བསླབ་ཚན་ཚད་གཞི་གསར་བ་ལས་འཕྲོས་པའི་ས་རྒྱུས་སློབ་ཁྲིད་ཀྱི་བགྲོ་གླེང་།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ཡུམ་འཚོ་སྐྱིད། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09
[གནད་བཏུས] དཔྱད་རྩོམ་འདིར་བསླབ་ཚན་གསར་བའི་བཅོས་སྒྱུར་འདུ་ཤེས་དང་། སློབ་འབྲིང་ས་རྒྱུས་སློབ་ཁྲིད་ཀྱི་དོན་དངོས་ཟུང་དུ་འབྲེལ་ཏེ། འབྲེལ་ཡོད་ཀྱི་དཔྱད་གཞི་དག་ལ་བརྟེན་ནས་སློབ་འབྲིང་ས་རྒྱུས་ཀྱི་བསླབ་ཚན་བཅོས་སྒྱུར་གྱི་དོན་སྙིང་གལ་ཆེན་དང་དེའི་ཐབས་ལམ་ལ་དཔྱད་པ་གང་འཚམ་བཏང་སྟེ། ས་རྒྱུས་ཀྱི་སློབ་ཁྲིད་བྱེད་ཐབས་བཅོས་སྒྱུར་བྱེད་པའི་དགོས་ངེས་རང་བཞིན་དང་དཔྱད་ཐབས་དངོས་ཀྱི་རིམ་པ་གསལ་བོར་བརྗོད་ཡོད།
[གནད་ཚིག] ས་རྒྱུས་སློབ་ཁྲིད། བསླབ་ཚན་བཅོས་སྒྱུར། སློབ་ཁྲིད་བྱེད་ཐབས།
སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་སུ་སོང་བ་དང་སློབ་དེབ་གསར་བ་ཁྱབ་གདལ་དུ་བཏང་བ་དང་བསྟུན་ནས། ང་ཚོས་སློབ་ཁྲིད་ཀྱི་བརྒྱུད་རིམ་དངོས་ལས། སློབ་ཁྲིད་ཀྱི་འདུ་ཤེས་གསར་བ་དང་བྱེད་ཐབས་གསར་བས་ས་རྒྱུས་སློབ་ཁྲིད་ལ་མཛུབ་སྟོན་བྱས་ཏེ། སློབ་ཁྲིད་ཀྱི་འདུ་ཤེས་གསར་དུ་བསྒྱུར་བ་དང་། སློབ་ཁྲིད་ཀྱི་བྱེད་ཐབས་བཅོས་སྒྱུར་བྱེད་པ། དེ་མིན་དེང་རབས་ཀྱི་སློབ་གསོའི་ལག་ཐབས་སྤྱོད་པ་སོགས་གང་ཅིའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས། སློབ་དེབ་གསར་རྙིང་དང་སྔ་ཕྱིའི་སློབ་ཁྲིད་བྱེད་ཐབས་དཔྱད་བསྡུར་བྱས་པ་ལས་ཤེས་ཐུབ་པ་ཞིག་ནི། སྲོལ་རྒྱུན་གྱི་ས་རྒྱུས་སློབ་ཁྲིད་ལ་སློབ་གསོའི་འདུ་ཤེས་རྗེས་ལུས་དང་སློབ་ཁྲིད་བྱེད་ཐབས་གཅིག་རྐྱང་ཡིན་པ། སློབ་ཁྲིད་བྱེད་ཐབས་དེང་རབས་དང་མི་འཚམ་པ་སོགས་ཞན་ཆ་དུ་མ་ཡོད་པས། ངེས་པར་དུ་སློབ་ཁྲིད་བཅོས་སྒྱུར་གྱི་དམིགས་འབེན་མངོན་དུ་འགྱུར་བ་དང་།སློབ་གསོའི་འདུ་ཤེས་གསར་དུ་བསྒྱུར་བ། སློབ་ཁྲིད་ཀྱི་བྱེད་ཐབས་བཅོས་སྒྱུར་བྱེད་དགོས།
དང་པོ། ཐོག་མར་སློབ་ཁྲིད་ཀྱི་འདུ་ཤེས་བསྒྱུར་ཏེ་སློབ་ཁྲིད་ཀྱི་ལག་ལེན་དངོས་ལ་མཛུབ་སྟོན་བྱེད་པ།
༡.ས་རྒྱུས་སློབ་ཁྲིད་ཀྱིས་སློབ་མའི་འཕེལ་རྒྱས་གཞི་རྩར་འཛིན་དགོས།
སློབ་མའི་འཕེལ་རྒྱས་གཞི་རྩར་འཛིན་པ་ནི་གསར་དུ་དར་བའི་བསླབ་ཚན་བཅོས་སྒྱུར་གྱི་འདུ་ཤེས་ཡིན། སློབ་མའི་འཕེལ་རྒྱས་གཞི་རྩར་འཛིན་པ་ལ། ཐོག་མར་སློབ་མ་རེ་རེ་ནས་སློབ་གསོར་དངོས་སུ་ཞུགས་པ་དང་གདམ་གསེས་བྱེད་པའི་རང་དབང་ཡོད་དགོས། ད་ལྟའི་སློབ་གསོའི་སྒྲིག་གཞི་ལས་འབུར་དུ་ཐོན་པའི་གནད་དོན་གཙོ་བོ་ཞིག་ནི། འཛིན་གྲྭ་རེ་རེའི་སློབ་མའི་ཁ་གྲངས་མང་ཞིང་རྨང་གཞི་དང་ནུས་པའང་གཅིག་འདྲ་མིན་པས། ས་རྒྱུས་སློབ་ཁྲིད་ནང་རྨང་གཞི་བརྟན་ཞིང་ནུས་པ་ལྡན་པའི་སློབ་མ་དག་ནི་རིག་ལམ་གསལ་ལ་དྲིས་ལན་མྱུར་དུ་འདེབས་ཐུབ་པ་དང་། སྤོབས་པ་དང་སྤྲོ་སྣང་གིས་ཁེངས་འདུག་ལ། རྨང་གཞི་དང་ནུས་པ་ཞན་པའི་སློབ་མ་ཁ་ཤས་ནི་ཤེས་རྒྱ་ཆུང་ཞིང་སྦྱང་འདོད་ཀྱི་འདུན་པ་ཞན་ལ་ནམ་ཡང་རྗེས་སུ་ལུས། འདི་ནི་སྤྱིར་བཏང་གི་སྣང་ཚུལ་ཞིག་སྟེ། དེས་སློབ་མ་ཡོངས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ་དང་ང་ཚོའི་གསོ་སྐྱོང་གི་དམིགས་འབེན་དང་རིང་དུ་སོང་བས་ངེས་པར་དུ་བཅོས་སྒྱུར་བྱ་དགོས་སོ། ། གནད་དོན་དེ་ཐག་གཅོད་བྱེད་ན། གཅིག་ནས་སློབ་མ་ལ་དྲང་ཕྱོགས་ནས་སྐུལ་མ་གཏོང་བ་དང་སྦྱང་བརྩོན་གྱི་འདུན་པ་ཇེ་ཆེར་བསྐྱེད་དགོས། དགེ་རྒན་ཞིག་ཡིན་ན་ངེས་པར་དུ་སློབ་མ་ཐམས་ཅད་ལ་ཕྱོགས་རིས་དང་ཉེ་རིང་མེད་པར་གཅིག་མཚུངས་སུ་བལྟ་དགོས་པ་དང་། ལྷག་པར་དུ་སློབ་སྦྱོང་ཞན་པ་དག་ལ་སྐྱོན་བརྗོད་སོགས་སློབ་མའི་སེམས་ཁམས་ལ་གནོད་པའི་བྱ་སྤྱོད་ཡོངས་སུ་སྤངས་ནས། ངག་འཇམ་ཞིང་སེམས་ཁུག་པའི་ངང་ནས་སློབ་གསོ་གཏོང་བ་དང་དྲང་ཕྱོགས་ནས་སྐུལ་འདེད་བྱེད་པ་ནི་ཤིན་ཏུ་གལ་ཆེ་སྟེ། དཔེར་ན། ལན་འདེབས་སླ་བའི་དྲི་གཞི་འདོན་པའམ་ཡར་རྒྱས་ཅུང་ཙམ་ཡོད་ཚེ་དུས་དང་དུས་སུ་བཟང་བསྟོད་བྱས་ཏེ་སློབ་སྦྱོང་གི་སྤྲོ་སྣང་རིམ་གྱིས་བསྐྱེད་དགོས། དེ་ལྟར་རྒྱུན་འཁྱོངས་བྱས་ན་མི་འགྱངས་པར་གཞན་གྱི་རྗེས་སུ་ཆོད་པ་དང་སྦྱངས་འབྲས་ལེགས་པོ་འཐོབ་ངེས་སོ། ། གཉིས་ནས་བསླབ་ཚན་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ་སློབ་སྦྱོང་གི་སྤྲོ་བ་བསྐྱེད་དགོས། སློབ་འབྲིང་གི་ས་རྒྱུས་བསླབ་ཚན་ལ་ནང་དོན་ཕུན་སུམ་ཚོགས་ཤིང་སྤྲོ་སྣང་ལྡན་པ། ཡུལ་དངོས་དང་འབྲེལ་ཆེ་ཞིང་བཀོལ་ཁྱབ་ཆེ་བ། དངོས་ཡོད་དང་འཚོ་བ་ལ་འབྲལ་ཐབས་མེད་པ་སོགས་བསླབ་ཚན་གཞན་གྱིས་ཚབ་བྱེད་མི་རུང་བའི་ཐུན་མིན་གྱི་ཁྱད་ཆོས་དུ་མ་ལྡན་པས་ན། དགེ་རྒན་རྣམས་ཀྱིས་རྒྱུགས་སྤྲོད་སློབ་གསོའི་ངན་རྐྱེན་སེལ་ཅི་ཐུབ་ཀྱིས་སློབ་མའི་སེམས་ཁམས་དང་མཐུན་ཞིང་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་བྱེད་ཐབས་ཡོངས་སུ་སྤྱད་དེ། འཚོ་བ་ལ་འབྲེལ་ཚབས་ཆེ་ཞིང་སྤྲོ་སྣང་ལྡན་པའི་གོང་གསལ་བསླབ་ཚན་གྱི་ཁྱད་ཆོས་དེ་དག་ལྷན་ཐབས་སུ་སྦྱར་ཏེ་སློབ་ཁྲིད་བྱེད་པ་དང་།སྒོས་སུ་ཡུལ་དངོས་ལྗོངས་རྒྱུ་དང་རྟོགས་དཔྱོད་ཀྱི་ཐབས་ལམ་ལ་བརྟེན་ཏེ་རང་ཡུལ་གྱི་ས་ཁམས་ལ་རྒྱུས་ལོན་ལེགས་པོ་བྱུང་ན་སྦྱང་བརྩོན་གྱི་འདུན་པ་བསྐྱེད་ཐུབ་པར་མ་ཟད། ཕྱིས་ཀྱི་སྦྱང་བརྩོན་གྱི་ཁ་ཕྱོགས་འདེམ་པ་དང་ལས་ཞུགས་སོགས་གང་ཐད་ལ་ནུས་པ་མི་དམན་པ་ཐོན་ངེས་སོ། །
༢.ས་རྒྱུས་སློབ་ཁྲིད་ནི་དངོས་ཡོད་ཀྱི་འཚོ་བ་ལ་མངོན་དུ་ཕྱོགས་དགོས།
དེ་ཡང་སློབ་མའི་གང་བསླབས་ཐམས་ཅད་འཚོ་བ་དངོས་ལས་བེད་སྤྱོད་ཐུབ་པ་དང་། རང་གི་སྤྱོད་ལམ་ཇེ་བཟང་དུ་གཏོང་བའི་ཐབས་སུ་འགྲོ་དགོས་ཏེ། ས་རྒྱུས་སློབ་ཁྲིད་ནི་བསླབ་བྱ་གཞན་དག་ལས་ཀྱང་འཚོ་བ་ལ་འབྲེལ་ཆེ་ཞིང་ཐ་ན་བཟའ་བཏུང་སོགས་ལའང་དངོས་སུ་འབྲེལ་ཡོད། དེའི་ཕྱིར། ས་རྒྱུས་སློབ་ཁྲིད་ལ་བརྟེན་ནས་སློབ་མ་རྣམས་ལ་རང་གི་འཚོ་བར་ཉེར་མཁོ་ཆེ་ཞིང་། ཁོར་ཡུག་ལ་ཐད་ཀར་འབྲེལ་བའི་རྒྱུན་ཤེས་རང་བཞིན་གྱི་ས་རྒྱུས་ཤེས་བྱའམ་གཞུང་ལུགས། འབྲེལ་ཡོད་ཀྱི་ནུས་རྩལ་སོགས་ཐོབ་པ་དང་འཚོ་བ་དངོས་ལས་བྱུང་བའི་གནད་དོན་མང་པོ་ངོས་ཟིན་པ་དང་ཇི་ལྟར་ཐག་གཅོད་པའི་ཐབས་ལམ་གསལ་བོར་ངེས་ཏེ། ས་རྒྱུས་ཀྱི་སློབ་སྦྱོང་དེ་ཉིད་གཞུང་ལུགས་སམ་ཚན་རིག་གི་འཇིག་རྟེན་ལས་ལག་ལེན་ནམ་འཚོ་བའི་འཇིག་རྟེན་དངོས་ལ་མངོན་དུ་ཕྱོགས་པ་དང་། དངོས་ཡོད་འཚོ་བ་ལས་བྱུང་བའི་སྣང་ཚུལ་དག་གི་ས་རྒྱུས་རྒྱུ་རྐྱེན། མི་རིགས་སམ་ཡུལ་གྲུ་སོ་སོའི་ཐུན་མོང་མ་ཡིན་པའི་འཚོ་ཐབས་ཀྱི་ས་རྒྱུས་རྒྱབ་ལྗོངས། ཡུལ་ལྗོངས་ཀྱི་བཀོད་པ་མི་འདྲ་བ་ལས་ཐོན་པའི་མི་ཆོས་ཀྱི་རྣམ་པ་སོགས་ཇི་བཞིན་ངེས་དགོས། དཔེར་ན། འབྲོག་པའི་འཚོ་ཐབས་གཙོ་བོ་ཕྱུགས་ལས་ལ་བརྟེན་དགོས་པ་དང་། རོང་བ་ཕལ་ཆེར་ཞིང་ལས་གཙོ་བོར་གཉེར་བ། འགའ་ཞིག་རོང་མ་འབྲོག་གི་ཚུལ་དུ་གནས་དགོས་པའང་གང་ལ་འཚོ་ཞིང་གཞེས་པའི་ཡུལ་དེའི་ས་རྒྱུས་ཀྱི་རྒྱུ་རྐྱེན་ལ་ལྟོས་པ་དང་། མཐོ་སྒང་ལས་ཤ་མར་སོགས་བཅུད་ཆེ་བའི་ཟས་རིགས་བསྟེན་དགོས་པ་དང་། ཇ་ནག་གདུས་ནས་འཐུང་བ། ལྷག་པར་དུ་རྩམ་པ་ལ་འབྲལ་ཐབས་མེད་པ་སོགས་ཀྱི་རྒྱུ་མཚན་ཡང་འཚོ་ཡུལ་གང་ཞིག་གི་ས་རྒྱུས་རྒྱབ་ལྗོངས་ལ་རག་ལས་པ་དང་། བོད་མི་རྣམས་སྙིང་རྗེ་ལྡན་ཞིང་ཕན་སེམས་ཆེ་བ། རང་བཞིན་གྱིས་དགེ་ལ་གཞོལ་ཞིང་གཞན་ཕན་ལ་བརྩོན་པ། སེམས་རྒྱ་ཆེ་ཞིང་གཞན་ལ་འཚེ་བ་སྤངས་པ་དག་ཀྱང་ཡུལ་གྱི་བཀོད་པ་ལ་འབྲེལ་ནས་ཡོད་པས། དེའི་རྒྱུ་མཚན་ཡང་ས་རྒྱུས་ལ་སྦྱངས་པ་མ་ཐོབ་ན་ཇི་བཞིན་ཤེས་ཐབས་མེད་དེ། གཞན་ཁང་བའི་བཟོ་བཀོད། ཉེར་མཁོའི་ལག་ཆས། གནམ་གཤིས་ཀྱི་འགྱུར་ལྡོག གོན་པ་དང་མཛེས་སྤྲས། ཡུལ་སྐོར་ལྗོངས་རྒྱུ་དང་འཚོ་བའི་གོམས་གཤིས་སོགས་ཀྱང་ས་རྒྱུས་ལ་འབྲེལ་བ་དམ་པོ་ཡོད་པ་བཅས་ལ་དཔགས་ན། དགེ་རྒན་གྱིས་སློབ་མའི་འཚོ་བ་དངོས་ལས་བརྩམས་ཏེ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་ས་རྒྱུས་སློབ་ཁྲིད་བྱས་ན། སློབ་མའི་སྦྱང་བརྩོན་གྱི་འདུན་པ་ཆེས་ཆེར་བསྐྱེད་ཐུབ་པ་མ་ཟད། འཚོ་བ་དངོས་ལས་བྱུང་བའི་གནད་དོན་མང་པོ་ཞིག་ཀྱང་ཐག་གཅོད་ཐུབ་ངེས་ཡིན།
༣.ས་རྒྱུས་སློབ་ཁྲིད་ཀྱིས་སློབ་མའི་རྒྱུ་སྤུས་གསོ་སྐྱོང་བྱེད་པར་དོ་སྣང་བྱེད་དགོས།
ཤེས་བྱའི་དཔེ་ཁྲིད་དེ་ནུས་པ་གསོ་སྐྱོང་ལ་བསྒྱུར་བ་དང་། རྒྱུགས་སྤྲོད་སློབ་གསོ་རྒྱུ་སྤུས་སློབ་གསོ་ལ་བསྒྱུར་བ་ནི་མིག་སྔའི་སློབ་གསོ་བཅོས་སྒྱུར་གྱི་ཁ་ཕྱོགས་གཙོ་བོ་ཞིག་སྟེ། ང་ཚོས་ཤེས་བྱའམ་གཞུང་ལུགས་རྐྱང་རྐྱང་སྦྱངས་པ། དགོས་མཁོ་མི་ཆེ་བའི་འབྲི་དེབ་ཀྱི་ལས་བྱ་མང་དུ་འབྲི་བ། རྒྱུགས་སྤྲོད་ཁོ་ནའི་ཆེད་དུ་འབད་པ་སོགས་སྲོལ་རྒྱུན་གྱི་འཁྲིད་ཐབས་དེ་བཅོས་སྒྱུར་བྱས་ནས། རྒྱུ་སྤུས་སློབ་གསོའི་བསམ་བློ་དེ་ཉིད་ས་རྒྱུས་སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། དེ་ལ་ཐོག་མར་སློབ་མའི་བག་ལ་ཉལ་བའི་རིག་པའམ་ནུས་པ་དེ་ཉིད་འདོན་སྤེལ་བྱེད་དགོས་ཏེ། ས་རྒྱུས་སློབ་དེབ་ལས་དཔེ་རིས་མང་པོ་ཡོད་པ་ལས་སྒོས་སུ་ས་དབྱིབས་དང་སྲིད་ཁུལ་ལ་སོགས་པའི་ས་ཁྲ་སྣ་ཚོགས་ཀྱིས་ཡིག་ཚོགས་ལ་བལྟས་ན་སློབ་མ་ལ་ཐད་ཀར་སྤྲོ་སྣང་བསྐྱེད་ཐུབ་པ་དང་། ཚིག་གི་རྗོད་པ་དང་རྗེས་དཔག་གི་རིག་པ་ཁོ་ནས་གསལ་བར་མཚོན་ཐབས་མེད་པའི་ཤེས་ཡོན་མི་ཉུང་བ་ཞིག་ཚེགས་ཆུང་ངུས་ཤེས་པས། སློབ་མ་རྣམས་ལ་བརྗེད་ཐབས་མེད་པའི་བག་ཆགས་ཟབ་མོ་ཞིག་ངང་ངམ་ཤུགས་ཀྱིས་ཐེབས་ངེས་ཡིན། གཉིས་སུ་ན། སློབ་མའི་རྟོག་དཔྱོད་ཀྱི་ནུས་པ་གསོ་སྐྱོང་བྱེད་དགོས་ཏེ། ས་རྒྱུས་སློབ་དེབ་ལས་དཔེ་རིས། ཡིག་ཚོགས། ལས་བྱ་སོགས་མ་ལག་དུ་མ་འདུས་ཡོད་པས། སློབ་མའི་ལྟ་རྟོག་དང་ཡིད་འཛིན། རྗེས་དཔག དཔྱད་བསྡུར། དབྱེ་ཞིབ། གསར་སྐྲུན་སོགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པར་ཕན་ཆེ་བས། དེ་ལ་བརྟེན་ནས་སྦྱང་བྱའི་རིམ་པ་དེ་ཉིད་ཇི་བཞིན་རྟོགས་ཐུབ་པར་མ་ཟད། ཇི་ལྟར་སློབ་སྦྱོང་བྱེད་པའི་ཐབས་ལམ་བཟང་བོ་ཞིག་ཀྱང་རྙེད་ཐུབ། དེ་ནི་སློབ་མའི་རྟོག་དཔྱོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ་ལ་བརྟེན་ནས་འབྱུང་དགོས། གསུམ་དུ་ན། སློབ་མའི་རིག་གནས་བློ་སྦྱོང་གི་སློབ་གསོ་དམ་འཛིན་བྱེད་དགོས། ས་རྒྱུས་སློབ་ཁྲིད་ལས་ས་རྒྱུས་ཀྱི་ཤེས་བྱའམ་གཞུང་ལུགས་ཤེས་པ་དང་ཆབས་ཅིག་ཏུ། ངང་ངམ་ཤུགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁོར་ཡུག་སློབ་གསོ་གཏོང་བ་ལས་གཞན། རྒྱལ་ཁབ་བམ་མི་རིགས་ཀྱི་རིག་གནས་དང་རང་ཡུལ་གྱི་གནས་ཚུལ་སོགས་ཀྱང་གསལ་བོར་ངེས་དགོས། དེ་ལྟར་བྱས་ན། སློབ་མས་ས་རྒྱུས་སྦྱངས་པ་དང་མཉམ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་རང་གི་རིག་གནས་དང་ཡུལ་ལྗོངས་ལ་དགའ་བའི་འདུན་པ་ལེགས་པར་བསྐྱེད་ངེས།
གཉིས་པ། སློབ་ཁྲིད་ཀྱི་བྱེད་ཐབས་ལེགས་སྒྱུར་བྱས་ཏེ་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོ་རུ་འདེགས་དགོས།
༡.སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལེགས་སྒྱུར་བྱས་ཏེ་འཁྲིད་ཐབས་སྣ་མང་སྤྱད་དེ་སློབ་མའི་སློབ་སྦྱོང་གི་སྤྲོ་བ་སྐྱེད་སྲིང་བྱེད་པ།
སློབ་མའི་སློབ་སྦྱོང་གི་བརྒྱུད་རིམ་ནི་དགེ་རྒན་གྱིས་སློབ་མ་ལ་ཤེས་བྱ་སྦྱིན་པ་ཁོ་ན་ཙམ་མ་ཡིན་པར། གཙོ་བོ་སློབ་མ་རང་ཉིད་ཀྱིས་ཤེས་བྱ་སྦྱང་བའི་བརྒྱུད་རིམ་ཞིག་ཡིན་པས་ན། སློབ་མའི་སྔར་ཡོད་ཀྱི་རྨང་གཞིའི་སྟེང་ཤེས་བྱ་གསར་བ་སྦྱང་མགོ་བརྩམས་པ་ནས་བཟུང་སྟེ་རང་གིས་གང་ཤེས་ཐམས་ཅད་ལས་སྣོན་དང་གཞན་བསྒྱུར་གྱིས། བསླབ་བྱ་གང་ཡིན་པ་དེའི་ཤེས་བྱའི་མ་ལག་རིམ་ཅན་དུ་ཆགས་པ་དང་། དེ་ལག་ཆའམ་ནུས་རྩལ་དུ་བསྒྱུར་ཏེ་འཚོ་བ་དང་དོན་དངོས་སུ་སྤྱོད་ཐུབ་པ་ཞིག་ཡིན་དགོས། འོན་ཀྱང་། ས་རྒྱུས་སློབ་ཁྲིད་ལས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ནི། དགེ་རྒན་གྱིས་བཤད་དེ་སློབ་མས་ཉན་པ་དེ་གཙོ་བོར་བཟུང་བས། སློབ་མ་ལ་སློབ་སྦྱོང་གི་འདུན་པ་ཞན་ཅིང་སྤྲོ་སྣང་ཆེར་མེད་ལ། སྦྱངས་འབྲས་དམན་ཞིང་ནུས་རྩལ་གང་ཡང་མ་ཐོབ་པ་བཅས་ཀྱིས་མིག་སྔར་གསར་དུ་བཏོན་པའི་བསླབ་ཚན་དམིགས་འབེན་དེ་ཡོངས་སུ་འགྲུབ་ཐབས་མེད། རྣམ་པ་དེ་ཡོངས་སུ་བསྒྱུར་ན་གཤམ་གསལ་གྱི་ཕྱོགས་གསུམ་ནས་ཡིད་འཇོག་བྱ་དགོས། གཅིག་ནི། དགེ་རྒན་གྱིས་བཤད་ཁྲིད་གཙོ་བོར་འཛིན་པའི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་དེ་ལེགས་སྒྱུར་བྱས་ཏེ། སློབ་མའི་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་འདུན་པ་བསྐྱེད་དེ་དགེ་སློབ་ཕན་ཚུན་གྲོས་བསྡུར་དང་སློབ་གྲོགས་ཕན་ཚུན་གྲོས་བསྡུར། ཚོ་ཆུང་བགོས་ཏེ་གྲོས་བསྡུར་བྱེད་པ། དྲི་བ་དྲིས་ལན་སོགས་ཐབས་ལམ་སྣ་ཚོགས་སྤྱད་དགོས། གཉིས་ནི། སློབ་ཁྲིད་ཀྱི་ནང་དོན་དངོས་ལ་དམིགས་ཏེ་འོས་འཚམ་གྱི་སྦྱང་ཐབས་ཏེ། གྲོས་གཞི་འདོན་པ། ལས་གཞི་འགོད་པ། ཡུལ་དངོས་རྟོག་དཔྱོད་སོགས་ཀྱི་ཐབས་ལ་བརྟེན་ནས་སློབ་མའི་བསམ་གཞིག་གི་ནུས་པ་དང་ལག་ལེན་གྱི་ནུས་པ་མཐོ་རུ་འདེགས་དགོས། གསུམ་ནི། འཆད་ཁྲིད་ཀྱི་ཐབས་དང་གོང་གསལ་གྱི་འཁྲིད་ཐབས་དག་གི་འབྲེལ་བ་ཐག་གཅོད་བྱ་དགོས། སློབ་དེབ་གསར་བ་ཁྱབ་གདལ་དུ་གཏོང་བ་ལ། འཁྲིད་ཐབས་སྣ་ཚོགས་སྤྱད་དགོས་པ་ལས་འཆད་ཁྲིད་ཀྱི་ཐབས་དེ་ཡོངས་སུ་དོར་ཏེ་མི་སྤྱོད་པ་ག་ལ་ཡིན། དགེ་རྒན་གྱི་ངག་སྒོ་ཡང་ཞིང་ཁ་ལྕེ་བདེ་བའི་བཤད་ཁྲིད། གནད་ལ་གཞོལ་ཞིང་ཚགས་དམ་པའི་དབྱེ་ཞིབ། ཉམས་སྤྲོ་ཞིང་གོ་སླ་བའི་དཔེ་ཆོས་སོགས་ཀྱིས་སློབ་མའི་སློབ་སྦྱོང་ལ་ནུས་པ་གལ་ཆེན་འདོན་ཐུབ་པ་ནི་བརྗོད་མི་དགོས་སོ། །
༢.ས་རྒྱུས་སློབ་ཁྲིད་ལ་སྔོན་ཐོན་གྱི་ལག་རྩལ་སྤྱད་ཅིང་དེའི་དགེ་མཚན་འདོན་སྤེལ་བྱེད་དགོས།
དེང་རབས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་མཉམ་དུ།“GISRSGPS”སོགས་ཕྱོགས་སོ་སོ་ནས་བཀོལ་ཁྱབ་ཆེ་ཞིང་། དྲ་ལམ་དང་གློག་ཀླད་ནི་སློབ་གྲྭ་སོ་སོ་ནས་ཁྱབ་གདལ་དུ་བཏང་། ས་རྒྱུས་སློབ་ཁྲིད་ཀྱི་བཅོས་སྒྱུར་ལས་ཀྱང་ངེས་པར་དུ་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་དེང་རབས་ཅན་གྱི་སྨྱན་གཟུགས་དང་ལག་ཐབས་བཀོལ་སྤྱོད་བྱེད་དགོས། དེ་ལ་གཅིག་ནས་སྨྱན་མང་གཟུགས་ཀྱི་འཕྲུལ་ཆས་ཡོངས་སུ་བེད་སྤྱད་དེ་བསླབ་དེབ་ཀྱང་སྨྱན་གཟུགས་ཅན་དུ་བསྒྱུར་དགོས། སྨྱན་གཟུགས་ཀྱིས་སློབ་ཁྲིད་ཀྱི་ནང་དོན་དང་ཆ་འཕྲིན་སོགས་ཕྱོགས་ཡོངས་ནས་བསྡུ་ཚབས་ཆེ་ལ་བརྒྱུད་སྤེལ་མྱུར་བས། ང་ཚོས་རང་གི་གློག་ཀླད་ཀྱིས་སློབ་ཐུན་རེ་རེའི་ནང་དོནPPTསོགས་ཀྱི་རྣམ་པར་བསྒྱུར་ཏེ། སློབ་ཁྲིད་དངོས་ཀྱི་སྐབས་སུ་ཡིག་གཟུགས་དང་དཔེ་རིས་སྣ་ཚོགས་བལྟ་ཐུབ་པར་མ་ཟད། སྒྲ་དང་འགུལ་རིས། བརྙན་གཟུགས་སོགས་ལ་བརྟེན་ནས་སློབ་ཁྲིད་ཀྱི་ནང་དོན་ལ་འཇུག་བདེའོ། ། གཉིས་ནས་དེང་རབས་ཀྱི་དྲ་ལམ་སྤྱད་དེ་རང་རེའི་སློབ་ཁྲིད་དེ་རྒྱལ་སྤྱིའི་སྔོན་ཐོན་རྒྱལ་ཁབ་དང་འབྲེལ་དགོས། དྲ་ལམ་ཁྱབ་གདལ་དུ་བཏང་བ་དེས་སློབ་གསོ་དང་སློབ་ཁྲིད་ལ་སྔ་ན་མེད་པའི་བསྒྱུར་བཅོས་གསར་བ་ཞིག་བྱས། དྲ་ལམ་ཐོན་ཁུངས་ལ་རྣམ་པ་སྣ་ཚོགས་མཆིས་ཏེ། ཁྱབ་ཆེ་ཆུང་གི་ཆ་ནས་དབྱེ་ན། གཙོ་བོ“Internet”དང་སློབ་རའི་དྲ་ལམ་གཉིས་ཡོད། དྲ་སྟེང་གི་སློབ་གསོའི་ཆ་འཕྲིན་དེ་སློབ་གསོའི་དྲ་ཚིགས། དཔེ་མཛོད། གློག་རྡུལ་དཔེ་དེབ། གློག་རྡུལ་དུས་དེབ་སོགས་རྣམ་པ་དུ་མ་ཡོད། དགེ་རྒན་གྱིས་དྲ་སྟེང་གི་ཐོན་ཁུངས་དེ་དག་གང་ལེགས་ཀྱིས་བེད་སྤྱད་དེ་ཤེས་བྱ་གསར་སྒྱུར་བྱེད་པ་དང་། འཁྲིད་ཐབས་སྣ་མང་ཅན་དུ་བསྒྱུར་བ། སློབ་མའི་འཚོ་བ་དངོས་ལ་ཉེ་བ་སོགས་ཀྱི་ཐད་ལ་རམ་འདེགས་བྱེད་ཐུབ། སློབ་མས་དྲ་ལམ་ནས་ཡུལ་དུས་ཀྱི་ཚད་བཀག་ལས་བརྒལ་ཏེ་འཆད་ཁྲིད་ལས་ཐོན་ཐབས་མེད་པའི་འབྲེལ་ཡོད་ཀྱི་ཤེས་བྱ་སྣ་ཚོགས་གང་འདོད་ཀྱིས་སྦྱང་ཐུབ། དེ་བས། དྲ་ལམ་སོགས་ལ་བརྟེན་ནས་སྔོན་ཐོན་གྱི་ལག་རྩལ་དང་དེང་རབས་ཀྱི་ཐབས་ཤེས་སོགས་བེད་སྤྱད་ན། དགེ་རྒན་གྱི་དཔེ་ཁྲིད་དང་སློབ་མའི་སློབ་སྦྱོང་གཉིས་ཆར་ལེགས་འགྲུབ་ཡོང་ངེས་པ་དང་། གསར་དུ་བཏོན་པའི་བསླབ་ཚན་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་གདོན་མི་ཟའོ། །
མདོར་ན། སློབ་འབྲིང་གི་ས་རྒྱུས་སློབ་ཁྲིད་ནི་ད་དུང་མུ་མཐུད་དུ་འཚོལ་སྙེག་བྱ་དགོས་པའི་ལས་གཞི་ཞིག་ཡིན་ཏེ། ང་ཚོས་རྒྱུད་འཛིན་དང་། གསར་སྤེལ། འཕེལ་རྒྱས་སོགས་དམིགས་བྱ་གཙོ་བོར་བཟུང་ནས་ནང་དོན་དང་རྣམ་པ་གང་ཐད་ནས་ས་རྒྱུས་སློབ་ཁྲིད་དེ་ཕུན་སུམ་ཚོགས་པ་ཞིག་ཡོང་བ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན་ནོ། །
དཔྱད་གཞིའི་ཡིག་ཆ།
[1] ལིན་ཁཱོང་། 《བསླབ་ཚན་ཚད་གཞི་གསར་བ་དང་ས་རྒྱུས་སློབ་ཁྲིད》 (《སློབ་འབྲིང་བསླབ་ཚན་རོགས་ཁྲིད》 ༢༠༡༤ལོའི་དེབ་དང་པོ)
[2] སློབ་འབྲིང་ས་རྒྱུས་སློབ་ཁྲིད་དྲ་ལམ། 《ས་རྒྱུས་སློབ་ཁྲིད་འཚོ་བ་ཅན་དུ་འགྱུར་བའི་སྐོར་ལ་དཔྱད་པ》
[3] སློབ་འབྲིང་ས་རྒྱུས་སློབ་ཁྲིད་དྲ་ལམ། 《འཚོ་བའི་ཁྲོད་ཀྱི་ས་རྒྱུས》