རྒྱལ་བ་ཀློང་ཆེན་པའི་ཐུན་མོང་རིག་གནས་དང་འབྲེལ་ནས་ཁོང་གི་མཚན་གྱི་སྐོར་གླེང་བ།
ཚེ་བརྟན་རྡོ་རྗེ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2015ལོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09
[གནད་བཏུས] དཔྱད་རྩོམ་འདིར་གངས་ཅན་འཇམ་དབྱངས་རྣམ་གསུམ་གྱི་གྲས་རྒྱལ་བ་ཀློང་ཆེན་པའི་གསུང་རྩོམ་ལས་ཐུན་མོང་རིག་གནས་དང་འབྲེལ་ནས། ཁོང་གི་མཚན་གྱི་རྣམ་གྲངས་དང་དེ་ལྟར་གདགས་པའི་རྒྱུ་མཚན་སྐོར་ལ་རགས་ཙམ་དཔྱད་ཡོད།
[གནད་ཚིག] རྒྱལ་བ་ཀློང་ཆེན་པ། ཐུན་མོང་རིག་གནས། མཚན་དོན།
གཅིག རྒྱལ་བ་ཀློང་ཆེན་པའི་མཛད་རྣམ་མདོར་བསྡུས།
དེ་ཡང་བསིལ་ལྡན་ཁ་བའི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རིས་མེད་དུ་དར་བ་ནས་བཟུང་།བོད་ཡུལ་མུན་པའི་གླིང་འདིར་རིག་པའི་སྒྲོན་མེ་བཏེགས་ཏེ་སྐྱེས་ཆེན་དམ་པ་བགྲང་གིས་མི་ལངས་པ་བྱོན་ལ། དམ་པ་རྣམས་ཀྱི་གསུང་རྩོམ་རི་བོའི་གཏོས་དང་མཉམ་པ་མཛད་ཡོད་པ་ཀུན་གྱིས་མིག་མཐོང་ལག་ཟིན་དུ་སྣང་། དེ་དག་ལས་རྒྱལ་བ་གཉིས་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའམ་དྲི་མེད་འོད་ཟེར་ཤེས་བྱ་ཐམས་ཅད་མཁྱེན་ཞིང་གཟིགས་པས་རྒྱལ་བའི་བསྟན་པ་མདོ་སྔགས་སྤྱི་དང་། ཁྱད་པར་གསང་ཆེན་རྫོགས་པ་ཆེན་པོའི་ལམ་སྲོལ་ཇི་བཞིན་འཁྲུལ་མེད་དུ་སྟོན་པའི་གསུང་རབ་མང་པོ་མཛད་པ་མཁས་པ་ཕལ་མོ་ཆེ་ཡི་བློར་མ་ཤོང་བས་དངོས་སུ་འབེལ་གཏམ་དང་བརྒྱུད་ནས་བྲི་ཡིག་ཕུལ་བ་ཀུན་ལ་རིགས་ཤིང་འཐད་པའི་ལན་མཛད་པས་ངེས་ཤེས་སྐྱེས་ནས་ཆོས་དང་གང་ཟག་ལ་དད་པ་ཐོབ་ཅིང་ཀུན་མཁྱེན་ཆོས་རྗེ་ཞེས་དོན་མཐུན་གྱི་མཚན་ཤུགས་འབྱུང་དུ་ཐོགས། སྐྱེས་ཆེན་དམ་པ་འདི་ཉིད་ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་བསྐོར་མཛད་པས།“གཞུང་ཚོགས་ཀྱི་རྒྱ། མཁྱེན་རབ་ཀྱི་རྩལ། རིག་པའི་རྣམ་འགྱུར་ཀུན་ལ་ཐོགས་པ་མི་མངའ་བས། ཐམས་ཅད་ཀྱི་བསྔགས་པའི་ཡུལ་དུ་གྱུར་ཞིང་། བསམ་ཡས་པ་ལུང་མང་ངོ”① ཞེས་མཚན་དུ་ཐོགས་ཡོད། ཁོང་གི་རྣམ་ཐར《ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་དད་པ་གསུམ་གྱི་འཇུག་ངོགས་ཞེས་བྱ་བ》དང《ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན》གཉིས་ལས་ཁོང་གི་བརྩམས་ཆོས་ལ་དང་པོ་གསུང་རབ་ལ་འཇུག་པའི་ཐེམ་སྐས་སམ་ཐུན་མོང་དུ་གྱུར་པའི་བསྟན་བཅོས་དང་།གཉིས་པ་ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས། གསུམ་པ་གསང་བའི་གནས་རྒྱ་ཆེར་སྟོན་པའི་བསྟན་བཅོས་བཅས་ཁག་གསུམ་དུ་བགོས་ནས་དཔེ་ཐོ་ཉིས་བརྒྱ་དྲུག་ཅུ་རེ་བདུན་ཡས་མས་ཤིག་བཀོད་ཡོད་ཅིང་། ཁོང་གི་བརྩམས་ཆོས་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ལྡན་ལ“གྲུབ་མཐའ་ཐམས་ཅད་ཀྱི་སྤྱི་ཆིངས། བསྟན་པ་ཐམས་ཅད་ཀྱི་སྲོག་ཤིང་།མདོ་རྒྱུད་ཐམས་ཅད་ཀྱི་དགོངས་འགྲེལ། དགོངས་འགྲེལ་ཐམས་ཅད་ཀྱི་གཙུག་རྒྱན། མན་ངག་ཐམས་ཅད་ཀྱི་སྙིང་བོ། ལམ་ཐམས་ཅད་ཀྱི་བགྲོད་བྱ། འབྲས་བུ་ཐམས་ཅད་ཀྱི་མཐར་ཐུག དགོངས་གཏེར་ཐམས་ཅད་ཀྱི་རྒྱལ་པོ”② སྟེ་ཁྱད་ཆོས་དགུ་དང་ལྡན། གཞན་ཡང“མཁས་པ་དགྱེས་པའི་ཚིག་གི་སྡེབ་སྦྱོར། སྐལ་ལྡན་གྲོལ་བའི་དོན་གྱི་ཟབ་གནད། རྗེས་འཇུག་ཚིམ་པའི་རྟོགས་པའི་འདྲ་འབག བླང་དོར་གནས་སྟོན་དགེ་བའི་བཤེས་གཉེན། གཞན་རྒོལ་ཟིལ་གནོན་སེང་གེའི་སྒྲ་དབྱངས། རྒྱལ་བསྟན་གསལ་བྱེད་ཉི་ཟླའི་སྒྲོན་མེ། བསྟན་པ་ཡོངས་རྫོགས་རིན་ཆེན་བང་མཛོད། ཐེག་པའི་ཡང་རྩེ་ནོར་བུའི་དོག་གིས་བརྒྱན་པ”③ བཅས་ཀྱི་ཁྱད་ཆོས་ལྡན།
ཁོང་གི་རྣམ་ཐར་ལས་བཀོད་པའི་དཔེ་ཐོ་ཉིས་བརྒྱ་དྲུག་ཅུ་རེ་བདུན་ཙམ་ལས། ད་ལྟ་ང་ཚོའི་མཐོང་ལམ་དུ་རྒྱུ་ཐུབ་པ་ནི་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ལས་མི་འདུག ཡིན་ཡང་དམངས་ཁྲོད་དུ་ཁོང་གི་གསུང་ཡིན་མིན་བརྡར་ཤ་མི་ཆོད་པའི་ངག་རྒྱུན་ལ་ཁོང་གི་གསུང་ཡིན་པར་བསྒྲགས་པའི་བརྩམས་ཆོས་འགའ་རེ་སྣང་ཞིང་། དེ་དག་ཁོང་གི་གསུང་ཡིན་མིན་གསལ་ཁ་ཆོད་ཕྱིར་དེ་དཔྱད་གཞིར་བདམས་ནས་ཞིབ་འཇུག་བྱས་ཆོག་པར་བསམ།
མདོར་ན་བསིལ་ལྡན་ཁ་བའི་ལྗོངས་འདིར་མཁས་པ་དང་གྲུབ་པའི་ཚོགས་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བའི་ཚུལ་རྗེ་ཉིད་ཀྱི་ཞལ་སློབ་ལྡན་སྒོམ་ཆོས་གྲགས་བཟང་པོ་ཞེས་རྣམ་དཔྱོད་དང་ལྡན་པ་དེས།“ངག་གི་དབང་པོའི་འཆད་ལུགས་མཐོང་ཙ་ན༎ སྐུ་མཆེད་གསུམ་གྱི་འཆད་ལུགས་དིགས་དིགས་པོ༎ ཀློང་ཆེན་རབ་འབྱམས་རིག་པ་རྩོད་ཙ་ན༎ ཕྱ་གཙང་ངན་གསུམ་རྩོད་པ་རྐྱང་རྐྱང་པོ༎ ཀུན་མཁྱེན་ཆེན་པོའི་བརྩམ་པ་མཐོང་ཙ་ན༎ བུ་དོལ་ཤེལ་གསུམ་བརྩམས་པ་མོག་མོག་པོ༎སྣ་ཚོགས་རང་གྲོལ་ལྟ་དགོངས་མཐོང་ཙ་ན༎ ཆེན་པོ་གསུམ་གྱི་གྲུབ་མཐའ་ཡུལ་ཡུལ་བོ༎”④ “ཁྲོམ་ནས་ཆོས་བཤད་གང་གཱའི་ཆུ་རྒྱུན་འདྲ༎ རིག་གྲྭར་རྩོད་དུས་འབྲུག་སྒྲ་སྒྲོགས་པ་འདྲ༎ བསྟན་བཅོས་རྩོམ་དུས་རི་གཟར་འབབ་ཆུ་འདྲ༎ མཉམ་པར་འཇོག་དུས་རྣམ་དཔྱོད་མངོན་སུམ་འདྲ༎”⑤ ཞེས་སོགས་ཀྱི་བསྔགས་པ་བརྗོད་པ་ལྟར་རོ༎ སྔོན་དབེན་པར་གཤེགས་ནས་མི་རིང་བའི་དུས་ཡན་ཆད་དུ་ཕར་ཚད་སོགས་གཞུང་ཆེ་བ་འགའ་ཡང་བློ་གསལ་ཅི་རིགས་པར་གསུངས། ཕྱིས་འགྲོ་དོན་མངོན་གྱུར་དུ་ཕྱོགས་ནས་སྟར་ཆགས་པའི་འཆད་ཉན་དགོན་གནས་ལ་བརྟེན་པ་མ་བསྐྱངས། དབེན་པའི་རི་ངོགས་རྣམས་སུ་ཕུག་པ་དང་རྡོ་བའི་སྐྱོར་བརྩིགས། རྩྭ་དང་ལོ་མའི་བླ་གབ་ཅན་གྱི་ཁུང་བུ་ཙམ་ལ་བརྟེན་ནས་ཟང་ཟིང་གི་འཁོར་དང་ལོངས་སྤྱོད་ཀྱི་འཁྲི་བ་བཅད་ནས་སྒྲུབ་པ་ཁོ་ན་ལ་བཞུགས་ཀྱང་། ཐར་བ་དོན་གཉེར་གྱི་སྐལ་ལྡན་དུ་མ་བརྒྱུད་མར་འདུས་པ་ལ་སོ་སོའི་བློ་དང་འཚམ་པའི་མདོ་སྔགས་ཀྱི་གཞུང་བཤད་དབང་ཁྲིད་སོགས་ཆོས་ཀྱི་སྒོ་རིས་མེད་པར་གསུངས་ཤིང་། ཁྱད་པར་གསང་བ་བླ་ན་མེད་པའི་དབང་ཁྲིད་རྣམས་གཙོ་བོར་གསུངས་པ་ལས། འདུས་པ་མང་བ་སུམ་སྟོང་ཙམ་ནས་བརྒྱ་ཕྲག་སོགས་མང་ཉུང་ཅི་རིགས་པ་ལ་ཡང་དང་ཡང་དུ་གསུངས་ཤིང་། དུས་མཉམ་གྱི་སྐྱེས་ཆེན་ཕལ་མོ་ཆེ་ཆོས་འདི་དང་འབྲལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་དང་། དབང་ལུང་མན་ངག་རྫོགས་པར་ཐོབ་པ་ནི་སྟོང་ཕྲག་མང་པོ་དང་། དབང་ཁྲིད་ཙམ་ཐོབ་པ་ནི་བགྲང་བའི་ཡུལ་ལས་འདས་ཤིང་། ཉམས་མྱོང་དྲོད་ཚད་ཐོབ་པའང་ཤིན་ཏུ་མང་བས་ལྗོངས་འདིའི་རི་སུལ་ཐམས་ཅད་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པས་ཁྱབ་པར་མཛད།
གཉིས། རྒྱལ་བ་ཀློང་ཆེན་པའི་མཚན་གྱི་རྣམ་གྲངས་དང་དེའི་གོ་དོན།
རང་ཅག་བོད་གངས་ཅན་པའི་མིང་གི་འདོགས་སྟངས་ལ་ཐུན་མོང་མ་ཡིན་པའི་ས་མཐོའི་ཁྱད་ཆོས་ལྡན་ཡོད་པ་དང་། ཡུན་རིང་བོའི་ལོ་རྒྱུས་ནང་སྤྱི་ཚོགས་ཀྱི་འཁོར་འགྲོས་རིང་མོའི་ཁྲོད་མིང་གི་རྣམ་གྲངས་ཀྱང་རིམ་བཞིན་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ནས་སྣ་མང་ཕུན་སུམ་ཚོགས་པར་གྱུར་ཡོད། དེ་དག་ནི་གངས་ཅན་རིག་གནས་ཤེས་བྱའི་བྱེ་བྲག་ཅིག་ཡིན་པ་བསྙོན་དུ་མེད། དེ་བས་ཀུན་མཁྱེན་ཀློང་ཆེན་པའི་མིང་གི་འདོགས་ལུགས་ཀྱང་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་འབུར་དུ་ཐོན་ཡོད་པ་སྨོས་མ་དགོས།
རང་ཅག་བོད་ཀྱི་ལོ་རྒྱུས་ཐོག་གི་རྒྱལ་བློན་ནམ་བླ་སྐུ་ཆེ་གྲས། ཡང་ན་འགྲན་ཟླ་བྲལ་བའི་སྐྱེས་ཆེན་དམ་པ་རེ་གཉིས་ལ་ཆེད་དུ་དེའི་ཡོན་ཏན་གྱི་ཆེ་བ་བརྗོད་པའམ་དད་གུས་ཀྱིས་བསྔགས་པ་བརྗོད་པའི་ཕྱིར་མཚན་ཆེན་པོ་འདོགས་སྲོལ་ཡོད། དེ་བཞིན་དུ་ཀུན་མཁྱེན་འདིའི་མཚན་གྱི་རྣམ་གྲངས་ཀྱང་མཛོད་བདུན་སོགས་ལས། ཀློང་ཆེན་རབ་འབྱམས་པ་དང་། ཀློང་གསལ་དྲི་མེད། རྡོ་རྗེ་གཟི་བརྗིད། རྡོ་རྗེ་སེམས་དཔའ། དྲི་མེད་འོད་ཟེར། བློ་གྲོས་མཆོག་ལྡན། ཚུལ་ཁྲིམས་བློ་གྲོས། ངག་གི་དབང་བོ། པདྨ་ལས་གྲོལ། སྣ་ཚོགས་རང་གྲོལ། བསམ་ཡས་པ། མདོ་ཁམས་པ་འཇིགས་མེད་འཕྲིན་ལས་འོད་ཟེར། རྒྱལ་བའི་མྱུ་གུ། མཁྱེན་བརྩེ་ལྷ་བཅས་མཚན་གྱི་རྣམ་གྲངས་མང་པོ་ཞིག་འདུག ང་ཚོས་ཀློང་ཆེན་རབ་འབྱམས་པ་ཞེས་པར་ཚིག་ངོས་ལས་གོ་བ་རགས་ཙམ་བླངས་ན། ཀློང་ཞེས་པ་ནི《དག་ཡིག་གསར་བསྒྲིགས》ལས་རྒྱ་ཁྱོན་ཆེ་བའི་དོན་དང་མང་བའམ་ཟབ་པའི་དོན་ལ་འཇུག་པར་བསྟན་ཡོད། ཆེན་ནི་ཆེ་བའམ་ཆེན་པོའི་དོན་ཡིན། རབ་འབྱམས་ནི་རྒྱ་ཆེ་བ། གཏིང་ཟབ་པའི་དོན་ལ་འཇུག དགེ་བཤེས་ཆོས་གྲགས་ཀྱིས་མཛད་པའི《བརྡ་དག་མིང་ཚིག་གསལ་བ》ལས་ཀློང་ནི་དཀྱིལ་དབུས་ཀྱི་དོན། ཆེན་ནི་ཆེ་བ་རབ་བཟང་བའམ་ཤིན་ཏུ་འབྱམས་ནི་མཐའ་ཀླས་པའི་དོན་ལ་འཇུག ཡང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི《དུང་དཀར་ཚིག་མཛོད》ལས།“ཀློང་ཆེན་རབ་འབྱམས་འདི་ལ་གོ་བ་གཉིས་ཡོད་པ་སྟེ། དང་པོ་ནི་རྫོགས་པ་ཆེན་པོ་ཀློང་སྡེ་སྐོར་ལ་བཅོ་བརྒྱད་ཡོད་པའི་ནང་གསེས《ཀློང་ཆེན་རབ་འབྱམས》ལ་མ་བུ་བཞི་ཡོད་པ་དེའི་མིང་། གཉིས་པ་ནི་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་ཀུན་མཁྱེན་ཀློང་ཆེན་པའི་མཚན་ལ་ཡང་ཀློང་ཆེན་རབ་འབྱམས་ཞུ་བ་ཡིན་པས། སྐབས་སོ་སོར་གོ་དོན་མ་ནོར་བ་མཛད་དགོས།”ཞེས་འཁོད་འདུག འོ་ན་ཁོང་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ཞེས་པའི་མིང་ཞིག་ཐོགས་དོན་ཅི་ཡིན་ཞེ་ན། སྐྱེས་ཆེན་འདི་ནི་མདོ་སྔགས་ཀྱི་གཞུང་ཀུན་ལ་ནང་བྱན་ཆུད་པ་དང་། ཁྱད་པར་དུ་གསང་སྔགས་སྔ་འགྱུར་གྱི་གདམས་པ་མཐའ་དག་ཉམས་ཁྲིད་དུ་གསན་ནས་བྱ་བྲལ་ཀུན་སྤངས་ཁོ་ནས། མཆིམས་ཕུ་ལ་སོགས་དབེན་གནས་དག་ཏུ་ཟས་གོས་སོགས་ཀྱི་མཐུན་རྐྱེན་དམན་ཡང་དངུལ་ཆུའི་བཅུད་ལེན་དང་། སྒྱེ་མོ་ཞིག་ཡོད་པ་དེ་གོས་གདན་གཉིས་ཀྱི་གོ་བཅད་དེ་བཞུགས་པ་སོགས་དཀའ་སྤྱད་དྲག་པོའི་སྒོ་ནས་སྒྲུབ་པ་ཉམས་བཞེས་མཛད་པས། བླ་མ་དང་ལྷག་པའི་ལྷ་དུ་མས་བྱིན་གྱིས་རླབས་ཤིང་། གྲུབ་པའི་གོ་འཕང་མཐོན་པོར་གཤེགས། གངས་རིའི་ཐོད་དཀར་སོགས་ནས་སྐལ་ལྡན་སློབ་མ་མང་དུ་བསྐྱངས་པ་དང་། མཛོད་བདུན་སོགས་གསུང་རྩོམ་མང་དུ་མཛད། གཞན་གདུལ་བར་དཀའ་བའི་གློ་མོན་དགེ་སྡིག་མི་ཤེས་པ་དང་། མོན་བུམ་ཐང་སོགས་དམ་པའི་ཆོས་ཀྱི་སྒྲ་མི་ཐོས་པའི་ཡུལ་ནས་ཀྱང་སེམས་ཅན་རྣམས་བརྩེ་བ་ཆེན་པོའི་དགེ་བཅུའི་ལམ་ལ་བཀོད་ནས་རྒྱལ་བསྟན་ཡུན་རིང་དུ་བསྐྱངས། འདི་ལྟ་བུའི་མཛད་འཕྲིན་བླ་མེད་བཞེས་པའི་ཕྱིས་ཀྱི་སློབ་མ་རྣམ་པས་ཁོང་གི་ཆེ་བ་དང་བཀའ་དྲིན་ཡང་ཡང་དྲན་ཕྱིར་ཆེ་བ་བརྗོད་པའམ་བསྔགས་པ་བརྗོད་པའི་མཚན་འདི་ལྟ་བུ་གདགས་པར་སྙམ།
ཚུལ་ཁྲིམས་བློ་གྲོས་ནི་ཁོང་དགུང་ལོ་བཅུ་གཉིས་སྟེང་བསམ་ཡས་སུ་མཁན་པོ་བསམ་རིན་པ་དང་། སློབ་དཔོན་ལྷ་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་ནས་མཚན་ལ་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ། དེ་ནི་རབ་ཏུ་བྱུང་རྗེས་ཀྱི་ཆོས་མིང་འབོད་སྲོལ་ཞིག་ཡིན།
དྲི་མེད་འོད་ཟེར་ནི་དམ་པ་ཉིད་དགུང་ལོ་ཉི་ཤུ་རྩ་བརྒྱད་ལ་ར་མོ་ཅན་དུ་སྙིང་ཐིག་གསུངས་པས་ཆོས་འཛུགས་པའི་སར་མེ་ཏོག་གི་ཆར་བབས། སྤྲོས་བཅས་ཀྱི་ཚེ་འོད་མཐིང་གས་ཐམས་ཅད་བརྡལ་བར་ཁྱབ་ཅིང་།སྤྲོས་མེད་ཀྱི་དགོང་མོ་འོད་ཟེར་ཁ་དོག་སྣ་ལྔས་ཁྱབ་ཅིང་། ཨོ་རྒྱན་སྐུ་མདོག་མཐིང་ག་དང་། ཡེ་ཤེས་མཚོ་རྒྱལ་དམར་མོ་ཕྱག་ན་བུམ་པ་བསྣམས་ནས། ཁོང་རང་ལ་དབང་བསྐུར་དུས་ནམ་མཁའ་ལས་འོད་དང་སྒྲ་དང་། སིལ་སྙན་དང་། ངོ་མཚར་བླ་ན་མེད་པ་མང་པོ་བྱུང་ཞིང་།དཀྱིལ་འཁོར་གྱི་རྩར་བུ་མོ་ལོ་བཅུ་དྲུག་ཙམ་གཡུ་ལྟར་སྔོ་བ་བདུན་བྱུང་ནས། བྲོ་འཁྲབ་པས་ཆེད་དུ་དགྱེས་པ་དང་མི་དགྱེས་པ་ལ་སོགས་པ་མ་མཛད་གསུངས། འདིའི་དུས་སུ་ཨོ་རྒྱན་ཡབ་ཡུམ་འཁོར་དང་བཅས་པས་མཁའ་འགྲོ་སྙིང་ཐིག་གི་རྗེས་གནང་། ལྷ་རིང་བྲག་དང་ཨོ་རྒྱན་རྫོང་། ཞྭའི་ལྷ་ཁང་གསོ་དགོས་པ་དང་། བསྟན་བཅོས་རྩོམ་པའི་ལུང་བསྟན་ཡང་ཐོབ། མཚན་ཡང་ཨོ་རྒྱན་གྱིས་དྲི་མེད་འོད་ཟེར་བཏགས། ཡེ་ཤེས་མཚོ་རྒྱལ་གྱིས་རྡོ་རྗེ་གཟི་བརྗིད་ཅེས་གསོལ་ལོ༎
དྲི་མེད་འོད་ཟེར། ཡང་རྡོ་རྗེ་ཕག་མོ་བབས་ནས་ཅོག་ལའི་བྲག་ཕུག་ཏུ་བཞུགས་དུས་དངོས་གྲུབ་བྱིན་ཚུལ་དང་། མ་བསྒྲུབས་ཀྱང་འགོ་བ་ཅི་ཡིན་གསུངས་པར། ང་ལ་སྒོམ་པའི་ལྷ་འདུག་གམ། བཟླ་བའི་སྔགས་འདུག་གམ། མཆོད་པའི་ཡུལ་འདུག་གམ། རྣལ་འབྱོར་པ་དམ་ཚིག་དང་རྟོགས་པར་ལྡན་པ་ཀུན་ལ་རྒྱུན་དུ་ཡོད་པ་མ་ཤེས་སམ། ཞེས་དང་། སྙིང་ཐིག་ཆོས་ཀྱི་བདག་པོ་ཡིན་ཚུལ། དབང་གསུམ་པའི་བསྐུར་ལུགས། མཆིམས་ཕུའི་གཏེར་ཡོད་ཚུལ་སོགས་གསུངས། སྐབས་དེར་གདམས་པའི་དཀའ་གནད་ཐམས་ཅད་ཀྱང་ཐུགས་རྒྱུད་ལ་འཁྲུངས་ཤིང་། དེ་དག་མཚོ་རྒྱལ་ཡེ་ཤེས་སུ་ཕེབས་པས་འདི་དང་འདིའོ་ཞེས་ངོ་སྤྲོད་འབུལ་བར་མཛད། དེ་དུས་གུ་རུ་པདྨས་དྲི་མེད་འོད་ཟེར་ཞེས་དང་། མཚོ་རྒྱལ་གྱིས་རྡོ་རྗེ་གཟི་བརྗིད་ཅེས་མཚན་གསོལ།
ངག་གི་དབང་པོ་ཞེས་པ་ནི་ཁོང་གི་རྣམ་ཐར་དད་གསུམ་མཇུག་ངོགས་ལས“གཞན་ཡང་མཁས་པ་དགྱེས་པའི་ཚིག་གི་སྡེབ་སྦྱོར། སྐལ་ལྡན་གྲོལ་བའི་དོན་གྱི་ཟབ་གནད། རྗེས་འཇུག་ཚིམ་པའི་རྟོགས་པའི་འདྲ་འབག་བླང་དོར་གནས་སྟོན་དགེ་བའི་བཤེས་གཉེན། གཞན་རྒོལ་ཟིལ་གནོན་སེང་གེའི་སྒྲ་དབྱངས། རྒྱལ་བསྟན་གསལ་བྱེད་ཉི་ཟླའི་སྒྲོན་མེ། བསྟན་པ་ཡོངས་རྫོགས་རིན་ཆེན་བང་མཛོད། ཐེག་པའི་ཡང་རྩེ་ནོར་བུའི་ཏོག་གིས་བརྒྱན་པ་སྟེ།”⑥ ཁོང་གི་སྙན་ཚིག་རྣམས་སྙན་པའི་རོ་མངར་ཆེ་ཞིང་ཡིད་ལ་དགའ་བ་བསྐྱེད་པ། གོ་བདེ་ལ་ཞལ་གསལ་བ་སོགས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ལྡན་པས་ཕྱིས་ཀྱི་མཁས་པ་རྣམ་པས་ཁོང་ཉིད་ལ་ངག་གི་དབང་བོ་ཞེས་མཚན་གནང་བའོ༎
བསམ་ཡས་པ་ཞེས་པའི་མིང་གི་ཐོགས་དོན་ནི་དམ་པ་ཁོང་ཉིད“དགུང་ལོ་བཅུ་གཉིས་པར་བསམ་ཡས་སུ་མཁན་པོ་བསམ་གྲུབ་རིན་པོ་ཆེ་དང་། སློབ་དཔོན་ཆེན་པོ་བཙན་དགོན་པ། ཁྱད་པར་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་དང་། ཆོས་གྲགས་གཉིས་པར་གྲགས་པ་གཞོན་ནུ་རིན་ཆེན་གཉིས་གཙོ་བོར་བསྟེན་ཞིང་། ཕར་ཚད་ཀྱི་གཞུང་འགྲེལ་མཐའ་དག་གསན་ནས་ཚིག་དོན་རྣམས་ལ་མཁས་པར་སྦྱངས། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ་རྩ་འཇུག་སོགས་ཀྱི་གཞུང་འགྲེལ་མན་ངག དཔང་ལོ་ཆེན་པོ་ལས་མངོན་པ་དང་། ཏིང་འཛིན་རྒྱལ་པོ་སོགས་ཟབ་མོ་མདོ་ལྔའི་བཤད་པ། སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་རྣམས་ཀྱང་གསན་ཅིང་། དེ་དག་གི་ཚིག་དོན་མཐའ་དག་ལོ་གསུམ་ལ་ཀུན་ཆུབ་པར་གྱུར་ཏེ། ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་བསྐོར་མཛད་པས། གཞུང་ཚོགས་ཀྱི་རྒྱ། མཁྱེན་རབ་ཀྱི་རྩལ། རིག་པའི་རྣམ་འགྱུར་ཀུན་ལ་ཐོགས་པ་མི་མངའ་བས། ཐམས་ཅད་ཀྱི་བསྔགས་པའི་ཡུལ་དུ་མཐུན་སྣང་གྲུབ་ཅིང་།བསམ་ཡས་པ་ལུང་མང་པོ་ཞེས་མཚན་དུ་ཐོགས།”⑦འདི་ལས་ང་ཚོས་བསམ་ཡས་པ་ཞེས་པ་ནི་ཡུལ་མིང་མཚན་དུ་ཐོགས་པ་གསལ་བོར་ཤེས་ཐུབ།
བློ་གྲོས་མཆོག་ལྡན་ཞེས་པ་ནི་དམ་པ་ཁོང་ཉིད་ཀྱིས་མཛད་པའི་མདོ་རྒྱུད་དགོངས་འགྲེལ་དང་ཐུན་མོང་རིག་གནས་ཀྱི་གསུང་རབ་ཐམས་ཅད་ནི།“མཁས་པ་དགྱེས་པའི་ཚིག་གི་སྡེབ་སྦྱོར། སྐལ་ལྡན་གྲོལ་བའི་དོན་གྱི་ཟབ་གནད། རྗེས་འཇུག་ཚིམ་པའི་རྟོགས་པའི་འདྲ་འབོག བླང་དོར་གནས་སྟོན་དགེ་བའི་བཤེས་གཉེན། གཞན་རྒོལ་ཟིལ་གནོན་སེང་གེ་སྒྲ་དབྱངས། རྒྱལ་བསྟན་གསལ་བྱེད་ཉི་ཟླའི་སྒྲོན་མེ། བསྟན་པ་ཡོངས་རྫོགས་རིན་ཆེན་བང་མཛོད། ཐེག་པའི་ཡང་རྩེ་ནོར་བུའི་ཏོག་གིས་བརྒྱན་པ་སྟེ་གསུང་གི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། གངས་ཅན་མཁས་པ་ཡོངས་ཀྱི་ཡིད་དབང་འཕྲོག་པར་བྱས་ཏེ། ཕྱོགས་དང་རིས་སུ་མ་ཆད་པར་ཡོངས་ལ་གྲགས་པ་འབྲུག་གི་སྒྲ་དང་ཀུན་ལ་ཁྱབ་པ་ཉི་ཟླའི་འོད་བཞིན་ཁྱད་པར་དུ་འཕགས་པའོ༎”⑧
གསུམ། ཐུན་མོང་རིག་གནས་ཀྱི་མཇུག་བྱང་དུ་བཀོད་པའི་མཚན་གྱི་རྣམ་གྲངས་དེའི་མཐའ་དཔྱོད།
བདེ་བར་གཤེགས་པ་ལ་བསྟོད་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བའི་བརྗེད་བྱང་དུ། ལུང་དང་རིགས་པ་དང་། མན་ངག་གི་དོན་ལ་བློའི་འོད་ཟེར་ཀུན་ནས་འཛུམ་ཞིང་། སྙན་ངག་དང་སྡེབ་སྦྱོར་དང་། མངོན་བརྗོད་ལ་སོགས་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཚིག་དང་དོན་གྱི་རྒྱན་རྣམ་པར་སྦྱར་བའོ༎
འཕགས་པ་འཇམ་དཔལ་ལ་བསྟོད་པ་མེ་ཏོག་གི་ཆུན་པོ་ཞེས་བྱ་བ། སྙན་དངགས་དང་། སྡེབ་སྦྱོར་དང་།མངོན་བརྗོད་ལ་སོགས་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ངག་གི་དབང་པོས་དེ་ཉིད་སྒྲུབ་པའི་ཚེ་གྲུབ་རི་རིན་པོ་ཆེ་འབྱུང་བའི་གནས་སུ་སྦྱར་བ་རྫོགས་སོ༎
འཕགས་པ་འཇམ་དཔལ་གཞོན་ནུ་ལ་བསྟོད་པ་མིའམ་ཅིའི་དབྱངས་སྙན་ཞེས་བྱ་བ་ཐོས་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་རྫོགས་སོ།།
འཕགས་མ་ངག་གི་དབང་ཕྱུག་མ་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཞེས་བྱ་བ། མང་དུ་ཐོས་པའི་སྙན་དངགས་མཁན་བསམ་ཡས་པས་ལྷུན་གྱིས་གྲུབ་པའི་རི་རིན་ཆེན་འབྱུང་བའི་གནས་སུ་སྦྱར་བ་དགེའོ༎
དཔལ་ཚོགས་བདག་ལ་བསྟོད་པ་སྡེབ་སྦྱོར་རྒྱ་མཚོའི་སྤྲིན་ཞེས་བྱ་བ་འདི་ནི་སྙན་ངག་དང་། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པའི་ཚུལ་རིག་པའི་དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་རྫོགས་སོ༎
དཔལ་ཡེར་བའི་གནས་ལ་བསྟོད་པ་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོས་སྦྱར་བའོ༎
ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ཡུལ་འཁོར་དང་བཅས་པ་ལ་བསྔགས་པ་རོལ་མོའི་སྤྲིན་ཕུང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོས་བཀོད་པ་དགེའོ༎
བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་གསལ་བར་བྱེད་པ་མེ་ཏོག་གི་སྐྱེད་མོས་ཚལ་ཞེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ཅིང་། སྙན་དངགས་དང་། སྡེབ་སྦྱོར། མངོན་བརྗོད་ཀྱི་གནས་ལ་མཁས་པ་ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱི་ཤིང་མོ་ལུག་གི་ལོ་ལ་བུམ་ཐང་ཐར་བའི་གླིང་དུ་ལེགས་པར་སྦྱར་བ་རྫོགས་སོ༎
ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་གི་གཙིགས་ཀྱི་ཡི་གེ་ཞིབ་མོ་བཀོད་པ། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ཅིང་། ཐེག་པ་མཆོག་གི་གནས་ལ་ལེགས་པར་སྦྱངས་པའི་བློ་གྲོས་རྒྱ་ཆེ་བ་དང་། དེ་ཁོ་ན་ཉིད་ཀྱི་དོན་ལ་རྣམ་པར་ངེས་པའི་རྟོགས་པས་དབང་འབྱོར་བའི་ཆོས་སྨྲ་བ་ཀུན་མཁྱེན་ངག་གི་དབང་པོས་ལེགས་པར་སྦྱར་བ་རྫོགས་སོ༎
བློ་གསལ་རི་བོང་གི་རྟོགས་པ་བརྗོད་པ་ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ལ་མང་དུ་ཐོས་པའི་བློ་གྲོས་རྒྱ་ཆེ་ཞིང་། གངས་རིའི་ཁྲོད་ཀྱི་སྙན་དངགས་མཁན་རྣམས་ཀྱི་ནང་ནས་ཁྱུ་མཆོག་ཏུ་གྱུར་པ་ཀུན་མཁྱེན་ངག་གི་དབང་པོས་ལྷུན་གྲུབ་གླིང་གི་གནས་སུ་སྦྱར་བ་རྫོགས་སོ༎
པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་མང་དུ་ཐོས་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ངག་གི་དབང་པོས་རང་བྱུང་པདྨའི་གནས་སུ་སྦྱར་བ་རྫོགས་སོ༎
ནགས་ཚལ་ཀུན་ཏུ་དགའ་བའི་གཏམ། མང་དུ་ཐོས་པའི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ངག་གི་དབང་པོས། རི་བོ་ཡང་རྩེའི་འཁོར་བའི་གནས་ལས་ངེས་པར་འབྱུང་བའི་ཚེ་སྦྱར་བའོ༎
ཆོས་ཀྱི་སྡོམ་བཞི་དྲི་མ་མེད་པའི་གཏམ་ཞེས་བྱ་བ། མང་དུ་ཐོས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རིའི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་ཞེས་བྱ་བའི་དབེན་གནས་སུ། དཔྱིད་གསུམ་བསིར་བུའི་གནམ་གཡོགས་འཛིན་པའི་ཚེ་ལེགས་པར་སྦྱར་བ་ཡོངས་སུ་རྫོགས་སོ༎
བཀྲ་ཤིས་དཔལ་འབར་མ་ཞེས་བྱ་བ། རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་པ་དགེའོ།།
རིན་ཆེན་གསང་བའི་ཡང་གབ་ཅེས་བྱ་བ་གཡའ་ཕུའི་མིག་ཅེས་བྱ་བའི་དབེན་གནས་སུ་བླ་མ་དམ་པ་ཀུ་མ་རཱ་ཛ་བཞུགས་པའི་དྲུང་དུ་ཕྱིན་དུས་དེར་བརྩོན་གྱིས་བསྟན་འཛིན་ཁྲེགས་ཆོད་སྒོམ་པ་ལ། དགོངས་པ་ཆུ་བོའི་རྒྱུན་འདི་བདག་གིས་ཡི་གེར་བཀོད་ནས་ཕུལ་བས། བླ་མ་རིན་པོ་ཆེ་ཤིན་ཏུ་མཉེས་ནས་འོར་ཆེ་འོར་ཆེ་ཕ་ལ་བུ་སྐྱེས་གསུངས་ནས་བསྔགས་ཏེ། ཡི་གེ་འདི་བླ་མེད་ཐོབ་པ་མ་གཏོགས་པ་གཞན་ལ་མ་བསྟན་ཅིག་གསུངས་ནས་བཀའ་རྒྱ་མཛད་དོ། །
ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོས་གངས་རི་ཐོད་དཀར་གྱི་མགུལ། མེ་ཏོག་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁང་བཟང་ཟླ་བ་ཆུ་ཤེལ་གྱིས་འཚེར་བར་སྦྱར་བ་སྟེ་རེ་ཞིག་རྫོགས་སོ། ། ཕྱོགས་དུས་ཀུན་ཏུ་བདེ་ཆེན་གྱི་ཆར་སྐལ་བ་རྫོགས་ལྡན་གྱི་དུས་བཞིན་དུ་འབབ་པས་བསམ་རྒུའི་རེ་བ་ཐམས་ཅད་འགྲུབ་པར་གྱུར་ཅིག
འདུན་པས་སྨྲ་བ་ཡང་དག་པའི་ལན་གྱིས་ཚར་བཅད་པའི་རབ་ཏུ་བྱེད་པ་ཕྲེང་ལྡན་ཞེས་བྱ་བ་ཐོས་པའི་སྙན་ངག་མཁན་དཔལ་ལྡན་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཡོངས་སུ་སྦྱར་བ་རྫོགས་སོ༎
རྐྱེན་ལ་ཁམས་འདུས་པ་ཀ་ཁ་སུམ་ཅུ་ཞེས་བྱ་བ་འདི་ཡང་བསམ་ཡས་པ་ངག་གི་དབང་པོས་གསང་ཕུ་ནེའུ་ཐོག་ཏུ་སྦྱར་བ་འདིས་དགེ་ལེགས་འཕེལ་བའི་རྒྱུར་གྱུར་ཅིག
དུས་ལ་མངོན་པར་སྐྱོ་བའི་རབས་ཞེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལས་མང་དུ་ཐོས་པ་ནོར་གྱིས་ཕྱུག་ཅིང་། ཟབ་མོ་དེའི་ཁོ་ན་ཉིད་ཀྱི་དོན་ལ་ཡང་དག་འཇོག་གི་བསམ་གཏན་པ་ཀུན་མཁྱེན་ངག་གི་དབང་པོས། གངས་རི་ཐོད་དཀར་གྱི་མགུལ། འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁང་བཟང་དམ་པ། ཟླ་བ་ཆུ་ཤེལ་གྱིས་འཚེར་བའི་གནས་སུ་སྦྱར་བ་འདི་རེ་ཞིག་རྫོགས་སོ༎
རང་ལ་གྲོས་སུ་གདམས་པ་རྡོ་རྗེའི་མགུར་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ། ཨོ་རྒྱན་རྫོང་གི་གནས་ཀུན་ཏུ་བཟང་པོའི་ཁང་བཟང་ཟླ་བ་ཆུ་ཤེལ་གྱིས་འཚེར་བའི་གནས་སུ་སྨྲས་སོ༎
ཐར་བ་ལ་སྐུལ་བའི་རབས་ཞེས་བྱ་བ་ཐོས་པའི་སྙན་ངག་མཁན་ཀུན་མཁྱེན་ངག་གི་དབང་པོས་གངས་རི་ཐོད་དཀར་གྱི་མགུལ། འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁང་བཟང་མཆོག་ཟླ་བ་ཆུ་ཤེལ་གྱིས་འཚེར་བའི་གནས་སུ་ལེགས་པར་སྦྱར་བ་ནི་རེ་ཞིག་རྫོགས་སོ༎
ངང་བའི་དྲིས་ལན་སྤྲིན་གྱི་སྙིང་བོ་ཞེས་བྱ་བ། གངས་རིའི་ཐོད་ཀྱི་སྙན་དངགས་མཁན་དཔལ་ལྡན་བསམ་ཡས་པ་ངག་གི་དབང་པོས། སྙན་ངག་དང་སྡེབ་སྦྱོར་གཙོ་བོར་མ་བྱས་ཤིང་གོ་བདེ་བར་བྱ་བའི་ཕྱིར། རང་བྱུང་པདྨའི་གནས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པར་སྦྱར་བ་རྫོགས་སོ༎
སྙིང་གཏམ་སུམ་ཅུ་བ་ཞེས་བྱ་བ་ངེས་པར་འབྱུང་བ་ཅུང་ཟད་ཀྱི་བློས་བསྐུལ་བ་ཚུལ་ཁྲིམས་བློ་གྲོས་ཀྱི་སྦྱར་བའོ། །
ཞུ་ཡིག་རིན་པོ་ཆེ་གསེར་གྱི་མཆོད་སྡོང་ཞེས་བྱ་བ། ཞི་བའི་ནགས་སུ་ཟབ་མོའི་དེ་ཁོ་ན་ཉིད་སྒྲུབ་པ་ལ་མངོན་པར་བརྩོན་པའི་བསམ་གཏན་པ་ཀུན་མཁྱེན་ངག་གི་དབང་པོས་ཕུལ་བ། ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་དང་བདེ་ལེགས་ཀྱི་ཆར་བསྐལ་བ་རྫོོགས་ལྡན་གྱི་དུས་སུ་ཉེ་བར་གནས་པ་བཞིན་དུ་བསམ་རྒུའི་རེ་བ་མཐའ་དག་འགྲུབ་ཅིང་འབབ་པར་གྱུར་ཅིག
ཆོས་ཀྱི་རྗེ་རང་བྱུང་རྡོ་རྗེའི་སྤྱན་སྔར་དྲི་བའི་ཚིག་ལེའུར་བཅད་པ། ཆོས་སྨྲ་བའི་བཙུན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཕུལ་བ། ཕྱོགས་དུས་ཀུན་ཏུ་བདེ་ཆེན་གྱི་ཆར་བསྐལ་བ་རྫོགས་ལྡན་གྱི་དུས་བཞིན་དུ་འབབ་པར་གྱུར་ཅིག
སེམས་དང་ཡེ་ཤེས་བརྟགས་པའི་མན་ངག་ཅེས་བྱ་བ། གངས་རི་ཐོད་དཀར་ནས་ཆོས་སྨྲ་བའི་བསམ་གཏན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས། སློབ་དཔོན་ཆོས་གྲགས་བཟང་པོའི་ཕྱག་ཏུ་ཕུལ་བ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པར་མངའ་དབང་འབྱོར་ཞིང་། འགྲོ་བ་ཐམས་ཅད་ཀྱི་དཀར་པོ་རྣམ་པར་འཕེལ་བས་ཐར་བ་ཆེན་པོའི་གྲོང་ཁྱེར་མཆོག་ཏུ་འབད་པ་མེད་པར་ཕྱིན་པར་གྱུར་ཅིག
གོང་གསལ་སྦྱར་བའི་བསྟན་བཅོས་དག་ལས་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ། དེ་དག་ལས་སྤྱི་སྡོམ་ཞིག་བྱས་ན་བརྗོད་བྱ་ཉེ་བར་སྟོན་ཕྱིར། སྙན་ངག་དང་སྡེབ་སྦྱོར། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་གཙུག་ལག་དང་མཐུན་པའི་དྲང་དོན་གཙོ་ཆེར་སྟོན་པ་དག་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་དང་། གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་སྟོན་པ་རྣམས་སུ་ནི་རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་དང་། ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམ་གཙོ་བོར་སྟོན་པ་དག་ནི་དྲི་མེད་འོད་ཟེར་གྱིས་ཞེས་དང་། གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་དང་། ཐེག་པ་དང་། གྲུབ་པ་དང་། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི་ཀུན་མཁྱེན་ངག་གི་དབང་པོས་སྦྱར་བ་ཞེས་འབྱུང་ངོ༎ དེ་དག་གི་སྟེང་དུ་གྲུབ་མཐའ་མཛོད་ལས་གསལ་བ་ལྟར། ཀློང་གསལ་དྲི་མེད་དང་། རྡོ་རྗེ་སེམས་དཔའ། བློ་གྲོས་མཆོག་ལྡན། པདྨ་མ་ལས་གྲོལ་ཏེ་མཚན་གྱི་རྣམ་གྲངས་བཅུ་གཅིག་གོ།
མདོ་སྔགས་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་སྐྱེས་ཆེན་དམ་པ་རྒྱལ་བ་ཀློང་ཆེན་པའི་ཐུན་མོང་རིག་གནས་དང་འབྲེལ་ནས་ཡིག་ཆའི་ཞིབ་འཇུག་རིན་ཐང་གཞལ་དུ་མེད་ལ། ད་ལྟའི་བར་ཁོང་གི་གསུང་རྩོམ་དང་ཆོས་ཁྲིད་མན་ངག་སོགས་ཀྱི་ཆ་གང་ལའང་ཞིབ་འཇུག་ཅིག་བྱས་ཡོད་པ་ཁོ་བོས་མ་མཐོང་ཞིང་། རང་རྒྱལ་ནང་ཁུལ་དུ་རྒྱའི་མཁས་པ་ལུའུ་ལི་ཆིན་གྱིས་ཁོང་གི་ཀློང་ཆེན་མཛོད་བདུན་རྒྱའི་སྐད་དུ་བསྒྱུར་ཡོད་ལ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་མེས་པོའི་ཤུལ་བཞག་དཔེ་ཚོགས་པར་སྐྲུན་བྱས་ཤིང་། དེའི་ནང་རྒྱལ་བ་ཀློང་ཆེན་པའི་གསུང་འབུམ་པོད་ཉེར་གཉིས་ཙམ་འགྲེམ་སྤེལ་བྱས་ཡོད། ཁོང་གི་རྣམ་ཐར་ལས་བཀོད་པའི་ཆོས་ཚན་གྱི་མཚན་ཐོ་དང་བསྡུར་ན་ད་དུང་ཆད་ལྷག་ཆེན་པོ་འདུག །
①ངག་དབང་རྒྱལ་པོ་དང་ལེགས་བཤད་ཐོགས་མེད། ཟླ་བ་རྒྱལ་མཚན་བཅས་ཀྱིས་བསྒྲིགས་པ། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དཀར་ཆག[G]མི་རིགས་དཔེ་སྐྲུན་ཁང་། 2003ལོའི་པར་གཞི་དང་པོའི་ཤོག་ངོས87ན་གསལ།
②ཆོས་གྲགས་བཟང་པོ། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་པར་གཞི་དང་པོའི་ཤོག་ངོས185ན་གསལ།
③གླག་བླ་ཆོས་འགྲུབ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་དད་པ་གསུམ་གྱི་འཇུག་ངོགས། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་པར་གཞི་དང་པོའི་ཤོག་ངོས29ན་གསལ།
④གུ་རུ་བཀྲ་ཤིས། གུ་བཀྲའི་ཆོས་འབྱུང་། [M]ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 1990ལོའི་པར་གཞི་དང་པོའི་ཤོག་ངོས223ན་གསལ།
⑤ཆོས་གྲགས་བཟང་པོ། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་པར་གཞི་དང་པོའི་ཤོག་ངོས185ན་གསལ།
⑥གླག་བླ་ཆོས་འགྲུབ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་དད་པ་གསུམ་གྱི་འཇུག་ངོགས། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་པར་གཞི་དང་པོའི་ཤོག་ངོས29ན་གསལ།
⑦གུ་རུ་བཀྲ་ཤིས། གུ་བཀྲའི་ཆོས་འབྱུང་། [M]ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 1990ལོའི་པར་གཞི་དང་པོའི་ཤོག་ངོས 87ན་གསལ།
⑧གླག་བླ་ཆོས་འགྲུབ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་དད་པ་གསུམ་གྱི་འཇུག་ངོགས། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་པར་གཞི་དང་པོའི་ཤོག་ངོས29ན་གསལ།