གནམ་རིག་སྐར་རྩིས་ལས་ཟླ་བཤོལ་འདོན་ཐབས་ལ་ཅུང་ཙམ་དཔྱད་པ།

ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་། ཞཱོ་ཏི་ཅོན། ཀུན་བཟང་སྒྲོལ་མ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09


   [གནད་བཏུས] ཟླ་བཤོལ་ནི་ཉིན་རེའི་དབུགས་ཆུ་སྲང་སོགས་ལྷག་མའི་གྲངས་བསགས་ནས་གྲུབ་པའི་ཉིན་ལྷག་གི་ཚོགས་ཡིན་པ་དང་། ཟླ་བཤོལ་བཏོན་པ་དེས་དུས་ཀྱི་ཟླ་བ་གནམ་གྱི་ཟླ་བའི་འཕེལ་འགྲིབ་དང་བསྟུན་པ་དང་། དུས་བཞི་ལྡོག་གཉིས་སྣ་མཉམ་སོགས་རང་སར་འབབ་པའི་གཞི་ཡིན་པས་ཚན་རིག་གི་དོན་སྙིང་ཆེན་པོ་ལྡན་ན་འདིར་དེའི་སྐོར་དམིགས་སུ་བཀར་ནས་གླེང་ཡོད།
   [གནད་ཚིག] སྐར་རྩིས། ཟླ་དག ཟླ་བཤོལ།
   བོད་ཀྱི་སྐར་རྩིས་རིག་པ་ནི་མདོ་དབུས་མཐོ་སྒང་ན་འཚོ་ཞིང་གནས་པའི་བོད་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་པའི་ཉམས་མྱོང་གསོག་འཇོག་བྱས་པ་དེ་ཁ་ཇེ་ཚང་དང་གཏིང་ཇེ་ཟབ་ཏུ་བཏང་བ་མ་ཟད། ཕྱི་ནས་ཀྱང་དེའི་རིག་པ་ཚུར་ལེན་གྱིས་དེ་དག་དང་རྩུབ་བརྡར་མང་པོ་བྱས་ནས་དར་སྤེལ་དང་འཕེལ་རྒྱས་བྱུང་བ་ཡིན།
   དང་པོ། སྤྱིར་སྐར་རྩིས་རིག་པའི་བརྗོད་དོན་གཙོ་བོ་མདོར་བསྡུས་སུ་གླེང་བ།
   སྤྱིར་སྐར་རྩིས་རིག་པ་ནི་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པ་སྟེ། འདི་ལ་རིག་གནས་ཆེ་ཆུང་གཉིས་སུ་འདུ་བའི་སྐར་རྩིས་རིག་པ་ཞིག་དང་། ཆུང་བ་ཁོ་ནར་གཏོགས་པའི་སྐར་རྩིས་རིག་པ་ཞིག་དང་བཅས་གཉིས་ཡོད་ལ། ཕྱི་མ་དེ་ནི་རྩིས་རིག་བྱེ་བྲག་པ་ཞིག་ཡིན། རྩིས་རིག་ཅེས་པ་ནི་འཇིག་རྟེན་ཁམས་ཀྱི་དངོས་པོ་སོགས་བརྩི་བྱ་མཐའ་དག་གྲངས་ཀྱི་སྒོ་ནས་གཞལ་བར་བྱེད་པའི་རིག་པ་ཞིག་ཡིན་ཞིང་། དེ་ཡང་སྐབས་བབ་ཀྱི་བརྗོད་བྱ་དུས་འཁོར་ལུགས་ཀྱི་སྐར་རྩིས་རིག་པ་འདི་རིག་གནས་ཆེ་བ་ལྔའི་ཡ་གྱལ་ནང་དོན་རིག་པའི་ཁོངས་སུ་གཏོགས་མོད། འོན་ཀྱང་སྐར་རྩིས་རིག་པ་དེ་ཉིད་ནི་ཆོས་ལུགས་ཀྱི་ནང་དོན་མཚོན་བྱེད་ཙམ་མ་ཡིན་པ་ནི། ཁྲོ་རུ་ཚེ་རྣམ་མཆོག་གིས། ནམ་མཁའི་གོ་ལ་བཅུ་གཉིས་ཁྱིམ་གྱི་གཞིར། ། རྒྱུ་སྐར་ལྷ་མོའི་འཛུམ་གྱིས་བསུས་པའི་མོད། ། དྲང་སྲོང་གཟའ་དགུས་སྤྱོད་པ་ལེགས་ཉེས་རྩིས། ། དུས་བཞི་བླང་དོར་སྟོན་པའི་ཚན་རིག་ཡིན། ། ཞེས་གསུངས་པ་བཞིན་གོ་ལ་ཞེས་པ་ནི་རྒྱ་གར་སྐད་དམ་ལེགས་སྦྱར་གྱི་སྐད་ཡིན་ལ་དེ་བོད་སྐད་དུ་བསྒྱུར་ན་ལྕི་ཡང་དང་ཟླུམ་པོ་ཡང་ཟེར། ལྕི་བ་ས་ཆུ་སོགས་དང་ཡང་བ་མེ་རླུང་སོགས་འདུས་ནས་གྲུབ་པའི་སའི་གོ་ལ་ཟླུམ་གཟུགས་འདི་དང་། སའི་གོ་ལ་རང་ཉིད་ཐེ་བའི་གཟའ་སྐར་གྱི་འཁོར་སྐྱོད་བྱེད་སའི་བར་སྣང་སྐྱ་སངས་ཐོག་རེག་བྲལ་བ་དེ་ལ་ནམ་མཁའི་གོ་ལ་ཟེར། དེ་ན་ལུག་གླང་འཁྲིག་པ་ཀར་ཊ་སེང་གེ་བུ་མོ་སྲང་སྡིག་པ་གཞུ་ཆུ་སྲིན་བུམ་པ་ཉ་བཅས། ཁྱིམ་བཅུ་གཉིས་པོ་གཟའ་རྣམས་ཀྱི་བགྲོད་ལམ་མམ་ལོངས་སྤྱོད་པའི་གཞིར་ཟླུམ་པོར་ཆགས་པས་ཡིན། ཁྱིམ་རེ་རེར་རྒྱུ་སྐར་ཉེར་བརྒྱད་ཀྱི་ས་ཁྱོན་དུ་ཕྱེས་པའི་ཆུ་ཚོད༡༦༢༠ཡོད་པ་དེ་ཡུལ་ལ་འཇལ་བའི་ཡུལ་གྱི་ཆུ་ཚོད་ཡིན། དེ་བས་ན་གཟའ་དགུས་ཁྱིམ་བཅུ་གཉིས་དང་རྒྱུ་སྐར་ཉེར་བརྒྱད་ཀྱི་ས་ཁྱོན་ལ་ལོངས་སྤྱད་པའི་ལེགས་ཉེས་སྟོན་བྱེད་དང་།དུས་བཞིའི་འཆར་ཚུལ་མ་ནོར་བར་སྟོན་པ་ནི་ཇི་སྐད་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོས། ས་ལ་རི་མོ་བྲིས་པས། ། ནམ་མཁའི་སྐར་ཚོད་ཐིགས་སོང་། ། ཞེས་པ་བཞིན་ཚན་རིག་པ་རྣམས་ཀྱིས་ཕྲ་མཐོང་རྒྱང་ཤེལ་དང་རྣོ་མཐོང་ཞིབ་བཤེར་གྱིས་ལག་ཆ་བཀོལ་བ་ལས་ཀྱང་རིག་པ་འདི་ནི་བླ་ལྷག་གིས་ཁྱད་པར་དུ་འཕགས་པའི་ཚན་རིག་ཅིག་གོ། དེ་ཡང་ཡིན་ཏེ་གཟའ་སྐར་ལ་བལྟས་ཏེ་ལེགས་ཉེས་བརྗོད་པའི་ཚན་རིག་ལག་རྩལ་ལ་ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ན་ས་ལ་རི་མོ་བྲིས་ཏེ་ནམ་མཁའི་སྐར་ཚོད་འཛིན་པའི་རིག་པ་འདིར་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་མངའ་བས་སོ། །
   དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་བརྗོད་བྱའི་དོན་རྣམས་གཙོ་བོར་བསྡུས་ན་ཕྱི་ནང་གཞན་གསུམ་གྱི་བདག་ཉིད་ཅན་ཏེ། ཕྱི་རོལ་ཏུ་ཇི་ལྟར་སྣང་བ་འཇིག་རྟེན་གསུམ་གྱི་ཁམས་ཀྱི་བཀོད་པ་བསྟན་པ་ནི་ཕྱི་དུས་ཀྱི་འཁོར་ལོ་ཡིན་ལ། ཕྱི་རོལ་གྱི་སྣང་བ་ཐམས་ཅད་ནང་གི་ལུས་ཀྱི་ཁམས་ཀྱི་འདུ་འཕྲོད་ལས་སྣང་བའི་ཕྱིར། ནང་རྡོ་རྗེ་ལུས་ཀྱི་ཚད་དང་རྩ་རླུང་ཐིག་ལེའི་བཀོད་པ་བསྟན་པ་ནི་ནང་དུས་ཀྱི་འཁོར་ལོའོ། ། དེ་ལྟར་སྒྲིབ་པ་དང་བཅས་པའི་ཕྱི་རོལ་དང་ནང་གི་རྣམ་པར་སྣང་བ་དེ་དག་སྒྲིབ་པ་དང་བྲལ་བའི་དུས་ན་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བ་ནི་གཞན་དུས་ཀྱི་འཁོར་ལོ་ཞེས་བྱ་སྟེ། སྒྲིབ་པ་དང་བཅས་ཕྱི་དང་ནང་གི་སྣང་བ་རྣམས་ལས་གཞན་དུ་གྱུར་པ་ཡིན་པའི་ཕྱིར་རོ། ། རྩ་བའི་རྒྱུད་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། ། ཇི་ལྟར་ལུས་ལ་དེ་བཞིན་གཞན། ། ཞེས་པ་ལྟར་རོ། །
   དེ་ལས་ཟླ་བཤོལ་འདོན་པ་ལ་མདའ་རོའི་ལྷག་མ་འཕར་བའི་ཟླ་བཤོལ་འདོན་ཚུལ་དང་། ཟླ་བའི་སྒང་ལ་བརྟེན་ནས་འདོན་པའི་ལུགས་གཉིས་ཡོད། མདའ་རོའི་ལྷག་མ་འཕར་བའི་ཚེ་ཟླ་བཤོལ་འདོན་པ་དེ་དུས་ཀྱི་ཟླ་བ་གནམ་གྱི་ཟླ་བའི་འཕེལ་འགྲིབ་དང་མི་མཐུན་པའི་སྐབས་ཀྱང་ཡོད། དེ་བས་མདའ་རོའི་ལྷག་མ་དེ་ཆ་གྲངས་ཡིན་སྐབས༤༨དང་ཡ་གྲངས་ཡིན་སྐབས༤༩ལ་དུས་མཉམ་པ་ན་ཟླ་བཤོལ་འདོན་པ་དེ་ནི་ཡང་དག་པ་ཡིན་པས་ལག་ལེན་དུ་བསྟར་བཞིན་པ་འདིའོ། །
   གཉིས་པ། ཟླ་དག་གི་གོ་དོན་དང་ཟླ་དག་རྩི་སྲོལ་དེ་དཔེར་བརྗོད་ཀྱི་ལམ་ནས་ངོ་སྤྲོད་རགས་བསྡུས་བྱེད་པ།
   ཟླ་དག་ནི་ཟླ་བ་དག་པའི་གྲངས་ཡིན་ཏེ་ཟླ་བ་དག་པའི་ཚུལ་ཅུང་ཟད་བཤད་ན། རབ་བྱུང་དང་པོའི་མེ་ཡོས་ནས་ད་ལྟའི་ཤིང་རྟ་ལོ་འདིའི་བར་འདས་པའི་ལོ་ཚོགས་ཇི་སྙེད་པ་སྟེ་ལོ་དག་པ་བཅུ་གཉིས་ཀྱིས་བསྒྱུར་བ་ནི་འདས་པའི་ལོ་རྣམས་ཟླ་བར་གསིལ་བའོ། ། ལོ་ཚོགས་དེ་དག་བཅུ་གཉིས་སུ་གསིལ་བའི་ཟླ་བ་ནི་ཁྱིམ་ཟླ་ཡིན་ཏེ། ལོ་མཚན་ཉིད་པ་རེ་ལ་ཁྱིམ་ཟླ་བཅུ་གཉིས་སུ་ངེས་པའི་ཕྱིར། དེ་ལ་ནག་ཟླ་སྟེ་ཟླ་བ་གསུམ་པ་ནས་བཟུང་སྟེ་གང་བརྩི་བའི་འདས་ཟླ་བསྣོན་དགོས་ཏེ། དེ་མ་བསྣན་ན་ཟླ་བ་དེའི་ཚེས་རྩིས་མི་རྟོགས་པའི་ཕྱིར་རོ། ། འོན་ཀྱང་ཁྱིམ་ཟླས་ཚེས་རྩིས་མི་རྟོགས་པས་ཚེས་ཟླ་བཟོ་དགོས་ཏེ། ཞག་གསུམ་གྱི་ལྔ་བསྡུས་མི་འདྲ་བ་རི་མོས་གཏན་ལ་འབེབས་ནུས་ནའང་། ལུགས་གཞན་གཉིས་ཀྱི་ལག་ལེན་བྱས་པས་རིགས་པའི་རྣམ་གྲངས་ཙམ་ལས་དགོས་དོན་ལྷག་པོ་མི་འབྱུང་བས། ད་ལྟའི་ལག་རྩིས་བྱེད་པ་འདི་དག་སྔོན་གྱི་མཁས་པ་རྣམས་ཀྱི་ཚེས་ཞག་གི་ལྔ་བསྡུས་སུ་མཛད་པ་ཡིན་ཞིང་། རེས་གཟའ་ཚེས་ལོངས་ལ་ལྟོས་པར་ལུང་རིགས་ཀྱིས་སྒྲུབ་ནུས་པའོ། ། དེའི་ཕྱིར་ཟླ་བའི་ཚོགས་དེ་དག་གནས་གཉིས་སུ་འཇོག་པའི་སྟེང་མ་ནི་གང་ལ་བསྣན་པར་བྱ་བའི་གཞི་ཡིན་ལ། འོག་མ་ནི་གང་ལས་ལྷག་པའི་ཟླ་བ་འདོན་པར་བྱ་བའི་ཆེད་དུའོ། །དེ་ཡང་རྩ་རྒྱུད་ལས་འབྱུང་བ་ལྟར་གནས་འོག་མ་ཇི་ཙམ་ན་ཟླ་ལྷག་འབྱུང་བའི་ཁྱིམ་ཟླའི་གྲངས་སུམ་ཅུ་སོ་ཕྱེད་དང་གསུམ་གྱིས་བགོས་པའི་ཐོབ་ནོར་གནས་གོང་མ་ལ་བསྲེ་བར་བྱ་བ་ཡིན་ལ། བགོད་བྱེད་ཕྱེད་པོ་དེས་བགོད་མ་བདེ་བས་ཕྱེད་པོ་གྲལ་ལ་གཞུག་པའི་ཕྱིར་དུ་ཟླ་བ་རིལ་བོ་སོ་གཉིས་དེ་གཉིས་ཀྱིས་བསྒྱུར་ནས་ཟླ་ཕྱེད་གཅིག་པོ་བསྲེས་པ་ན་ཟླ་ཕྱེད་དྲུག་ཅུ་རེ་ལྔ་འབྱུང་ལ། བགོད་བྱེད་གཉིས་ཀྱིས་བསྒྱུར་བས་ན་དེ་དང་ཤེད་སྙོམས་པའི་ཕྱིར་བགོ་བྱ་ཡང་གཉིས་ཀྱིས་བསྒྱུར་ནས་དེ་ལ་རྩིས་འཕྲོ་བསྲེས་ཏེ། རེ་ལྔས་བགོས་པའི་རྙེད་ནོར་ནི་རྩི་གཞི་སྤོས་པ་ཚུན་ཆད་ཀྱི་ལྷག་པའི་ཟླ་གྲངས་དེ་གནས་སྟེང་མར་ཕྱིན་པས་སྟེང་མ་ཚེས་ཟླའི་ཚོགས་སུ་འགྱུར་ལ། འོག་མ་དུས་གཟེར་རྟོགས་པར་བྱེད་པའི་གཞིའམ་ཟླ་ལྷག་འདོན་བྱེད་ཀྱི་གཞིའང་ཡིན་ནོ། ། དཔེར་ན་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་བརྒྱད་པ་ཤིང་ཕོ་རྟ་ལོ་ཡིན་ལ། དེའི་བོད་ཟླ་བཞི་བ་ནི་དུས་འཁོར་ལུགས་ལྟར་ན་ཟླ་བ་གཉིས་པ་ཡིན། འདི་ལ་དཔེ་བཞག་ནས་ཟླ་དག་རྩིས་ན་འདི་ལྟར། དེ་ལ་འདས་ལོ༢༧དང་འདས་ཟླ་༡བཅས་ཡིན། དེ་རྩི་སྲོལ་ནི།
༢༧×༡༢+༡=༣༢༥
༣༢༥+༡༠=༣༣༥
༣༢༥×༢=༦༥༠
༦༥༠÷༦༥=༡༠......༠
༣༣༥ ནི་ཟླ་བ་དག་པའི་ཚོགས།
༠ ནི་མདའ་རོ་ལྷག་མ།
ཟླ་དག་བརྩི་བ་དེ་སྤྱི་འགྲོས་སུ་བཞག་ན། aནི་འདས་ལོ། bནི་འདས་ཟླ། r ནི་མདའ་རོ་ལྷག་མ་ཡིན་པར་ཆ་བཞག་ན།
a×12+b=x x ནི་ཟླ་ཚོགས།
x+p=y y ནི་ཟླ་བ་དག་པའི་ཚོགས།
2x÷65=p …… r r ནི་མདའ་རོ་ལྷག་མ།
ཡང་ན། 2(a×12+b)÷65=p …… r r ནི་མདའ་རོ་ལྷག་མ།
a×12+b+p=y y ནི་ཟླ་བ་དག་པའི་ཚོགས་ལྟར་རོ། །
   གསུམ་པ། སྒོས་སུ་ཟླ་བཤོལ་ཇི་ལྟར་འདོན་པ་དང་དེའི་དགོས་པའི་སྐོར་གླེང་བ།
   ༡. ཟླ་བཤོལ་ཇི་ལྟར་འདོན་པ།
   ཕུག་ལུགས་གྲུབ་རྩིས་གཞིར་བཞག་གིས་བརྩིས་ན་ཁྱིམ་ལོ་གཅིག་གི་ཚད་ཉིན་ཞག་གིས་གཞལ་ན་ཉིན་ཞག༣༦༥འབྱུང་། ཉིན་ཞག་གི་ཕུང་བོ་དེ་ཚེས་ཟླའི་གྲངས་ཀྱིས་གཞལ་ན་ལོ་གཅིག་ལ་ཚེས་ཟླ་བཅུ་གཉིས་སུ་མཛད་ན་ཉུང་སྐྱོན་དང་བཅུ་གསུམ་དུ་མཛད་ན་མང་སྐྱོན་དུ་འགྱུར་བས་ལོ་གསུམ་ལ་ཟླ་གཅིག་ལྷག་གིས་ཉུང་ངོ་། །
   དེ་ལྟར་ཚེས་ཟླ་དང་ཁྱིམ་ལོ་གཉིས་གུང་བསྒྲིགས་ཏེ་བརྩི་དགོས་པའི་རྒྱུ་མཚན་གྱིས་ཇི་ཙམ་ཉུང་བས་ཞག་གྲངས་རྗེས་འབྲང་དང་བཅས་པ་བསགས་ཏེ་ཟླ་བ་ལོན་པ་ན་ཟླ་བཤོལ་འདོན་པའོ། ། ཡང་བོད་ཀྱི་དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ལུགས་ལ་ཟླ་བཤོལ་འདོན་ཚུལ་ནི་བྱེད་གྲུབ་ལུགས་གཉིས་མཐུན་པར་ཟླ་ཕྱེད་རེ་ལྔ་སྟེ་ཟླ་བ་ཕྱེད་དང་སོ་གསུམ་གྱི་མཚམས་སུ་ཟླ་བཤོལ་རེ་འདོན་པ་སྟེ། ལོ་གཉིས་དང་ཟླ་བ་བརྒྱད། ཞག་པོ་བཅོ་ལྔ་རེའི་མཚམས་སུ་ཡིན། ཟླ་བཤོལ་འདོན་པ་ལ་ལག་ལེན་གྱི་ཕྱག་བཞེས་སུ་མདའ་རོའི་ལྷག་མ་འཕར་བའི་ཚེ་ཟླ་བཤོལ་འདོན་པ་དང་། མདའ་རོའི་ལྷག་མ་ཆ་ཡིན་སྐབས༤༨དང་ཡ་ཡིན་སྐབས༤༩ལ་བབས་དུས་སྒང་བྲལ་བ་དུས་མཉམ་པས་ཟླ་བཤོལ་འདོན་པ་སྟེ། ཟླ་བའི་སྒང་ཚད་ལས་འདོན་པའི་ལུགས་གཉིས་ཡོད་དེ་དབུགས་སྒང་ཁྱིམ་སླེབས་ནི་དུས་ཚིགས་རང་སོར་འབབ་བྱེད་ཀྱི་གཞི་ཡིན་ཏེ་དབུགས་ཐོབ་པ་ནས་ཟླ་བ་དེའི་མགོ་ཟིན། སྒང་ཚད་ཀྱིས་དཀྱིལ་སྟོན། ཁྱིམ་སླེབས་ཀྱིས་ཉི་མས་ཟླ་བ་དེའི་དངོས་གཞིའི་ཁྱིམ་བདག་ཏུ་འཛིན་པ་ཡིན། དེ་རྣམས་ལས་སྒང་བྲལ་ཟླ་བ་ལྷག་པར་འདོན་པའོ། །
   ༢. ཟླ་བཤོལ་རྩི་ཐབས།
   ཟླ་འཕྲོ་འཕོ་མཚམས་སྟེང་ནས་ཟླ། ། འོག་ནས་མིག་འཕྲི་སྐྱིན་པ་ལེན། ། འོག་མ་སྒང་དབུགས་ལྡོག་གཉིས་སོགས། ། དུས་གཟེར་བརྟན་པའི་གཞིར་ཡང་བཟུང་། ། ཞེས་པ་བཞིན་གོང་ལས་ཟླ་དག་བརྩི་སྐབས། གནས་གཉིས་བཞག་པ་དེས་འོག་མ་མདའ་རོའི་བགོས་པའི་ལྷག་གྲངས་དེ༤༨ཡང་ན༤༩ལས་གང་རུང་ཤར་ན་ཟླ་དེ་ལ་ཟླ་བཤོལ་འདོན་པ། དཔེར་ན། ༢༠༡༣ལོའི་ཧོར་ཟླ་བརྒྱད་པ་ལྟ་བུར་མཚོན་ན།
༢༦×༡༢+༥=༣༡༧
༣༡༧+༩=༣༢༦
༣༡༧×༢÷༦༥=༩ ...... ༤༩
གོང་གི་ལྷགr=༤༩ཡིན་པས་ཟླ་བ་དེ་ལ་བཤོལ་འབྱུང་བའོ། །
   ༣. ཟླ་བཤོལ་བཏོན་པའི་དགོས་པ།
   ཟླ་བཤོལ་ནི་ཟླ་བ་ལྷག་མའམ་ཟླ་བ་ཉིས་བརྩེགས་ཏེ། ཚེས་ཟླ་རེར་ཆུ་ཚོད་རྩིས་འཕྲོ་གཉིས་རེ་ལྷག་པ་བསགས་ནས་ཚེས་ཟླ༣༢.༥ཡས་མས་སུ་ཟླ་བཤོལ་རེ་འབྱུང་ངོ་། ། དེ་ནི་ལོ་གཅིག་གི་ཁྱིམ་ཞག་དང་ཚེས་ཞག་གཉིས་ངོ་བསྡོམས་པས་ཚེས་ཞག་གིས་ཁྱིམ་ཞག་གི་དོད་མ་ཐུབ་པས། ཚེས་ཞག་བཅུ་གཅིག་རྗེས་འབྲང་དང་བཅས་པ་ལྷག་པས་སོ། ། དེ་ཡང་ཁྱིམ་ཞག་ཅེས་པ་ནི་ཁྱིམ་གཅིག་གི་རྒྱ་ཁྱོན་ཡུལ་གྱི་ཆུ་ཚོད༡༣༥སུམ་ཅུའི་ཆར་བྱས་པའི་ཆ་གཅིག་སྤྱོད་པའི་ཡུན་ཚད་དམ། གོ་ལའི་རྒྱ་ཁྱོན་ཡུལ་གྱི་ཆུ་ཚོད༡༦༢༠སུམ་བརྒྱ་དྲུག་ཅུའི་ཆར་བྱས་པའི་ཆ་གཅིག་སྤྱོད་པའི་ཡུན་ཚད་ལ་འཇོག ཚེས་ཞག་ནི་ཟླ་བའི་དཀར་ནག་གི་ཆ་འཕེལ་འགྲིབ་བཅོ་ལྔ་རེ་བྱེད་པའི་ཆ་རེའི་ཡུན་ལ་ཟེར། དེ་གཉིས་བར་ཀྱི་ཆེ་ཆུང་གི་འབྲེལ་བ་ནི། ཁྱིམ་ཞག༡=ཚེས་ཞག༡ཆུ་ཚོད༢དང་ཆུ་སྲང༦༥ཡིན་པའོ། །
   དེ་ལྟར་ཉིན་ཚེས་སྦྲགས་མའི་ལོ་རྩིས་ཀྱི་ལུགས་འདིར་དུས་ཀྱི་ཟླ་བ་གནམ་གྱི་ཟླ་བའི་འཕེལ་འགྲིབ་དང་མཐུན་དགོས་ཤིང་ཚེས་ཟླ་དང་ཁྱིམ་ལོ་གཉིས་ཕན་ཚུན་བསྟུན་ནས་བརྩི་དགོས་པས་ཟླ་བཤོལ་འབྱུང་བ་ཡིན་ནོ། ། དེ་ཡང་དུས་ཀྱི་ཟླ་བ་གནམ་གྱི་ཟླ་བའི་འཕེལ་འགྲིབ་ལ་མ་མཐུན་ན་སྤྱི་ལོའི་ལུགས་ལྟར་ཚེས་གྲངས་བཅོ་ལྔ་ཤར་བ་ན་གནམ་དུ་ཟླ་བ་མཐོང་རྒྱུ་མེད་ལ་ཚེས་གྲངས་སུམ་ཅུ་ལ་ཡང་ཟླ་བ་ཉ་གང་བ་སོགས་ཀྱི་སྣང་ཚུལ་མཐོང་རྒྱུ་ཡོད་པ་མ་ཟད། དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འགྱུར་ལྡོག་དང་ཡང་མི་འཚམས་ཏེ། དཔེར་ན་ད་ལྟ་སྤྱི་ཟླ་ལྔ་བའི་ནང་དུ་སྤྱིར་ན་དབྱར་གཞུང་ཡིན་པ་དང་།མེ་ཏོག་སྣ་བརྒྱ་བཞད་དགོས་པ་ཡིན་ཡང་། འདི་ན་དེ་འདྲའི་སྣང་ཚུལ་མིན་པར་དཔྱིད་མགོ་ཚུགས་པ་ཙམ་ཡིན་ལྟ་བུའོ། ། སྐར་རྩིས་ཀྱི་ཟླ་བཤོལ་འདོན་པ་དེ་ནི་རང་དགར་ཚེས་ཟླའི་ཆུ་ཚོད་རྩིས་འཕྲོ་གཉིས་རེ་ལྷག་པ་དེ་བསགས་པ་ཙམ་མ་ཡིན་པར། དེ་ཚེས་ཀྱི་ཟླ་བ་གནམ་གྱི་ཟླ་བའི་འཕེལ་འགྲིབ་དང་བསྟུན་ཞིང་དུས་བཞིའི་འཕོ་འགྱུར་དང་ཡང་བསྟུན་པའོ། །ཟླ་བཤོལ་འདོན་པ་དེའི་དཔྱིད་མགོ་ཚུགས་ཚད་དང་།དབྱར་ཐོན་དུས་ཆར་བ་འབབ་ཚད། སྟོན་གྱི་ལོ་ཏོག་སྨིན་ཚད། དགུན་གྱི་གནམ་གཤིས་དང་ཁ་བ་བུ་ཡུག་སོགས་ཀྱི་ཚད་དོན་དངོས་དང་བསྟུན། ཟླ་བཤོལ་གྱིས་དུས་ཚིགས་སོགས་རང་སོར་བཞག་པ་དང་། མདའ་རོ་ལྷག་མ་དུས་གཟེར་སྟོན་པའི་གཞིར་བཟུང་སྟེ། དབུགས་སྒང་ཁྱིམ་སླེབས་ཀྱིས་ཟླ་བ་གཅིག་གི་དབུགས་ནམ་ཐོབ་པའམ་མགོ་ནམ་བརྩམས་པ་དེ་གསལ་བོར་སྟོན་ནུས། སྒང་གིས་ཟླ་བ་དེའི་དཀྱིལ་ལ་ག་དུས་སླེབས་པ་དང་། ཁྱིམ་སླེབས་ཀྱིས་ཉི་མ་ཁྱིམ་དེ་ལ་དངོས་སུ་སླེབས་པའི་དུས་སྟོན་པའོ། ། དཔེར་ན། ད་ལོའི་བོད་ཟླ་བཞི་བ་ལ་མཚོན་ན། ཟླ་བ༣པའི༢༢ལ་ཟླ་བཞི་བའི་དབུགས་ཐོབ། ཚེས༨ཡོས་ཀྱི་ལྔ་ཆ་བཞི་ནས་དབྱར་ཐོག་མའི་རང་སྒང་ཟིན། ཉིན་ཚད༣༢/༢༠མཚན་ཚད༢༧/༤༠རྟེན་འབྲེལ་རེག་པ། ཚེས༢༤རྟའི་ལྔ་ཆ་གཉིས་ནས་ཕྱི་ཟླའི་དབུགས་ཐོབ། རྩི་ཏོག་ཐོག་མ་རྒྱས་པ་ལྟ་བུའོ། ། འདིའི་ཞིང་བ་རྣམས་ལ་དུས་ཐོག་ཏུ་ཞིང་ལ་ཆུ་གཏོང་བ། རྫས་ལུད་ཚད་ག་འདྲ་རྒྱག་དགོས་པ། དེ་མ་གཏོགས་ལོ་ཏོག་འབུ་སྐྱོན་དང་ཐན་སྐྱོན་འབྱུང་མིན་སོགས་ཤེས་ནས་དེ་ལ་སྔོན་འགོག་བྱེད་ཐུབ་པ་རེད། འབྲོག་པ་རྣམས་ལ་མཚོན་ནའང་དགེ་མཚན་ཆེན་པོ་ལྡན་ཏེ། ཟླ་བཤོལ་བཏོན་ན་འབྲོག་པ་རྣམས་ཀྱིས་ནམ་ཚོད་རུ་དབྱར་ས་དང་དགུན་སར་སྤོར་བ། དུས་ནམ་ཞིག་ལ་བཞོན་མ་བཞོ་མགོ་རྩོམ་པ་དང་མཇུག་སྒྲིལ་བ། རྩྭ་ས་ཇི་ལྟར་ཟ་བ། ཕྱུགས་ཟོག་ལ་ནད་འབུ་སོགས་ཀྱི་གནོད་སྐྱོན་དང་ནད་གང་སོགས་ཕོག་ཉེན་ཡོད་པ། དེ་ལ་སྔོན་འགོག་བྱེད་པ། ཟླ་བ་གང་ལ་ཕྱུགས་ཟོག་གི་ཤ་ཤེད་རྒྱས་པ། དགུན་ཁ་གནམ་གཤིས་ངན་པ་དང་དཔྱིད་མགོར་བ་སོགས་སྔོན་དུ་ཤེས་ཏེ། དེ་ལ་གསོ་ཆས་ཉོ་བའམ་རྩྭ་ས་ཉོ་བ་སོགས་གྲ་སྒྲིག་བྱེད་པའོ། ། འདི་ལྟར་ཟླ་བཤོལ་འདོན་པ་དེས་ཞིང་འབྲོག་འཚོ་བ་དང་ཐོན་སྐྱེད་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དེ་བས་སྐར་རྩིས་རིག་པ་ཁྱབ་གདལ་གཏོང་བར་ཚན་རིག་གི་དོན་སྙིང་གལ་ཆེན་ལྡན་ནོ། །
དཔྱད་གཞིིའི་ཡིག་ཆ།
[1] དཔལ་བཟང་རྒྱ་མཚོ། སྐར་རྩིས་ཀྱི་རི་མོ་བློ་གསལ་བདེ་ལམ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2010.3
[2] གྲགས་པ་རྒྱ་མཚོ། འཇིགས་བྱེད་སྐྱབས། མདོ་སྨད་རྩིས་དོན་ཉུང་བསྡུས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005.1
[3] ཡུམ་པ། རྩིས་རིག་ལ་འཇུག་པའི་སྒོ། [M] མི་རིགས་དཔེ་སྐྲུན་ཁང་། 2000.12
[4] 黄明信,陈久金.藏理的原理与实践[M].北京:民族出版社,1987.3


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1