བཞིན་ཡོད། སློབ་མས་བསླབ་ཕྱིའི་དུས་ཚོད་ནང་མིང་གྲགས་ཅན་དེ་དག་གིས་སྤེལ་བའིི་གསུང་བཤད་ལ་ཉན་ཆོག་པའམ་ཡང་ན་ཁོང་ཚོ་དང་ལྷན་དུ་ཁ་བརྡའི་ནང་ཞུགས་ཆོག་པ་རེད། སློབ་གྲྭ་འདིའི་ཆབ་སྲིད་ཁྱབ་ཁོངས་ན་ཡོད་པའི་གྲགས་ཅན་སློབ་གྲོགས་ནི་དེ་བས་ཀྱང་བགྲང་གིས་མི་ལང་ངོ་།། སློབ་ཆེན་འདི་རིགས་མི་འདྲ་བའི་མཐོ་རིམ་ཆབ་སྲིད་རྩ་འཛུགས་སུ་ཞུགས་ཤིང། གཞི་རྒྱ་ཆེ་བའི་སྲིད་དོན་ལས་རིགས་ཀྱི་བྱ་འགུལ་མང་པོ་བསྒྲུབས་མྱོང་སྟེ། དཔེར་ན། རྒྱལ་སྤྱིའི་དངུལ་ལོར་མ་རྐང་ཚོགས་པའི་ལོ་ཚོགས་ལྟ་བུ་སོགས་སོ།། གཞན་ད་དུང་འཛམ་གླིང་དངུལ་ཁང་དང་མཉམ་འབྲེལ་བྱས་ཏེ་བསླབ་ཚན་ཞིག་ཀྱང་བཙུགས་ཡོད། དེ་ནི་འཛམ་གླིང་དངུལ་ཁང་གི་མཐོ་རིམ་དངུལ་ཁང་གི་མགོ་གཙོའམ་དབུ་བཞུགས་དཔལ་འབྱོར་རིག་པ་བ་སྐུ་ཞབསBasuདང་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་མཉམ་དུ་སློབ་ཁྲིད་བྱེད་བཞིན་ཡོད། སློབ་མ་རྣམས་ལས་གནས་དང་པོ་ན་ཡོད་པའི་འཛམ་གླིང་རྩེ་གྲས་དཔལ་འབྱོར་རིག་པ་བ་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ལྡན་པས། དགའ་བསུ་ཆེན་པོ་ཐོབ། ལྷག་པར་ཡང་ཨ་རི་རྒྱལ་ཕྲན་མཉམ་འབྲེལ་དངུལ་ཁང་གི་ཀྲུའུ་ཞི་པའེ་ནན་ཁེ་ལགས་ཀྱིས་ཆའོ་ཀྲི•ཝ་ཧྲིང་ཐོན་སློབ་ཆེན་དུ་འཆད་ཁྲིད་བྱས་པས། སློབ་གཉེར་པ་དག་ལ་ཆེས་མདུན་གྲས་ཀྱི་དཔལ་འབྱོར་གནས་ཚུལ་དང་ལྟ་བ་རྒྱུས་ལོན་བྱེད་པའི་སྒོ་མོ་ཆེས་ཆེར་ཕྱེ་ཡོད་དོ།།