ཐོན་མི་སམབྷོཊ་ནི་སློབ་གསོ་མཁས་ཅན་ཞིག་ཡིན།

བོད་ལྗོངས་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ། སྤེན་རྒོད། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09


   [གནད་བཏུས] རྩོམ་ཡིག་འདིའི་ནང་དུ་གཙོ་བོ་བོད་ཀྱི་མཁས་དབང་དང་ཞིབ་འཇུག་པ་མང་པོས་དོ་སྣང་དེ་ཙམ་བྱུང་མེད་པ་ཞིག་ནི། སློབ་དཔོན་ཐོན་མིས་སུམ་ཅུ་པའི་གཞུང་དུ་བསླབ་ཚུལ་གྱི་གོ་རིམ་ལ་འདོམས་པའི་སྐབས་ཀྱི་བརྗོད་དོན་དེ་ཉིད་ལས་ཐོན་མི་མཆོག་ནི་སློབ་གསོ་མཁས་ཅན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།
   [གནད་ཚིག] སུམ་རྟགས། ཐོན་མི་སམབྷོཊ། སློབ་གསོ་མཁས་ཅན།
   སློབ་དཔོན་ཐོན་མི་ནི་བོད་གངས་ཅན་ལྗོངས་སུ་རྒྱ་གར་ཤེས་རིག་གི་ཆུ་བོ་ཐོག་མར་འདྲེན་མཁན་དང་།བོད་རིགས་ཕྱི་སྡོད་སློབ་མ་ཐོག་མ་དེ་ཡིན་པ། བོད་རང་གི་སྐད་དང་ཡོངས་སུ་མཐུན་པའི་ཡི་གེ་གསར་བཅོས་མཛད་མཁན་ཞིག་ཡིན་པ་སྐྱེ་བོ་ཚང་མས་མགྲིན་གཅིག་ཏུ་བཞེད་རུང་། ཁོང་གིས་སློབ་གསོའི་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་དེར་དཔྱད་འཇོག་བྱེད་མཁན་ཉུང་བས་ད་རེས་ཕྲན་རང་ཉིད་ཀྱི་རྩོམ་འདི་ནི་དགེ་བའི་བཤེས་གཉེན་དམ་པའི་བཀའ་སློབ་སྙིང་ཁོངས་སུ་བཅངས་ཏེ་དེར་གསལ་ཁ་ཙམ་ཞིག་བཏོན་པ་ལགས་སོ།།
   དང་པོ། སློབ་དཔོན་ཐོན་མི་སམབྷོཊ།
   སློབ་དཔོན་ཆེན་མོ་ཐོན་མི་སམབྷོཊ་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ཀྱི་བློན་པོ་ཡིན་པ་དང་། བོད་ཀྱི་མཛངས་མི་བདུན་གྱི་བཞི་བ་ཡིན། མཛངས་པའི་ལས་སུ་ཡུལ་བགྲོད་པར་དཀའ་བའི་རྒྱ་གར་དུ་ཕེབས་ནས་སློབ་དཔོན་བྲམ་ཟེ་ལི་བྱིན་དང་ལྷ་རིག་པའི་སེང་གེ་གཉིས་བསྟེན་ཏེ་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས་ཏེ་བོད་དུ་ལོག་ནས་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་འདི་གསར་དུ་བཏོད་པ་སོགས་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་ཁག་ཏུ་བཞེད་པ་གཅིག་མཚུངས་ཡིན་ནའང་འདིར་རང་ཉིད་ཀྱིས་གསལ་ཁའི་ཚུལ་དུ་གླེང་བ་ནི། ཐོན་མིའི་འཁྲུངས་ཡུལ་ཐད་བོད་ཀྱི་ལོ་རྒྱུས་སུ་བཞེད་པ་མི་མཐུན་པ་མང་དུ་བྱུང་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ“ཐོན་གྱི་ལུག་ར་ཁ་ནས་ཐོན་མི་ཨ་ནུ་ར་ཀ་ཏའི་བུ་ཐོན་མི་སམབྷོཊ་བྱ་བའི་མི་ཆུང་བློ་གསལ་བ་ཞིག་ལ་གསེར་ཕྱེ་བྲེ་གང་བསྐུར་ཏེ་བཏང་སྐད”①ཅེས་པར་དཔགས་ན་སློབ་དཔོན་ཐོན་མིའི་འཁྲུངས་ཡུལ་ཐོན་གྱི་ལུག་ར་ཁ་ནས་ཡིན། པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་མཁས་པ་འགའ་ཞིག་གིས་ཀྱང་ཐོན་མི་སམབྷོཊའི་འཁྲུངས་ཡུལ་ནི་དེང་སང་གི་སྙེ་མོ་ཐོན་ཡིན་པ་དང་། ས་གནས་དེར་ཐོན་ལུག་ར་ཁ་བྱ་བའི་གྲོང་དང་དེའི་ས་ཞིང་ཡང་ངོས་འཛིན་རྒྱུ་ཡོད་ལ། ལྷག་པར་དུ་སྙེ་མོ་ཐོན་ལུག་རའི་རྒྱུད་ཀྱི་མང་ཚོགས་ཁྲོད་ཐོན་མི་དེར་བྱུང་བའི་ལོ་རྒྱུས་ཀྱི་སྒྲུང་ཡང་བཤད་སྲོལ་ཡོད། ཐོན་པ་ནི་ཐོན་མིའི་མི་རྒྱུད་ཡིན་ཞེས་གསུངས་པ་ལྟར་ན་བཀའ་ཤག་ཐོག་མར་ཚུགས་སྐབས་ཀྱི་བཀའ་བློན་བཞིའི་གྲས་ཐོན་པ་སྲིད་གཅོད་ཚེ་བརྟན་དང་། འབྲས་སྤུངས་དགོན་གྱི་ཁྲི་ཐོག་དགུ་བ། སྙེ་མོའི་ཆོས་སྡེ་རྒྱལ་བྱེད་ཚལ་ཕྱག་འདེབས་མཁན་ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་ཀྱང་ཐོན་མིའི་མི་རྒྱུད་དུ་བཞེད་དོ།།
   གཞན་ཡང་བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་དུ“དེ་ཡང་འདིར་བརྡ་གསར་རྙིང་གི་ཐ་སྙད་བཤད་པ་ལ། ཐུ་མི་ས་འབོ་ར(ལྷོ་གཉལ་གྱི་ཐུ་མི་སྣང་གྲགས་ཀྱི་བུ་ཨ་ནུ་སྟེ། སམབྷོཊ་དང་། སམ་བྷ་དྲ་སོགས་རྒྱ་སྐད་དུ་བཞེད་པ་བྱུང་ཡང་། འདི་ནི་གཉལ་ན་ཡོད་པའི་ས་འབུར་པོ་ཞིག་འདུག་པས། ས་འབོ་ར་ཡིན་པ་འདྲ། གང་ནའང་བོད་སྐད་དུ་སྣང་།)”②ཞེས་འཁོད་པས་ཐོན་མིའམ། ཐུ་མིའི་འཁྲུངས་ཡུལ་ནི་ལྷོ་ཁ་གཉལ་ཡིན་པ་དང་། དེང་སང་ལྷུན་རྩེ་རྫོང་ཁོངས་ཡིན་ཞིང་།
ཁོང་གི་ཡབ་ཀྱི་མཚན་དུ་ཨ་ནུ་ཞུ་བ་དང་། བཞུགས་གནས་སུ་ས་འབུར་པོ་ཡོད་པ་ལ་བརྟེན་ནས་ས་འབོ་ར་བྱ་བ་སྟེ་སམབྷོཊའམ། སམ་བྷ་དྲ་ཞེས་པ་རྒྱ་སྐད་དུ་མཁས་པས་གསུངས། དེ་ནི་སྐྱོགས་སྟོན་རང་གིས་ཐོན་མིའི་འཁྲུངས་ཡུལ་གྱི་ས་བབ་ལ་སྡོམ་ཚིག་བཞག་པ་ཞིག་ཡིན་ནོ།།
   གཞན་ཡང་དེབ་འགའ་ཞིག་ཏུ“ལྷོ་གཉལ་བ་སྣང་གྲགས་ཀྱི་ཆུང་མ་གནུབས་བཟའ་ལ་མངལ་སྦྲུམ་ཏེ་ཟླ་ངོ་དགུ་དང་ཞག་མ་བཅུ་ལ་སོན་འདུག”③ ཅེས་སློབ་དཔོན་ཐོན་མིའི་ཡབ་ཀྱི་མཚན་ལ་ཨ་ནུ་དང་ཡུམ་ནི་གནུབས་བཟའ་སྟེ། རུས་རྒྱུད་བོད་ཀྱི་རུས་ཆེན་གནུབས་ཡིན་ཏེ། དེང་དུས་གཙང་རིན་སྤུངས་ཀྱི་རྒྱུད་རྣམས་ཡིན་པ་དང་། རྒྱལ་ཕྲན་དང་ས་མིང་། རུས་མིང་ཚང་མ་གཅིག་ཏུ་གྱུར། ཡབ་ཡུམ་གཉིས་ལ་ས་ཡོས་ཏེ་སྤྱི་ལོ༦༡༩ལོའི་དབྱར་ཁའི་མཚན་མོ་ཞིག་ལ་སྦྲང་ཆར་ཟིམ་ཟིམ་དུ་བབས་ཤིང་། ཕྱི་ཉིན་ཡུལ་ཁམས་ཐམས་ཅད་ལ་མཛེས་སྡུག་གསར་བ་ཞིག་ཁྱབ་འདུག་པའི་སྐབས་དེར་ཡུམ་གྱི་སྐུ་ལུས་ལ་གནོད་པ་ཅི་ཡང་མེད་པར་ཁྱེའུ་ངོ་མཚར་བ་ཞིག་སྐུ་བལྟམས་པར་གྱུར་ཏོ།། དེས་ན་སློབ་དཔོན་ཐོན་མིའི་འཁྲུངས་ཡུལ་ཐད་ལྷོ་ཁ་གཉན་དུ་ཡིན་པ་དང་སྙེ་མོ་ཡིན་པའི་འདོད་ཚུལ་ལས། ཁོ་བོ་ནི་ལྷོ་ཁ་གཉན་དུ་ཡིན་པར་འདོད་ཅིང་། གང་ཡིན་ཞེ་ན་སློབ་དཔོན་ཐོན་མིའི་ཡབ་ཀྱི་མཚན་ལ་ཨ་ནུ་ཞེས་འབོད་པ་ནི་རྒྱ་གར་གྱི་སྐད་ཡིན་ཏེ། ཕྲ་བ་དང་ཆུང་བའི་དོན་ཡིན་ཏེ། སློབ་དཔོན་གྱི་ཡབ་ཀྱི་སྐུ་གཟུགས་ཆུང་ངུ་ཡིན་པ་མངོན་ལ། ལྷག་པར་གཉན་ནི་སྙེ་མོ་དང་བསྡུར་ན་རྒྱ་གར་དང་ལམ་ཐག་ཉེ་བས་ཡུལ་དེའི་ནང་དུ་རྒྱ་གར་གྱི་སྐད་དར་ཁྱབ་བྱུང་བ་ནི། རྒྱལ་ཁབ་ཕན་ཚུན་དབར་ཚོང་དོན་སོགས་ཀྱི་འབྲེལ་འདྲིས་ཡོད་པ་ཡང་གཙོ་བོ་ལམ་ཐག་ཉེ་བས་ཡིན། དེའི་ཕྱིར་དེ་ལྟ་བུའི་སྐད་ད་ལྟའི་དུས་སུ་ཡང་གཉན་གྱིས་གཙོས་པའི་ལྷོ་ཁའི་ཡུལ་སྐད་དུ་གྲགས་ཤིང་། ཁྱི་ཆུང་ངུ་ལ་ཁྱི་འདི་ཨ་ནུ་ཞིག་འདུག་ཅེས་སྤྱོད་སྲོལ་ཡོད་པའི་ཕྱིར་དང་། གཉིས་ནས་མ་གཞི་སྲོང་བཙན་འདི་ཉིད་རྒྱ་ཡུལ་དུ་འཁྲུངས་ཀྱང་། སྐབས་དེ་དུས་གཙོ་བོའི་ཕ་མེས་ཀྱི་བཞུགས་གནས་ལྷོ་ཁ་ཡིན་པས་ལྷོ་ཁའི་ཁུལ་དུ་འགྲོ་འོང་བྱེད་པ་མང་། སྙེ་མོའི་ཁུལ་དུ་ཕེབས་པ་ཅུང་ཉུང་། འོན་ཀྱང་ཕྱི་མར་འདོད་པ་རྣམས་ཀྱིས་ཐོན་མི་ཞེས་པའི་མཚན་ལ་ལྟོས་ཏེ། ཐོན་ཞེས་པ་ནི་སྙེ་མོའི་ཁུལ་དུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཐོན་མི་སྙེ་མོ་ནས་ཡིན་པར་འདོད་ཅིང་། མཚན་གྱི་འབྲི་སྲོལ་ཡང་ཐུ་མི་ཞེས་པ་སྣང་བས་སྙེ་མོའི་ཁུལ་དུ་ཐུ་ཞེས་པའི་ཡུལ་ལུང་མེད་པས་འགྲིག་དཀའ།
   ཐོན་མི་རྒྱ་གར་དུ་ཕེབས་པའི་དུས་ཚོད་ནི་སྲོང་བཙན་དགུང་ལོ་བཅུ་བདུན་དང་ཐོན་མི་དགུང་ལོ་བཅོ་ལྔ་བཞེས་པ་ས་སྦྲུལ་ཏེ་སྤྱི་ལོ༦༣༣ལོར་ཡིན་པ་དང་། ཐོན་མིས་རྒྱ་གར་གྱི་ཡུལ་ཁམས་ཕལ་ཆེ་བ་མྱུལ་མཐར། རྒྱ་གར་ལྷོ་ཕྱོགས་ཀྱི་མཁས་པ་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ཏེ་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས། པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་པཱ་ཎི་པ་དང་། ཀ་ལཱ་པ། ཙནྡྲ་པ་རྣམས་དང་། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྜི་ཏ་ལུགས་ཀྱི་བསྟན་བཅོས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་མི་ལོ་བདུན་གྱི་རིང་ལ་བསླབས་ཤིང་འདྲིས་པར་བྱས་སོ།། ས་ཕག་སྟེ་སྤྱི་ལོ༦༣༩ལོར་ཐོན་མི་འཁོར་དང་བཅས་པ་རྒྱ་གར་འཕགས་ཡུལ་ནས་ཐེག་པ་ཆེན་པོའི་བསྟན་བཅོས་ཁག་ཅིག་སྤྱན་དྲངས་ཏེ་ཕྱིར་བོད་ཁ་བ་ཅན་གྱི་ལྗོངས་སུ་ཕེབས་ཤིང་རྒྱལ་པོས་དགའ་སྟོན་གྱི་ཡོ་ལང་རྒྱས་པར་མཛད་པ་དང་། ཤིང་འབྲུག་ནས་མེ་རྟ་སྟེ་སྤྱི་ལོ༦༤༤ནས༦༤༦བར་ལྷ་སའི་སྐུ་མཁར་མ་རུ་སྟེ་ཕ་བོང་ཁར་བཞུགས་ཏེ་བོད་རང་སྐད་དང་ཡོངས་སུ་མཐུན་པའི་ཡི་གེ་གསར་གཏོད་གནང་།
   གཉིས་པ། སློབ་དཔོན་ཐོན་མི་ནི་སློབ་གསོ་མཁས་ཅན་ཞིག་ཡིན།
   ཐོན་མིས་བརྩམས་པའི་བོད་གངས་ཅན་ལྗོངས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་མོ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་གཉིས་ལ་འགྲེལ་བ་ཧ་ཅང་མང་པོ་ཡོད་པ་ལས་སི་ཏུ་པཎ་ཆེན་གྱིས་མཛད་པའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་འདི་ནི་བརྡ་སྤྲོད་གཞུང་འདིའི་འགྲེལ་བའི་གཙུག་རྒྱན་ལྟ་བུ་ལགས་པས། དེར་བཀོད་ས་བཅད་ལྟར་ན། ཐོག་མར་སུམ་ཅུ་བའི་གཞུང་འཆད་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་བསྟན་བཅོས་དངོས་སོ།། གཉིས་པ་ལ། གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། སྐབས་དོན་སུམ་ཅུ་བ་ཉིད་རྒྱས་པར་བཤད་པ། གཉིས་པ་ལ། ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། གདམས་ངག་བརྗོད་པས་འཇུག་བསྡུ་བའོ།། གཉིས་པ་ལ། ཚིགས་བཅད་འགྲོལ་ཚུལ་ལ་འདོམས་པ། ཉན་པ་པོ་སྤྲོ་བ་བསྲིང་བའི་སྒོ་ནས་འདོམས་པ། བསླབ་ཚུལ་གོ་རིམ་ལ་འདོམས་པ། གདམས་ངག་སྣོད་རུང་ལ་བསྟན་དགོས་པར་འདོམས་པ་བཅས་འདོམས་པ་བཞི་ལས། འདིར་སྐབས་སུ་བབས་པ་ནི་གསུམ་པ། བསླབ་ཚུལ་གོ་རིམ་ལ་འདོམས་པ་དེ་ཡིན་ཞིང་། རྩ་བར། བསླབ་ལ་བརྩོན་པའི་གང་ཟག་གིས།། དང་པོར་ང་རོ་རྣམས་ལ་སྦྱང་།། སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ།། ཀློག་གི་ཆེད་དུ་བསླབ་པ་ཡིན།། རྗེས་འཇུག་བཞི་ཡི་སྦྱོར་བ་ནི།། མཉན་བསམ་བསྟན་པའི་དོན་དུ་སྦྱར།། ཡན་ལག་དེ་དག་མཐུ་ཡིས་ནི།། འབྲས་བུའི་ཆེད་དུ་དོན་ལ་དབབ།། བསླབ་པའི་རིམ་པ་འདི་ཡིས་ནི།། གང་ཞིག་འབད་པ་ཆུང་ངུས་ཀྱང་།། ཤེས་རབ་མྱུར་དུ་གྲོལ་བར་འགྱུར།། དེ་ཕྱིར་དང་པོ་འདི་ཉིད་བསླབ།། དེ་ནས་རྒྱས་པའང་མཉན་བྱས་ཏེ།། བསླབ་པ་གང་ལ་དད་པ་ཡི།། གཞུང་དེ་བླ་མ་དག་ལས་མཉན།། ཞེས་གསུངས་ཡོད་དེ། དེའི་དོན་མདོར་བསྡུས་སུ་འགྲེལ་ན། དེ་ཡང་གནས་སྐབས་བདེ་འགྲོའི་གོ་འཕང་དང་མཐར་ཐུག་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་ཕྱིར་སྟོན་པའི་གཞུང་ལ་སོགས་པའི་བསླབ་བྱའི་གནས་གང་ལའང་བརྩོན་པ་བརྒྱ་དང་འབད་པ་སྟོང་བྱེད་མཁན་གྱི་སྐྱེས་བུ་ལས་དང་པོ་བ་ཞིག་ཡིན་ན། ཐོག་མར་ང་རོ་སྟེ། ཀ་ལ་སོགས་པའི་ཡི་གེ་རེ་རེའི་གདངས་ཀྱི་ང་རོ་རྣམས་རང་རང་གི་སྐྱེ་གནས་ལས་ཇི་ལྟར་བྱུང་བ་དང་།སྒྲ་རྩོལ་ཇི་ལྟ་བུའི་སྒོ་ནས་འདོན་དགོས་པ་རྣམས་ལ་སྦྱང་བ་དང་། དེ་ནས་སྔོན་རྗེས་མིང་གསུམ་སྦྲགས་མའི་ཀློག་ཚུལ་འདི་ལ་སྦྱོར་ཀློག་དང་བསྡུས་ཀློག་མ་ནོར་བའི་སྒྲ་སྦྱོར་ཞིང་མ་ཉམས་པའི་ཆེད་དུ་བསླབ་པ་ཡིན་ལ། དེ་ལྟར་དུ་ཀློག་དག་པར་སྦྱོར་བ་ཡིན་ན། རྟགས་འཇུག་གི་གཞུང་ལས་བསྟན་པ་ལྟར་རྗེས་འཇུག་གི་བྱེད་པ་བཞི་སྟེ། རྗེས་འཇུག་གང་གིས་མིང་གཞི་གང་ལ། ཚུལ་ཇི་ལྟ་བུས། དགོས་པ་ཅིའི་ཕྱིར་འཇུག་པ་བཞིའི་སྒོ་ནས་མིང་ཚིག་གི་ཤེས་ཚད་ཕུན་སུམ་ཚོགས་པར་གཏོང་སླད་དུ་རང་གི་བླ་མ་སྟེ་དགེ་བའི་བཤེས་གཉེན་ལས་ཉན་པ་དང་། རང་ཉིད་ཀྱིས་དེའི་དོན་ཚུལ་བཞིན་དུ་བསམ་པ་དང་། གཞན་དག་ལ་བསྟན་པའི་ཆེད་དུ་ཚུལ་བཞིན་དུ་སྦྱང་བར་བྱའོ། ། དེ་ལྟར་གནས་སྐབས་ཀྱི་དགོས་པ་ཀློག་པ་དང་། ཉན་བསམ་ལ་སོགས་ལ་མཁས་པ་དང་། དེའི་ཆེད་དུ་ཡི་གེའི་སྐྱེ་གནས་བཟུང་། རྗེས་འཇུག་གི་ཚུལ་བཞིའི་བར་ལ་སྦྱངས་པའི་ཐབས་སམ་རྒྱུའི་ཡན་ལག་དེ་དག་ལ་བརྟེན་ནས། རང་རང་གི་དམིགས་ཡུལ་ཐབས་དང་བཅས་པ་སྟོན་པའི་གཞུང་གི་དོན་གཏན་ལ་འབེབས་པ་ཡིན་ནོ།། དེ་ལྟ་བུའི་བསླབ་པའི་གོ་རིམ་འདི་ལ་བསྟེན་ན་སྐྱེས་བུ་གང་ཞིག་འབད་པ་ཆེན་པོས་འཇུག་པ་ལྟ་ཅི་སྨོས། འབད་པ་ཆུང་ངུ་ཙམ་བྱས་པས་ཀྱང་ཚིག་དོན་ལ་རྨོངས་པ་མེད་པའི་ཤེས་རབ་མྱུར་དུ་རང་རྒྱུད་ལ་སྨིན་པར་འགྱུར་རོ།། བསླབ་རིམ་དེ་ལྟར་བྱས་པས་མི་རིང་བར་ཤེས་རབ་ཡངས་པའི་མཁས་པའི་གོ་འཕང་ཐོབ་པ་དེའི་ཕྱིར། ཐོག་མར་སུམ་ཅུ་བའི་གཞུང་འདི་ཉིད་བསླབ་པར་བྱ་ཞིང་འདི་ཤེས་ནས་བརྡ་སྤྲོད་ཀྱི་གཞུང་རྒྱས་པ་ཀ་ཙན་ལ་སོགས་ལའང་མཉན་པར་བྱས་ནས་ཁོང་དུ་ཆུད་པ་ན། ཕྱི་ནས་ཤེས་བྱའི་སྤྱི་ཁོག་ཅིག་རང་གིས་འཕྲོལ་དུས་རྩ་བའི་ལམ་གང་ལ་སྤྲོ་བ་བརྟས་པའི་གཞུང་དེ་ཆེད་ལས་སུ་བྱས་ནས་རང་གི་དགེ་རྒན་ནམ་བླ་མ་ལས་མཉན་པར་བྱའོ།།
   དེ་ལྟར་གོང་དུ་བཀོད་པའི་བརྗོད་པ་དུམ་བུ་དེའི་ནང་དོན་གྱི་དཀྱུས་སུ་བྱས་ན། སློབ་དཔོན་ཐོན་མིས་སློབ་གསོར་འཇུག་པའི་གོ་རིམ་བསྟན་ཡོད་དེ། དེ་ཡང་དགེ་བའི་བཤེས་གཉེན་ཐུབ་བསྟན་སྨོན་ལམ་ལགས་ཀྱིས“ཐོན་མི་མཆོག་གིས་དང་པོ་རྨང་གཞིའི་ཤེས་བྱ་ལ་སྦྱངས། དེ་རྗེས་རང་དགའ་བའི་ཆེད་ལས་ཀྱི་ཤེས་བྱ་ལ་འཇུག་པའི་གོ་རིམ་བསྟན་གནང་ཡོད་པས་ཁོང་ནི་སློབ་གསོའི་བྱ་གཞག་ཆེན་པོ་གསར་གཏོད་མཁན་བླ་ན་མེད་པ་ཞིག་ཡིན”④གསུངས་པ་ནི་དོན་ལ་བབས་ཤིང་སྔར་མེད་གསར་ཐོན་གྱི་ལེགས་བཤད་ཅིག་གོ།
   ང་ཚོས་ཤེས་གསལ་ལྟར་སློབ་གྲྭར་ཐོག་མར་ཞུགས་ནས་ལོ་རིམ་དང་པོའི་སྐབས་སུ་སློབ་དཔོན་ཐོན་མིའི་དགོངས་པ“བསླབ་ལ་བརྩོན་པའི་གང་ཟག་གིས།། དང་པོར་ང་རོ་རྣམས་ལ་སྦྱང་།།”ཞེས་པ་ལྟར་དབྱངས་བཞི་ནས་མགོ་བཙུགས་ཏེ་སློབ་སྦྱོང་བྱེད་དགོས་པས། ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི་འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚོད་ལྟའི་སློབ་དེབ་སྐད་ཡིག་ལོ་རིམ་དང་པོའི་སྟོད་ཆ་དེའི་ནང་ཐོག་མར་དབྱངས་བཞི་དང་གསལ་བྱེད་རྐྱང་བ་སུམ་ཅུ་བཀོད་ནས་དེ་དག་སོ་སོའི་ང་རོ་འདོན་ཚུལ་བསླབ་དགོས་པ་དང་། ཞར་བྱུང་དུ་གསལ་བྱེད་རྐྱང་བ་གཉིས་སུམ་སྦྲེལ་ནས་དོན་སྟོན་པའི་ཚིག(དཔེར་ན། ཀ་བ། ཉ་ཤ ཡ་ང་བ་སོགས)བཞི་བཅུ་ཞེ་དྲུག་བཀོད་པ་ནི་ལས་དང་པོ་བ་རྣམས་ཀྱི་ང་རོའི་སྐྱེ་གནས་གསལ་བོ་ཡོང་ཆེད་ཡིན་ལ། དེ་ནས་གསལ་བྱེད་ལ་དབྱངས་ཞུགས་ནས་སྒྲ་འདོན་ཚུལ་སློབ་དགོས་པས། དེ་ལའང་ཞོར་དུ་གསལ་བྱེད་རྐྱང་བ་གཉིས་སམ་གསུམ་སྦྲེལ་ནས་དེ་ལ་དབྱངས་བཞི་ལྡན་པའི་མིང་ཚིག(དཔེར་ན། གུ་གུ་ཤ ཉི་མ། ནེ་ཙོ་སོགས།)ལྔ་བཅུ་ང་བཞི་བཀོད་ནས་འབྲི་ཀློག་སྦྱང་དགོས་སོ།།
   དེའི་རྗེས་ཡང་སློབ་དཔོན་མཆོག་གི་ཐུགས་དགོངས“སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ།། ཀློག་གི་ཆེད་དུ་བསླབ་པ་ཡིན།།”ཞེས་པ་ལྟར་རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་རྣམས་མིང་གཞིའི་ཡི་གེ་སུམ་ཅུ་ཅི་རིགས་པ་ལ་དབྱངས་ཀྱི་ང་རོ་འཇོག་ཚུལ་ལྔ་སྟེ། དྲང་བ་དང་། བཀུག་པ་དང་། སྨད་པ་དང་། བསྒྲེང་བ་དང་། བསྟོད་པ་བཅས་ཀྱི་སྒོ་ནས་སྦྱར་བ་དང་། སྔོན་འཇུག་གི་ཡི་གེ་ལྔ་བོ་དེ་དག་ཀྱང་རང་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ལ་སྦྱར་ཏེ་གཙོ་བོར་ང་རོའི་འདོན་ཚུལ་སློབ་པའོ།།
   དེ་ནས“རྗེས་འཇུག་བཞི་ཡི་སྦྱོར་བ་ནི།། མཉན་བསམ་བསྟན་པའི་དོན་དུ་སྦྱར།།”ཞེས་པ་ལྟར། རྗེས་འཇུག་ཡི་གེ་བཅུ་བོ་རྣམས་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་ཅི་རིགས་པ་ལ་སྒྲ་རྩོལ་དྲག་ཞན་ཇི་ལྟ་བུའི་སྒོ་ནས་རྟགས་མཚུངས་དང་བརྗོད་བདེའི་དབང་གིས་སྦྱར་བའི་དུས་རྒྱུན་འཚོ་བའི་ཁྲོད་བེད་སྤྱོད་ཤིན་ཏུ་ཆེ་བའི་མིང་ཚིག(དཔེར་ན། ནགས་ཚལ། ཚོམས་ཆེན། གངས་རི།)བརྒྱད་ཅུ་གྱ་ལྔ་བཀོད་པ་དང་། སྔོན་འཇུག་ཀྱང་བྱེད་པ་བཞིའི་སྒོ་ནས་སྦྱར་བའི་མིང་ཚིག་ཉི་ཤུ་རྩ་དྲུག་བཀོད་དེ་སློབ་མའི་མིང་ཚིག་གི་ཤེས་ཚད་གོང་མཐོར་གཏོང་བའོ།།
   ཡང“ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་དབབ། །”ཅེས་པ་ལྟར་སྔོན་རྗེས་མིང་གསུམ་དང་། མགོ་འདོགས་བརྩེགས་གསུམ་སྡེབ་པ་ལས་ཡི་གེ་དང་། མིང་། ཚིག བརྗོད་པ་བཅས་རིམ་བཞིན་གྲུབ་པའོ།། ལས་དང་པོ་བས་གོང་དུ་བཤད་པའི་ཐབས་སམ་རྒྱུའི་ཡན་ལག་དེ་དག་ལ་བརྟེན་ན་ད་གཟོད་བརྗོད་པ་དེ་དག་གི་དོན་རྟོགས་པར་ཚེགས་མེད་ཅིང་།ལོ་རིམ་དང་པོའི་སྟོད་ཆའི་སྐབས་ཀློག་གི་ནང་དོན་རྣམས་ཇི་མ་ཇི་བཞིན་དུ་ཤེས་ན་སྨད་ཆར་ཡོད་པའི་བརྗོད་པ་དང་རྩོམ་ཐུང་རྣམས་ཀྱང་བདེ་བླག་ངང་སྒྲའི་ང་རོ་ཇི་བཞིན་དུ་འདོན་ཐུབ་བོ།།
   གཞན་ཡང་སློབ་དཔོན་མཆོག་གིས“བསླབ་པའི་རིམ་པ་འདི་ཡིས་ནི།། གང་ཞིག་འབད་པ་ཆུང་ངུས་ཀྱང་།།ཤེས་རབ་མྱུར་དུ་གྲོལ་བར་འགྱུར།།”ཞེས་པ་ལྟར་བསླབ་ཚུལ་གོ་རིམ་འདི་དག་ལ་བརྟེན་ནས་སློབ་ཆུང་ལོ་རིམ་དང་པོ་ནས་མགོ་བཙུགས་ཏེ། དམའ་འབྲིང་དང་མཐོ་འབྲིང་སོགས་རིམ་པར་བརྒྱུད་པ་ན་སློབ་བུ་འབད་པ་ཆེན་པོ་ལྟ་ཅི་སྨོས། སློབ་ལ་དེ་ཙམ་གྱི་མི་འབད་པའི་སློབ་མ་ཡིན་ཡང་ཤེས་རབ་མྱུར་དུ་འཕེལ་བར་འགྱུར་རོ།། འོ་ན་ཆེས་ཕུན་སུམ་ཚོགས་པའི་ཤེས་བྱ་རིག་གནས་འདི་ལྟ་བུ་ཐོབ་པ་ལ་ཐོག་མར་གོམ་པ་གང་ནས་སྤོ་དགོས་ཤེ་ན། ང་ཚོས་ཤེས་གསལ་ལྟར་དབྱངས་གསལ་གཉིས་ཀྱི་ང་རོའི་འདོན་ཚུལ་ནས་མགོ་བརྩམས་ཏེ། མིང་ཚིག་ཡི་གེའི་ཀློག་ཚུལ་དང་བརྗོད་པ་དང་རྩོམ་ཐུང་གི་འབྲི་ཀློག་རྟོགས་གསུམ་བྱེད་དགོས་པས། དེ་ལྟ་བུའི་གཞུང་གང་ཞིག་ལ་བརྟེན་ཞེ་ན་སུམ་ཅུ་བ་འདི་ཉིད་ལས་གཞན་མེད་དོ་ཞེས་སློབ་དཔོན་མཆོག་གིས“དེ་ཕྱིར་དང་པོ་དེ་ཉིད་བསླབ།།”ཅེས་གསུངས་སོ།།
   དེ་ལྟར་རྨང་གཞིའི་ཤེས་བྱ་བྱང་ཆུབ་པ་ཞིག་བྱུང་ནས་སློབ་གྲྭ་ཆེན་མོར་སླེབས་པ་ན་སློབ་མ་སོ་སོའི་ཆུ་ཚད་དང་མོས་པ་སོགས་ལ་གཞིགས་ཏེ། ཆེད་ལས་སམ་ཞིབ་འཇུག་གི་ཁ་ཕྱོགས་དེ་ཕྱོགས་གཅིག་ཏུ་འགྲོ་བ་ལས། སློབ་ཆུང་སློབ་འབྲིང་གི་དུས་སྐབས་ལྟར་ཕྱོགས་གང་ས་ཅི་ཐད་ནས་སྦྱོང་བ་ཞིག་མ་ཡིན་ཏེ། སློབ་དཔོན་ཐོན་མིས་ཀྱང“དེ་ནས་རྒྱས་པར་མཉན་བྱས་ཏེ།། བསླབ་པ་གང་ལ་དད་པ་ཡི།། གཞུང་ཉིད་བླ་མ་དག་ལས་མཉན།།”ཞེས་གསུངས་པ་ལྟར་རོ།།
   སློབ་དཔོན་ཐོན་མི་ནས་དུས་ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་བཞི་བརྒྱ་ལྷག་ཙམ་འདས་ཟིན་ནའང་ཁོང་གིས་གསུངས་པའི་བསླབ་ཚུལ་གྱི་གོ་རིམ་འདི་ལྟ་བུ་བསྟན་པ་དེས་བོད་ཀྱི་སློབ་གསོའི་བྱ་གཞག་ཐད་རྟ་ལ་དཀྱུས་ས་བསྟན་པ་དང་། ལོང་བར་འཁར་རྒྱུགས་སྤྲད་པ་ལྟ་བུའི་ལེགས་སྐྱེས་ཕུལ་ཡོད་པ་ནི་སྨོས་མི་དགོས་སོ།།
①དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M]མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2006ལོར། ཤོག་གྲངས། 97
②སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》[M]མི་རིགས་དཔེ་སྐྲུན་ཁང་གིས་པར་བཏབ། སྤྱི་ལོ1989ལོར། ཤོག་གྲངས། 1
③རང་སྒྲ། 《ཐོན་མི་སམབྷོཊ》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2002ལོར། ཤོག་གྲངས། 1

④སྟོང་ར་བ་ཐུབ་བསྟན་སྨོན་ལམ། 《ཡུལ་གངས་ཅན་ལྗོངས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་གནའ་གཞུང་ཉིང་ཁུ་བཞུགས》[M]ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས། (ནང་ཁུལ་ཡིག་ཆ)ཤོག་གྲངས157ན་གསལ།

 དཔྱད་གཞིའི་ཡིག་ཆ།
   [1] སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》[M]ས་སྐྱའི་ཆོས་འབྱུང་གཅེས་བསྡུས། (དེབ་གསུམ་པ) ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2009ལོར།
   [2] དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M]མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2006ལོར།
   [3] ཞ་ལུ་ལོ་ཙཱ་པ་ཆོས་སྐྱོང་བཟང་པོ། 《སློབ་དཔོན་ཨ་ནུས་མཛད་པའི་བོད་ཀྱི་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་བའི་རྣམ་འགྲེལ་བཞུགས་སོ》[M]《སུམ་རྟགས་དང་དག་ཡིག》 དཔལ་ལྡན་ས་སྐྱ་པའི་གསུང་རབ།(པོད་གཉིས་པ)མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2004ལོར།
   [4] ཚེ་ཏན་ཞབས་དྲུང་། 《ཐོན་མིའི་ཞལ་ལུང》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ1998ལོར།
   [5] རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་དཔལ་བཟང་པོ། 《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》[M]རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་པོད་དྲུག་པ། སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2009ལོར།
   [6] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》[M](སྟོད་ཆ)བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ1989ལོར།
   [7] སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》[M]མི་རིགས་དཔེ་སྐྲུན་ཁང་གིས་པར་བཏབ། སྤྱི་ལོ1989ལོར།
   [8] རང་སྒྲ། 《ཐོན་མི་སམབྷོཊ》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2002ལོར།
   [9] སྟོང་ར་བ་ཐུབ་བསྟན་སྨོན་ལམ། 《ཡུལ་གངས་ཅན་ལྗོངས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་གནའ་གཞུང་ཉིང་ཁུ་བཞུགས》[M]ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས། (ནང་ཁུལ་ཡིག་ཆ)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1