ཁ་པར་ལ་འཁྱིལ་བའི་བརྩེ་བ།

ཚེ་རིང་སྐྱིད། (རྔ་བ།) རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-10


   ཁྱོད་ཀྱི་ཁ་པར་ཨང་གྲངས་དང་སྐད་འཕྲིན། མིག་དབང་འཕྲོག་པའི་འདྲ་པར། རྣ་བར་སྙན་པའི་སྐད་གདངས་དེ་དག་གིས་ངའི་སེམས་པ་ཆུང་ཆུང་དེ་བརྐུས་སོང་།
   ༡
   མཚན་ངོགས་རེ་རེར། བློ་བཟང་གི་རྣམ་ཤེས་ཀྱིས་ངའི་སེམས་པའི་གཏམ་རྒྱུད་མང་པོ་ཞིག་འཐུང་ཞིང་། ངེད་གཉིས་མཉམ་དུ་ཡོད་པ་ལྟར་ཁ་པར་ལས་བློ་བཟང་གིས་གཏམ་རྒྱུད་གང་མང་ཞིག་བདག་གི་རྣ་རྩར་བླུགས་པ་དེས། ངའི་ཡ་ཆུང་སེམས་པ་བསྒུལ་བས་ཚོར་བ་སྐྱིད་པོ་སྐྱིད་པོ་ཞིག་ངའི་ལུས་ངག་ཡིད་གསུམ་ལ་ཁྱབ། ངས་ཡིད་སེམས་རབ་ཏུ་སྤྲོ་བའི་ངང་ཁ་པར་ལས“ཁྱོད་ཀྱིས་ཅིའི་ཕྱིར་ང་ལ་ཁ་པར་བཏང་བ་ཡིན”ཞེས་ཡང་འདྲི་བསྐྱར་འདྲི་མང་པོ་བྱས། བློ་བཟང་གིས་སྐད་གདངས་དམའ་ལ་ཁ་འཇམ་ཚིག་འཇམ་གྱིས་སྒོ་ནས“ང་ཁྱོད་ཀྱི་གཏམ་རྒྱུད་ལ་དགའ་ནས་ཡོད”ཟེར་ཞིང་། ཁ་པར་ནང་གི་བློ་བཟང་གི་སྐད་གདངས་ཇེ་སྙན་ནས་ཇེ་སྙན་དུ་གྱུར་སོང་། “གནམ་རྒན་མ། སུས་ཁྱོད་ལ་བདག་གི་གཏམ་རྒྱུད་བཤད་པ་ཡིན། ང་ནི་གཏམ་རྒྱུད་ཅན་གྱི་མི་ཞིག་མིན། ང་ལ་གཏམ་རྒྱུད་ཡོད་རུང་ཁྱོད་ཀྱིས་ནང་སེམས་ཀྱི་དྲོ་སར་དེ་རུམ་མི་སྲིད།” ངའི་སེམས་ལ་ཞེད་སྣང་དང་འཚུབ་ཆ་ལངས་ཏེ་ཁོ་ལ་དྲིས། དེར་བློ་བཟང་གིས“ང་རང་ཡང་འཇིག་རྟེན་འདི་ནས་བདེན་པ་སྲུང་བའི་མི་ཞིག་ཡིན། ངའི་ཁྱིམ་རྒྱུད་དང་མི་རབས་ལ་ཡང་བདེན་པའི་གཏམ་རྒྱུད་མང་བས། ངས་གང་ཐུབ་ཅི་ཐུབ་ངང་ཁྱོད་ཀྱི་གཏམ་རྒྱུད་ལ་ཉན་ཞོར་ཁྱོད་དང་མཉམ་དུ་བདེན་པའི་ལམ་བུ་འཚོལ་རོགས་བྱེད་འདོད་ཡོད”ཟེར། ངས་ཁ་པར་ལས་ཁོ་ལ་ཨ་ལན་ཅི་ཡང་སྟེར་མ་ཐུབ་རུང་། ངའི་གཏམ་རྒྱུད་ལ་དུང་མཁན་བློ་བཟང་གཅིག་པུ་ཡིན་པར་ཁོག་རྩིས་བརྒྱབ། ངའི་ཆེས་དྭངས་གཙང་གི་སེམས་པ་དེས་བློ་བཟང་གི་ནང་སེམས་ལ་དྲོད་ཀྱི་གུར་ཁྱིམ་ཕུབ་འདོད་སྐྱེས། དེ་དུས་བློ་བཟང་གིས་ཁ་པར་ལས་དངན་པ་རིང་པོ་ཞིག་འཐེན་ཞོར་དུ“ད་གནས་སྐབས་སུ་བདེ་མོ་བྱོས། འུ་གཉིས་ཉལ་རན་འདུག”ཟེར། “ད་རུང་སྔ་གི ཆུ་ཚོད་བཅུ་གཉིས་ལ་སླེབ་མི་འདུག དེ་བས་ང་ལ་མུ་མཐུད་དུ་རོགས་བྱེད་རོགས།” ངས་དེ་ལྟར་བཤད་པ་ན། བློ་བཟང་གིས་ཁ་པར་གྱི་སྒོ་ཁྲོགས་སེ་བརྒྱབ་ཅིང་། ངའི་རྣ་རྩ་ནས་བློ་བཟང་གི་སྙན་ཞིང་འཇེབས་པའི་གདངས་དབྱངས་གློ་བུར་དུ་དེ་ཡལ་བར་གྱུར་སོང་། ངས་རང་གི་རྣ་རྩའི་ཁ་པར་དེ་ཚུར་མིག་མདུན་དུ་བླངས་ཤིང་། སྐད་འཕྲིན་གྱི་སྒོ་ཕྱེ་ནས་ཉེ་སྔོན་བློ་བཟང་གིས་བསྐུར་ཡོང་བའི་འདྲ་པར་ལ་བལྟས་ནས་ཡུན་རིང་བསྡད། ངས་བློ་བཟང་གི་འདྲ་པར་མཐོང་དུས་ཀྱང་ངའི་རྒྱུད་ལ་བརྩེ་དུང་གི་ཤེས་བྱ་དང་རྨང་གཞི་ཅི་འདྲ་དབེན་ཡང་བློ་བཟང་གི་འདྲ་པར་བདག་གི་སྙིང་ཁར་སྦྱར་ཏེ། “ང་རང་བློ་བཟང་ཁྱོད་ལ་དུངས་ནས་ཡོད”ཞེས་ཁེར་ལབ་ཡང་ཡང་བྱས། དེ་དུས་ངའི་སྙིང་གི་འཕར་ལྡིང་གི་ཚད་ཇེ་མཐོ་ནས་ཇེ་མཐོར་གྱུར་ཏེ་ང་ལ་བློ་བཟང་གི་འདྲ་པར་ལ་བལྟ་རྒྱུར་བར་ཆད་བཟོས་སོང་། ང་རང་ག་ལེར་གར་ལེར་མལ་སའི་ནང་ནས་འགྲེ་ལྡོག་ཅིག་བརྒྱབ་ནས་ཡར་ལངས། སྐུད་སྣེ་དམར་པོ་ཅན་གྱི་ཁ་པར་གློག་གསོག་གིས་ངའི་ཁ་པར་ནང་དུ་གློག་བསགས་པ་ན། ངའི་མལ་ས་དང་དཔེ་སྒྲོམ། དཔེ་ཆ། ཟིན་བྲིས་དང་དག་ཡིག་གསར་བསྒྲིགས། ད་དུང་ཉེ་སྔོན་བློ་བཟང་ལ་བྲིས་པའི་འཕྲིན་ཡིག་དང་སྙུ་གུ་དག་གིས་ང་ལ་བལྟས་འདུག་པས། ངས་འཕྲིན་ཡིག་དེའི་རྔ་མ་འབྲི་མགོ་བརྩམས་པ་ཡིན། ཡིན་ནའང་བློ་བཟང་ངའི་མཐོང་ཡུལ་ན་མི་སྣང་ལ། ལྷག་པར་དུ་བློ་བཟང་གི་སྐད་གདངས་དེ་ད་སོ་མ་ངའི་རྣ་རྩ་ནས་ཡལ་སོང་བས། བློ་བཟང་གིས་ང་ལ་བཤད་པའི་གཏམ་རྒྱུད་དེ་དག་ནི་འཕྲུལ་སྣང་གི་རྨི་ལམ་ཡིན་ནམ། ཡང་ན་ཁ་པར་གྱི་ཀུ་རེ་ཡིན། གང་ཡིན་ཆ་མི་འཚལ་མོད། དུས་དེ་ནས་བཟུང་བདག་གི་སེམས་སུ་ངའི་ཁ་པར་ནི་བློ་བཟང་ཡིན་སྣང་སྐྱེས་པས། ཁ་པར་དེ་ང་ཡི་ཡོད་ཚད་དུ་གྱུར་སོང་།
   བློ་བཟང་ངེད་གཉིས་ཁ་པར་ནང་ནས་ངོ་ཤེས་ནས་ལོ་ངོ་གཅིག་དང་ཟླ་བ་ཁ་ཤས་འགོར་འདུག་མོད། འོན་ཀྱང་ངེད་གཉིས་ཐེངས་གཅིག་ལའང་ངོ་འཕྲད་མ་མྱོང་། དེ་ནི་ངའི་སེམས་ཀྱིས་དང་ལེན་བྱེད་དཀའ་བའི་དོན་དག་ཅིག་རེད། ངའི་ཡིད་སེམས་སྐྱོ་བའི་དོན་དག་ཅིག་ཀྱང་རེད། ངས་སྔར་བཞིན་བློ་བཟང་གི་སྐད་འཕྲིན་ནང་དུ་འཕྲིན་ཡིག་སྐུར་བཞིན་ཡོད་ལ། ངས་ཁོ་ལ་དྲན་གདུང་ལྟ་བུའི་འཕྲིན་ཡིག་དང་དྲོད་ཁོལ་ལྟ་བུའི་འཕྲིན་ཡིག་མང་པོ་མང་པོ་ཞིག་བསྐུར་ཞིང་རང་ཉིད་ཀྱི་མཐའ་འཁོར་གྱི་གཡུ་སྦྲང་གཞོན་ནུ་དག་ལ་སྔར་བཞིན་གཡོལ་བཞིན་ཡོད། དེ་བཞིན་དུ་བློ་བཟང་གིས་ད་བར་དུ་ཁ་པར་ལས་ང་ལ་བཤད་པའི་སྐད་ཆ་དང་ང་ལ་བསྐུར་བའི་འཕྲིན་ཡིག་སོགས། མདོར་ན་ཁོས་ངའི་ཁ་པར་ནང་བཞག་བའི་རྗེས་ཤུལ་ཡོད་ཚད་བདག་གི་སེམས་སུ་ཉར་ཚགས་བྱས་ནས་ཡོད།
   དེ་རིང་ཕྱི་དྲོ་ང་རང་དཔེ་མཛོད་ཁང་དུ་སོང་ནས་བློ་བཟང་ལ་འཕྲིན་ཡིག་རིང་པོ་ཞིག་བྲིས། དེ་ནས་ཁ་པར་གྱི་སྒོ་ཕྱེ་ནས་བློ་བཟང་གི་སྐད་འཕྲིན་ནང་དུ་བསྐུར་ཏེ། བློ་བཟང་ངེད་གཉིས་སྔ་མོ་ནས་ངོ་འཕྲད་པར་རེ་སྒུག་བྱས་པ་ཡིན། དེ་ལྟར་ཉི་མ་རེ་རེ་བཞིན་ཕར་འདས་པ་ན་བདག་ལ་མཚན་མོ་གཉིད་འདོད་གཏན་ནས་མེད་པར། སྔས་འགྲམ་གྱི་ཁ་པར་དེ་ལག་ཏུ་བཟུང་ནས་བློ་བཟང་ཁོ་ནར་སྐད་འཕྲིན་ལས་ཁ་བརྡ་མང་པོ་མང་པོ་ཞིག་བྱས་ཤིང་། བློ་བཟང་གིས“མཚན་མོ་ཡང་སློབ་སྦྱོང་བྱེད་བཞིན་ཡོད”ཅེས་ང་ལ་ཡང་ནས་ཡང་དུ་བཤད་མྱོང་ནའང་། ངས་ཁོ་ལ“ཁྱོད་ཀྱིས་ད་སྐབས་ང་རང་བརྗེད་ཀྱིན་འདུག”ཅེས་སྐད་འཕྲིན་ནང་དུ་སེམས་སྐྱོ་བ་མཚོན་པའི་འགུལ་རིས་སྣ་ཚོགས་བསྐུར་བ་ན། བློ་བཟང་གིས་སེམས་ཀྱིས་མ་བཟོད་པ་ཡིན་ནམ། ཡང་ན་ཁོ་བོས་དོན་དངོས་ཀྱིས་ང་ལ་སེམས་ཁུར་བྱས་པ་ཡིན། གང་ལྟར། བློ་བཟང་གིས་རང་འགུལ་གྱིས་ཁ་པར་གཏོང་སྲིད་པ་ནི་ང་ལ་གོམས་ལོབས་སུ་གྱུར་ཡོད། ངས་བློ་བཟང་གི་སྙན་འཇེབས་ཀྱི་གདངས་དབྱངས་དེ་བདག་གི་རྣ་ལམ་དུ་དྲོད་ལམ་ལམ་ངང་ཐོན་པ་ཚོར་དུས། ང་རང་གོམ་གང་མདུན་སྤོས་ངང་ཁོ་ལ་དུངས་ཤིང་ཁོ་ལ་བརྩེ་བར་གྱུར་འགྲོ།
   དགུན་གནང་གི་དུས་ཚོད་སླེབ་པར་ཉི་མ་མང་པོ་མེད་པས། མཚན་མོ་ཞིག་ལ་ངའི་སེམས་པ་གློ་བུར་དུ་བློང་བློང་བོར་གྱུར་ཏེ་མལ་སའི་ནང་ནས་ཡར་ལངས། ངའི་དྲན་པའི་ངོས་སུ་འཆར་བ་ནི་བློ་བཟང་གིས་བདག་ལ་བསྐུར་བའི་འཕྲིན་ཡིག་ཐེངས་བཅུ་བ་དེ་ཡིན་ཞིང་། འཕྲིན་ཡིག་དེའི་ཁྲོད་ཀྱི་བློ་བཟང་གིས་བདག་ལ་སེམས་ཁུར་བྱས་པའི་ལྗིད་ཏིག་ཏིག་གི་ཡི་གེ་དེ་དག་མིག་ལ་འཚེར་དུས། ངས་ཅིས་ཀྱང་བློ་བཟང་ལ་བཅངས་པའི་བརྩེ་བ་དེ་ཁོ་རང་ཉིད་ལ་ཕྱི་གསལ་ནང་གསལ་ཞིག་སྟོན་དགོས་སྙམ་སྟེ། མགྱོགས་པོར་གློག་སྒྲོན་འོག་འབྲི་དེབ་དང་སྙུ་གུ་ལག་ཏུ་འཆང་ནས་ཁོ་ལ་འཕྲིན་ཐེངས་བཅོ་ལྔ་བ་བྲིས་པ་ཡིན། ངས་འཕྲིན་ཡིག་དེ་འབྲི་བཞིན་པའི་སྐབས་སུ་ཁ་པར་གྲགས་བྱུང་། ངས་ཁ་པར་ཡོང་མཁན་དེ་བློ་བཟང་ཡིན་པ་ཤེས་རྗེས། སྙིང་ཉེ་ཉེ་དང་ལག་འཇམ་པོའི་ངང་ཁ་པར་རང་གི་རྣ་རྩའི་དྲོད་སར་གླན། དེ་དུས་བློ་བཟང་གིས་ཁ་པར་ལས་བཤད་རྒྱུར“ཁོ་དང་གྲོགས་པོ་འགས་ཨ་རག་འཐུང་ནས་མཚན་ཕུད་བཞིན་ཡོད”ཟེར། “ཨ་རག་ཉུང་འཐུང་བྱས་ན་བདེ་ཐང་ལ་ཕན་ངེས།”ངས་ཁོ་ལ་ཕྱིར་དེ་ལྟར་བཤད་རྗེས། ཁོས་ང་ལ་ཅི་ཟེར་ལ་ཉན་ནས་བསྡད། བློ་བཟང་གིས་ཁ་པར་ནང་ནས་ང་ལ་གླུ་དབྱངས་སྙན་མོ་ཞིག་བླངས་སོང་། དྲང་མོར་བཤད་ན། སྐབས་དེ་དག་གི་དུས་ལ་ང་རང་བློ་བཟང་ལ་ཅི་འདྲ་བརྩེ་བ་ཡོད་པ་བཤད་ཚོད་མི་འདུག་ཏེ། ང་རང་ཨ་རག་འཐུང་བའི་མི་ལ་གཏན་ནས་མི་དགའ་མོད། བློ་བཟང་གིས་ཨ་རག་འཐུང་བ་ནི་མི་གཞན་དང་མི་འདྲ་བར་གཟི་བརྗིད་ཅིག་ཡིན་སྣང་སྐྱེས། ང་རང་ཆང་ཨ་རག་འཐུང་རྗེས་སྐད་ཆ་བཤད་མཁན་གྱི་མི་ལ་དེ་འདྲའི་ཡིད་མི་ཆེས་མོད། བློ་བཟང་གིས་ཨ་རག་འཐུང་རྗེས་ང་ལ་བཤད་པའི་སྐད་ཆ་ཚང་མར་ངས་ཡིད་ཆེས་ཏན་ཏན་བྱས་པ་ཡིན་ལ། ཁོ་བོའི་སྐད་ཆ་ཡོད་ཚད་འཇིག་རྟེན་གྱི་ཆེས་བདེན་པར་བརྩིས་པ་ཡིན། ཁྱོད་ཚོས་ཉོན་དང་། ངས་ནམ་རྒྱུད་བློ་བཟང་ལ་ངའི་སེམས་ཁོང་གི་རྨི་ལམ་དང་འཕྲིན་ཡིག་གི་བདག་པོ། ཁ་པར་ནང་གི་སྙིང་ནོར། ཉིན་ཐོ་འབྲི་དེབ། དབྱར་ཁའི་ཆར་གདུགས་དང་དགུན་ཁའི་སློག་པ་སོགས་བསྔགས་བརྗོད་ཙམ་མ་ཡིན་པར་བློ་བཟང་གིས་ང་ལ་བཞག་པའི་བག་ཆགས་དང་། བདག་གིས་ཁོ་རང་མཐོང་བའི་གཤིས་ཀ་ཁོ་ན་བཞེངས་བསྐྲུན་བྱེད་ཀྱིན་ཡོད།

   ང་ཚོའི་སློབ་གྲྭར་ནངས་སྔ་མོའི་སྐྱ་རེངས་ཀྱིས་འཛུམ་མདངས་གསར་བ་བསུ་བཞིན་འདུག དེ་ནི་ཞོགས་པའི་ཉི་གཞོན་དང་འདྲ་བར་ང་ཚོ་ངེས་པར་དུ་འོད་སྣང་ལ་འགྲོགས་དགོས་པའི་རྟགས་ཏེ། ང་རང་ནངས་སྔ་མོའི་སློབ་ཁྲིད་དང་ལུས་རྩལ་ལ་ཞུགས་པར་འགྲོ་དགོས། སློབ་རའི་རྩལ་སྦྱོང་ར་བའི་ནང་དུ་ལུས་རྩལ་སྦྱོང་བའི་སློབ་གྲོགས་ཕོ་མོ་ཧ་ཅང་མང་། ངའི་སེམས་སུ་བློ་བཟང་ངེད་གཉིས་སློབ་གྲྭ་གཅིག་ཏུ་ཡོད་ན་ཅི་མ་རུང་སྙམ་བཞིན། ཁ་པར་ལག་ཏུ་བླངས་ཏེ་སེམས་དུངས་དུངས་ངང་བློ་བཟང་ལ་སེམས་གཏམ་བཤད་པ་བགྲང་གིས་མི་ལང་བས། ད་བར་མི་མང་པོ་ཞིག་གིས་ང་རང་ཁ་པར་དང་གཏན་ནས་འབྲལ་ཐབས་མེད་པ་ཤེས་བཞིན་ཡོད།

   ༢
   ན་ནིང་དགུན་ཁར། གྲོགས་མོ་ཚོ་དང་མཉམ་དུ་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁ་པར་བཙོང་སའི་ཁང་བརྩེགས་མང་པོ་ཡོད་ས་དེར་སོང་བ་ན། སྐྲ་མདོག་དམར་པོ་ཡིན་ཞིང་། ཁ་ངོ་དཀར་ལ་གཟུགས་པོ་རིང་བའི་རྒྱ་མོ་ཞིག་གིས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་མང་པོ་ཞིག་བཤམས་འདུག་པ་མཐོང་། ངའི་མིག་ལམ་དུ་སྐུད་སྣེ་དམར་པོ་ཡིན་པའི་ཀུ་ཤུ་རྟགས་ཅན་དེ་མིག་ལ་འཚེར་བྱུང་། ང་དལ་མོའི་ངང་ཚོང་བདག་རྒྱ་མོ་དེའི་འགྲམ་ལ་སོང་ནས་ངས་ཁོ་མོར་རྒྱ་སྐད་ཀྱིས“ཁ་པར་དེའི་རིན་གོང་ཅི་འདྲ་འདུག”ཅེས་དྲིས་པ་ན། ཚོང་བདག་རྒྱ་མོ་དེས“ཁ་པར་འདི་དག་ཀུ་ཤུ་རྟགས་ཅན་རེད། འོན་ཀྱང་ད་བར་རིན་གོང་མར་བཅག་ཡོད། གལ་སྲིད་ཁྱོད་ཀྱིས་ཉོ་འདོད་ངོ་མ་ཡོད་ན་ངས་ཁྱོད་ལ་སྒོར་མོ་སྟོང་གཅིག་བྱས་ཆོག”ཟེར། ངས་ཕྱིར་མོ་ལ“འདི་ཀུ་ཤུའི་ཁ་པར་བཞི་བ་ཡིན་པས། རིན་གོང་མཐོ་འདུག”ཅེས་ལབ་པ་ན། རྒྱ་མོ་དེས་ང་ལ“དེས་ན་ངས་ཁྱོད་ལ་སྒོར་མོ་བརྒྱད་བརྒྱ་བྱེད། ངས་ཁེ་སྤོགས་མང་པོ་བླངས་མེད”ཟེར། དེ་ནས་ངས་ཚོང་བདག་རྒྱ་མོ་དེར་སྒོར་མོ་བྱིན་ནས་སྐུད་སྣེ་དམར་པོ་ཅན་གྱི་ཀུ་ཤུའི་ཁ་པར་དེ་ཉོས་པ་ཡིན། དེའི་རྗེས་ཁ་པར་དེ་ལག་ཏུ་བཟུང་ནས་ང་ཚོ་ཁ་པར་ཚོང་ཁང་ལས་ཕྱིར་སྒོར་བུད་པ་ཡིན།
   མཚན་མོ་ང་ཚོ་མགྲོན་ཁང་གི་རིན་གོང་བལྟོས་བཅས་སུ་མཐོན་པོ་ཅན་ཞིག་གི་ནང་དུ་བསྡད་པ་ཡིན་པས། འདུག་སའི་ནང་གི་མལ་ཁྲི་དང་ཉལ་ཐུལ། སྔས་འབོབ་སོགས་གཙང་ཞིང་གྲ་དག་ལ། མགྲོན་ཁང་ནང་དུ་བརྙན་འཕྲིན་དང་གློག་ཀླད། ཁྲུས་གསོལ་ཁང་བཅས་ཡོད་པའི་ཁར། ཁང་བའི་ནང་ཡོངས་སུ་དྲི་བཟང་ཞིག་གིས་ཁྱབ་འདུག དེའི་མཚན་མོར་ང་ཚོས་ལུས་པོར་ཁྲུས་རེ་གསོལ་རྗེས། གློག་བརྙན་ལ་བལྟ་རྒྱུར་དགའ་བའི་གྲོགས་མོ་ཞིག་གིས་མཚན་མོ་གློག་བརྙན་ལ་བལྟས་བྱུང་། དེ་དང་འདྲ་བར་གྲོགས་མོ་གཞན་ཞིག་གིས་གློག་ཀླད་རྩེས་ནས་བསྡད། ངས་ཀྱང་ཉིན་དཀར་ཉོས་པའི་ཁ་པར་དེ་ལག་ཏུ་བཟུང་རྗེས། ཨ་གསར་དང་མཉམ་དུ་ཁ་པར་ནང་དུ་མ་ལག་སྣ་ཚོགས་ཕབ་ལེན་བྱས་པ་ཡིན་ཏེ། གླེང་མོལ་དང་སྐད་འཕྲིན། པོད་འཕྲིན། ཡིག་ཟམ་བཅས་སྐོར་གཅིག་ལ་བཞག་པ་དང་། དེ་ནས་པར་ཆས་དང་གློག་བརྙན། གླུ་དབྱངས་སོགས་རོལ་ཆས་ཀྱི་རིགས་ཀྱང་སྐོར་གཅིག་བྱས་ནས་བཞག བོད་རྒྱ་དབྱིན་གསུམ་གྱི་དག་ཡིག་གསར་བསྒྲིགས་དང་དཔེ་ཆ་འཇོག་སྣོད་སོགས་སྐོར་གཅིག་བྱས་ནས་བཞག དེ་ལྟར་ཁ་པར་ནང་དུ་མ་ལག་སྣ་ཚོགས་ཕབ་ལེན་བྱས་རྗེས། ད་གཟོད་གླེང་མོལ་དང་སྐད་འཕྲིན། པོད་འཕྲིན་དག་གི་སྒོ་རེ་རེ་བཞིན་ཕྱེ་ནས། ཁ་པར་ནང་ནས་མདོ་དབུས་ཁམས་གསུམ་མེད་པར། རྒྱལ་ཁབ་ཕྱི་ནང་མེད་པར་མི་མང་པོ་ཞིག་ངོ་ཤེས་པར་སྟབས་བདེ་བཟོས་པ་ཡིན།
   དུས་དེ་ནས་བཟུང་ངས་ཀུ་ཤུའི་ཁ་པར་སྐུད་སྣེ་དམར་པོ་ཅན་དེ་རང་གི་སྙིང་ཉེ་བཞིན་གཅེས་དགོས་བྱུང་ལ། སྲུང་འཁོར་བཞིན་ང་རང་ས་གང་དུ་སོང་ན། གནས་གང་ནས་བསྡད་ཀྱང་ཁ་པར་དང་སྐར་མ་གང་ལའང་འབྲལ་མ་མྱོང་། ལྷག་པར་དུ་བློ་བཟང་ངེད་གཉིས་ཁ་པར་ནང་ནས་ངོ་ཤེས་པ་ནས་བཟུང་། ཁ་པར་དེ་ང་ཡི་འགྲོ་རོགས་འདུག་རོགས་ངོ་མ་ཞིག་ཏུ་གྱུར་སོང་།
   དྲང་མོར་བཤད་ན། བློ་བཟང་ངེད་གཉིས་དང་ཐོག་སྐད་འཕྲིན་ནང་ནས་འབྲེལ་བ་བྱས་ཏེ་ངོ་ཤེས་སུ་གྱུར་བ་ཡིན། བློ་བཟང་གིས་ང་ལ་གདངས་དབྱངས་སྙན་ལ་ཁ་འཇམ་ཚིག་འཇམ་ངང་སྐད་ཆ་ལྷོད་པོ་རེ་སྐད་འཕྲིན་ནང་དུ་བསྐུར་དུས། ངའི་སེམས་སུ་བློ་བཟང་ངེད་གཉིས་སྔ་མོ་ཞིག་ནས་ངོ་ཤེས་ཤིང་སེམས་འདྲིས་ཚར་བའི་ཚོར་སྣང་བྱུང་། བློ་བཟང་གིས་ང་རང་ངོ་ཤེས་པ་ནི་མི་གཞན་ངོ་ཤེས་པ་དང་མི་འདྲ་བར། ང་ལ་སློབ་སྦྱོང་གི་ཕྱོགས་ནས་རེ་བ་ནན་མོ་བཏོན་མྱོང་ལ། བདག་གི་ཕུགས་བསམ་གྱི་ཕྱོགས་ལ་ས་བོན་འདེབས་རོགས་བྱས་པ་མ་ཟད། མཚན་མོ་རེ་རེ་བཞིན། ངེད་གཉིས་ཀྱིས་སྐད་འཕྲིན་ནང་དུ་ཡི་གེ་དང་སྐད་ཆ་མང་པོ་མང་པོ་ཞིག་བསྐུར་རེས་བྱས་པ་ན། བར་སྐབས་ཤིག་ལ། ང་རང་མཚན་མོ་གཉིད་མ་ཡོང་ན། བློ་བཟང་གིས་སྐད་འཕྲིན་ནང་དུ་ཡི་གེ་བསྐུར་ཏེ་ང་ལ་འདུག་རོགས་བྱེད་པ་དང་། ང་རང་སེམས་སྐྱོ་བའི་སྐབས་སུ་བློ་བཟང་གིས་ང་ལ་སྐད་འཕྲིན་ནང་ནས་སྐད་ཆ་བསྐུར་ཏེ་སེམས་གསོ་བྱེད་སྲིད། ང་རང་སྤྲོ་ཚོགས་དང་ཁམས་གསེང་གང་རུང་དུ་སོང་རྗེས་ཡིད་སེམས་རབ་ཏུ་སྤྲོ་བའི་སྐབས་སུ། ངས་རང་འགུལ་ངང་བློ་བཟང་གི་སྐད་འཕྲིན་ནང་དུ་ང་རང་དགའ་སྤྲོས་སྨྱོ་བཞིན་ཡོད་སོགས་སེམས་སྤྲོ་བར་མཚོན་པའི་ཡི་གེ་སྣ་ཚོགས་བསྐུར་མྱོང་བས། ངས་མཚམས་ལན་རེར་ཁ་པར་དེ་གཅེས་སྣང་སྐྱེས་ལ། ཡང་མཚམས་ལན་རེར་ཁ་པར་གྱིས་ང་རང་གཅེས་ནས། ང་ལ་སྙིང་ཉེ་བའི་སྐད་ཆ་དང་གློ་བ་དཀར་བའི་སེམས་གཏམ་མང་པོ་ཞིག་འཆད་བཞིན་ཡོད་སྣང་སྐྱེས་ཏེ། ཁ་པར་གྱིས་ངའི་སེམས་ཀྱི་ཁ་ལོ་བྱེད་བཞིན་ཡོད་པ་དང་ཨ་ན་མ་ན་རེད་དེ། ངའི་སེམས་ཀྱི་འགྱུར་ལྡོག་ཡོད་ཚད་ཁ་པར་ནང་དུ་ཤོར་འགྲོ།
   དེ་ལྟར་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ང་རང་དཔེ་མཛོད་ཁང་དང་སློབ་ཁང་། ཟ་ཁང་། ཚོང་ཁང་། སྡོད་ཤག་སོགས་གང་ཏུ་ལོག་ནའང་། ངས་ནམ་རྒྱུན་ཁ་པར་ནང་ནས་བློ་བཟང་གིས་བསྐུར་བའི་འཕྲིན་ཡིག་ལ་ལྟ་བ་དང་། ཡང་ན་ཁ་པར་རྣ་རྩར་གླན་ནས་བློ་བཟང་གིས་བསྐུར་བའི་སྐད་ཆར་ཉན་ནས་ཁེར་བགད་བྱས་པ་ན། ངའི་གྲོགས་པོ་དང་གྲོགས་མོ་ཚོས་ཡ་མཚན་པའི་ངང་ང་ལ་བལྟས་འདུག ང་ལ་གློ་བ་ཉེ་བའི་གྲོགས་མོ་ཞིག་ངའི་གམ་དུ་ཡོང་ནས“ཁྱོད་ཀྱིས་ནམ་རྒྱུད་ཁ་པར་ལག་ཏུ་བཟུང་ནས་ཅི་ཞིག་བྱེད་བཞིན་ཡོད། གཞན་པ་ཚོས་ཁྱོད་ལ་འཕྱ་སྨོད་བྱེད་བཞིན་འདུག་པ་མི་ཤེས་སམ”ཞེས་གྲོགས་མོས་ང་ལ་སྐད་ཆ་ཚ་ཐག་ཆོད་པ་ཞིག་བཤད་བྱུང་། ངས་མོ་ལ་བློ་བཟང་ངེད་གཉིས་ཀྱི་ལོ་རྒྱུས་ཀྱི་ཟུར་ཙམ་ཡང་གླེང་མ་ཕོད་པར“ངས་ཁ་པར་ནང་ནས་སློབ་སྦྱོང་བྱེད་བཞིན་ཡོད། དེ་མིན་ད་དུང་ཁ་པར་ནང་དུ་རྩོམ་ཡིག་འབྲི་བཞིན་ཡོད། ཁྱོད་ཚོར་གློག་ཀླད་ཡོད་པས་ནམ་རྒྱུད་ཁ་པར་ལ་ལྟ་མི་དགོས་མོད། འོན་ཀྱང་ང་ལ་གློག་ཀླད་མེད་པས་ཁ་པར་མི་སྤྱོད་ཐབས་མེད་རེད”ཅེས་རྫུན་བཀྲ་ཤིས་རྟགས་བརྒྱད་ཅན་ཞིག་བཤད་པ་ཡིན། དེ་ནས་གྲོགས་མོས་ང་ལ་ཅི་ཡང་དྲིས་མ་སོང་།
   ཡང་ཉིན་ཞིག་ལ། བློ་བཟང་གློ་བུར་དུ་ཕ་ཡུལ་དུ་འགྲོ་དགོས་བྱུང་བས་ང་ལ་ཁ་པར་བཏང་བྱུང་། ཁོས་བཤད་རྒྱུར“ང་རང་ཕ་ཡུལ་དུ་འགྲོ་དགོས་བྱུང་སོང་། ཕ་ཡུལ་གྱི་རུ་དབྱར་སར་སྤོས་ཡོད་པས། ཉིན་ཤས་རིང་ལ་ཁྱོད་ལ་འབྲེལ་བ་བྱེད་མི་ཐུབ”ཅེས་བཤད་པ་ན། ངའི་སེམས་པ་དེ་མ་ཐག་ཏུ་འཁྱག་པོ་རྡོ་ལྟ་བུ་ཞིག་ཏུ་གྱུར་སོང་ལ། ངའི་རྣ་རྩའི་ཁ་པར་དེ་ཡང་འཁྱག་པོ་རྡོ་ལྟ་བུ་ཞིག་ཏུ་གྱུར་འདུག་པ་ཚོར། ངས་ཁོ་ལ“ཁ་པར་ནང་ནས་འབྲེལ་གཏུགས་བྱེད་མ་ཐུབ་རུང་། ང་ལ་འཕྲིན་ཡིག་འབྲི་རྒྱུ་བརྗེད་མི་ཉན”ཞེས་བཤད་པ་ཡིན། དེར་བློ་བཟང་གིས་འཕྲིན་ཡིག་འབྲི་སེམས་ཐག་ཡིན་ཟེར།

   བློ་བཟང་ཕ་ཡུལ་དུ་སོང་རྗེས། ངས་གྲོགས་པོ་གྲོགས་མོ་ཚོ་ལ“ངའི་ཁ་པར་བོར་སོང”ཞེས་ཡང་རྫུན་ལབ་ནས། འབྲི་དེབ་དང་སྙུ་གུ་ལག་ཏུ་བཟུང་ནས་བློ་བཟང་ལ་འཕྲིན་ཡིག་དང་སྙན་ངག་རེ་བྲིས་པ་ཡིན་མོད། འོན་ཀྱང་བདག་གིས་དུས་རྒྱུན་དུ་ཉིན་དཀར་ཁ་པར་རང་གི་གློ་ཁུག་ནང་དུ་བཅུག་པ་དང་། མཚན་མོ་རང་གི་སྔས་འགྲམ་དུ་བཞག་པ་ཡིན།

   ༣
   ཚ་བ་ཆེ་ཞིང་ཉི་འོད་རབ་ཏུ་འཕྲོ་བའི་དབྱར་མཇུག་དེར། བློ་བཟང་ཕ་ཡུལ་དུ་སོང་ནས་ཡུན་རིང་འགོར་སོང་། དེ་ནི་བློ་བཟང་ངེད་གཉིས་ཀྱིས་ཁ་པར་ནང་ནས་འབྲེལ་གཏུགས་བྱེད་མ་ཐུབ་པར་དུས་ཡུན་རིང་བོ་འགོར་སོང་བའི་དུས་ཀྱང་ཡིན་པས། ངས་སྔར་བཞིན་མཚན་མོ་ཁ་པར་རང་གི་སྔས་འགྲམ་དུ་བཞག་པ་དང་ཉིན་དཀར་རང་གི་གློ་ཁུག་ནང་དུ་བཅུག་ནས། བློ་བཟང་ངེད་གཉིས་ངོ་ཤེས་པའི་གོ་རིམ་དང་ངེད་གཉིས་བར་ལ་བྱུང་བའི་གཏམ་རྒྱུད་གང་མང་ཞིག་ལ་ཕྱིར་དྲན་བྱེད་དགོས་བྱུང་།
   མི་ཞིག་གིས་མི་གཞན་ཞིག་གི་ནང་སེམས་བསྒུལ་བར་དོན་ཆེན་བསྒྲུབ་དགོས་པའི་ངེས་པ་མེད་དེ། བློ་བཟང་གིས་ང་ལ་ཁ་པར་ནང་ནས་སྐད་ཆ་ལྷོད་པོ་འགའ་བཤད་པས་ངའི་སེམས་པ་བློ་བཟང་གི་སྟེང་དུ་འཁོར་བྱུང་སྟེ། བློ་བཟང་གིས་ནམ་རྒྱུན་ཁ་པར་ནང་ནས་ང་ལ་ཀུ་རེ་སྣ་ཚོགས་རྩེ་ཞིང་། ཐེངས་ཤིག་ལ། ཁོས་གློ་བུར་དུ་ངའི་སེམས་ལ་དྲན་མ་མྱོང་བའི་དོན་དག་ཅིག་ངའི་སྐད་འཕྲིན་ནང་དུ་བསྐུར་ཡོད་པ་འདི་ལྟ་སྟེ། “ངས་དྲང་བདེན་བརྩི་བའི་མི་ཞིག་འཚོལ་བཞིན་ཡོད། ངས་མི་དེ་ཁྱོད་ཡིན་ན་བསམ་བྱུང་ལ། ངས་མི་དེ་ཁྱོད་མིན་ན་ཡང་འདོད་བྱུང་།” བློ་བཟང་གིས་བསྐུར་བའི་ཡི་གེ་དེ་དག་བདག་གིས་བཀླགས་པ་ན། ངའི་སེམས་ལ་ཙག་ཤད་རྒྱུགས་ཤིང་། ང་ལ་རང་དབང་མེད་པར་ཕྱིར་བློ་བཟང་གི་སྐད་འཕྲིན་ནང་དུ“ཁྱོད་ཀྱིས་འཚོལ་བཞིན་པའི་མི་དེ་ང་རང་ཡིན་ཆོག་ཆོག་ཡིན”ཞེས་བསྐུར་བ་ན། བློ་བཟང་གིས་ཕྱིར་སེམས་སྐྱོ་བ་མཚོན་པའི་འགུལ་རིས་ཤིག་ལས་ཅི་ཡང་མ་བསྐུར་བས། ངས“ཁྱོད་རང་སེམས་སྐྱོ་བའི་རྒྱུ་མཚན་ཅི་ཡིན”ཞེས་དྲི་རྟགས་ཆེན་པོ་ཞིག་དང་མཉམ་དུ་བསྐུར། “ཁྱོད་ངའི་ཐོག་ལ་བརྩེ་དུང་མ་ཆགས་ན་དགའ་གི”ཟེར། ངས་ཡང་ཕྱིར་དྲི་རྟགས་ཆེན་པོ་ཞིག་བསྐུར་བས། དེར་བློ་བཟང་གིས“ནམ་ཉི་མ་ཞིག་ལ། ངའི་ལག་པ་འདི་མ་གཏོང་། ང་ཁེར་རྐྱང་དུ་འགྲོ་བར་སྐྲག་གི་ཞེས་པའི་གླུ་དབྱངས་དེ་ཁྱོད་ཀྱིས་བླངས་བྱུང་ན། ངས་ཁྱོད་ཀྱི་ལག་པར་འཐམ་ནས་ཁྱོད་ལ་འདུག་རོགས་བྱེད་འདང་ཡོད་པ་གདོན་མི་ཟ”ཟེར། བློ་བཟང་གིས་རང་ཉིད་ཀྱི་བསམ་ཚུལ་རྣམས་ཇི་མ་ཇི་བཞིན་དུ་བཤད་པར་མ་ཟད། ཁོས་རང་འགུལ་ངང་ཁོའི་ཆེས་ཐོག་མའི་བརྩེ་དུང་གི་གཏམ་རྒྱུད་ལ་གོད་ཆག་བྱུང་མྱོང་བ་བཤད། བློ་བཟང་གི་བརྩེ་དུང་གི་གཏམ་རྒྱུད་དེ་འདྲའི་སྙན་རྒྱུ་མེད་ལ། དེའི་ཁྲོད་དུ་སྐྱུར་དྲི་མི་ཉུང་བ་ཞིག་འཐུལ་མོད། བློ་བཟང་གི་བཅོས་མིན་གྱི་བསམ་ཚུལ་དང་ལྷད་མེད་ཀྱི་གཏམ་རྒྱུད་དེས་ངའི་ཡ་ཆུང་སེམས་པར་གཡོ་འགུལ་ཆེན་པོ་ཞིག་བཏང་སོང་།
   བློ་བཟང་ཕ་ཡུལ་ནས་ཕྱིར་སློབ་གྲྭའི་ནང་ལ་སླེབས་པའི་གཏམ་བཟང་དེ་ངའི་ཁ་པར་ནང་དུ་འབྱོར་བྱུང་བས། ངས་ཉི་མ་བདུན་བརྒྱད་ཞིག་གི་རིང་ལ་བྲིས་པའི་དགའ་སྐྱོ་ཆགས་སྡང་གི་ཉིན་ཐོ་དང་བློ་བཟང་ངེད་གཉིས་ཀྱི་འདས་དོན་རེ་འགའ་སྒྲུང་གཏམ་བཞིན་ཁ་པར་ནང་དུ་ཡི་གེར་གཏགས་ཏེ་བློ་བཟང་ལ་བསྐུར་བ་ཡིན། མཚན་མོར་བློ་བཟང་གིས་ང་ལ་ཁ་པར་འབྱོར་སོང་། ཁོས་ང་ལ“ཁྱོད་ཀྱི་ཉིན་ཐོ་དང་ཕྱིར་དྲན་གྱི་རྩོམ་ཡིག་རྣམས་ཆ་ཚང་འབྱོར་སོང་། ངོ་མ་སེམས་འགུལ་ཆེན་པོ་ཐེབས་སོང་བས་བཀའ་དྲིན་ཆེ”ཟེར། ངས་ཁོ་ལ“ཁྱོད་ཀྱིས་ང་ལ་འཕྲིན་ཡིག་ཐེངས་བདུན་པ་དེ་བྲིས་ཚར་རམ”ཞེས་དྲིས་པ་ན། “ང་རང་ད་བར་ཁོམ་ལོང་སྤུ་ཙམ་ཡང་མེད་དེ། ཡིག་རྒྱུགས་དང་སློབ་སྦྱོང་ལ་བྲེལ་བས་གཟའ་འཁོར་རྗེས་མར་བསྐུར་ཡོང”ཟེར། ངས་ཉི་མ་མང་པོ་ཞིག་ལ་བློ་བཟང་གི་འཕྲིན་ཡིག་ཐེངས་བདུན་པ་དེར་རེ་སྒུག་བྱས་ནའང་། ཁོས་ང་ལ་འཕྲིན་ཡིག་དེ་ད་དུང་བྲིས་མེད་ཟེར་བས། ངས་དེ་མ་ཐག་ཏུ་ཁ་པར་གྱི་སྒོ་བརྒྱབ་སྟེ། སྐད་འཕྲིན་ནང་ཏུ་ཁྱོད་ཀྱི་འཕྲིན་ཡིག་སྒུག་རྒྱུ་དེ་མནར་གཅོད་ཅིག་རེད། དེས་ང་རང་སྡུག་ལ་སྦྱར། སྡུག་བསྔལ་འདི་ཁྱོད་ཀྱིས་མི་རྟོགས་སམ་ཞེས་ཡི་གེ་མང་པོ་ཞིག་བསྐུར་བ་ན། བློ་བཟང་གིས་ཡང་དེ་མ་ཐག་ཏུ་ཁ་པར་བཏང་བྱུང་། ངས་སྐུད་སྣེ་དམར་པོ་དེས་ཁ་པར་ནང་དུ་གློག་གསོག་བཞིན་པའི་སྒང་ཡིན་མོད། གློག་གསོག་མཚམས་བཞག་ནས་ཁ་པར་ལ་ཉན་དུས། བློ་བཟང་གིས་ཁ་པར་ནང་ནས“སྐལ་བཟང་མེ་ཏོག སྐལ་བྷེ”ཞེས་ང་ཡི་མིང་ཆ་ཚང་དང་གཅེས་མིང་གཉིས་ནས་འབོད་ཀྱིན་འདུག “ཁྱོད་ཀྱིས་ཧ་གསལ་བོ་ཞིག་གོ་དགོས་པ་ནི་ང་ལ་འཕྲིན་ཡིག་འབྲི་ཁོམ་མ་སོང་བ་ལས། ངས་ཁྱོད་རང་སེམས་ནས་འབོར་གྱིན་མེད། ད་དུང་ང་ལ་དུས་ཚོད་ཀྱིས་ཁོམ་པ་སྦྱིན་དུས་ངས་ཁྱོད་ལ་འཕྲིན་ཡིག་རིང་པོ་རིང་པོ་ཞིག་འབྲི་སེམས་ཐག་ཡིན། དེ་བས་ཁྱོད་ཀྱིས་ང་ལ་བསམ་ཤེས་བྱེད་རོགས”ཟེར། བདག་གིས་བློ་བཟང་གི་སྐད་ཆ་དག་ཐོས་པས་ཡིན་ནམ། ཡང་ན་རང་ཉིད་ཀྱིས་ནོར་འཁྲུལ་ཏེ་བློ་བཟང་ལ་སྡིག་དམོད་བྱས་པས་ངོ་གནོང་བ་ཡིན། གང་ལྟར་ངའི་སེམས་ཀྱི་ཕྱི་ནང་ལ་སྨུག་པ་འཐིབས། མིག་མཐའ་ནས་ཆར་བ་འབབ་པའི་དུས་ལ་དྭངས་མཐའ་མེད་པར་གྱུར། བློ་བཟང་གིས་ད་དུང་ང་ལ་ཁ་པར་ཁྲོད་ནས་ཁ་བརྡ་མང་པོ་ཞིག་བྱེད་བཞིན་གདའ། ཁོའི་སྐད་ངག་འཇམ་ལ་སྙན་པའི་ངང་བཤད་རྒྱུར“ངེད་གཉིས་ཀྱི་སེམས་འདྲིས། ཆ་རྒྱུས་བྱུང་ནས་དུས་ཡུན་རིང་པོ་ཞིག་འགོར་འདུག་པས། ད་བར་ཁྱོད་ཀྱིས་ང་རང་ཕུ་བོ་ཞིག་གི་སར་བཞག་ནས་བརྩི་འཇོག་བྱས་ན་རུང་ལ། ཁྱོད་ཀྱི་མཛའ་བོའི་སར་བཞག་ནས་སྙིང་གཏམ་གླེང་ན་ཡང་རུང་། གང་ལྟར་ཁྱོད་ཀྱིས་ནང་སེམས་ཀྱི་འདོད་མོས་ལྟར་བྱོས་དང་ང་ཁྱོད་ཀྱི་ཡོད་ཚད་བྱས་ན་ཆོག”ཟེར། ངའི་རྣ་རྩའི་ཁ་པར་ལས་བློ་བཟང་གི་སྐད་ཆ་དག་ཐོས་པ་ན། སེམས་ཀྱི་ཕྱི་ནང་མེད་པར་དྲོད་ལྷང་ལྷང་ངང་། ད་ཅི་བློ་བཟང་ཐོག་གི་སྐྱོ་བ་དང་མིག་ཆུར་འདྲེས་པའི་རྣམ་འགྱུར་དེ་གར་སོང་ཆ་མེད་དུ་གྱུར་སོང་། “སྙིང་ཉེ་བའི་ཁ་པར་ལགས། ཁྱོད་རང་ང་ཡི་མཛའ་བོ་ཡིན་འོས། ང་རང་ཁ་པར་ཁྱོད་ལ་སྙིང་གཏམ་གླེང་རྒྱུར་ཧ་ཅང་དགའོ། །” ངའི་སེམས་ནས་རང་དབང་མེད་པར་ཁ་པར་ལ་སྐད་ཆ་བཤད་ཞོར་དུ་བློ་བཟང་གིས་ཁ་པར་གྱི་སྒོ་ནམ་ཚོད་ཅིག་ལ་རྒྱག་མིན་ལ་ཉན་ནས་བསྡད།
   མཚན་མོ་དེར་ང་རང་སོས་དལ་བག་ཕེབས་ཤིག་གཉིད་པས། རྨི་ལམ་ཡང་སྐྱིད་པོ་སྐྱིད་པོ་ཞིག་རྨིས་བྱུང་སྟེ། བློ་བཟང་ངེད་གཉིས་ཀྱིས་ཁ་པར་ནང་ནས་སྙིང་གཏམ་གླེང་བཞིན་ཡོད་པ་ནི་ང་ལ་མཚོན་ན་འཇིག་རྟེན་འདི་ནས་རྨི་ལམ་ཆེས་སྐྱིད་པོ་དེ་རེད།
   བློ་བཟང་ངེད་གཉིས་བར་ལ་བརྩེ་དུང་གི་ས་བོན་ཁ་པར་ཁྲོད་ནས་སྨིན་སྲིད་ན། ངེད་གཉིས་བར་གྱི་བརྩེ་དུང་གི་འབྲས་བུ་དེ་ཡང་ཁ་པར་ནང་ནས་བཞད་སྲིད་དེ། ད་ལྟ་མི་ཀུན་གྱིས་ང་དང་ཁ་པར་བར་ལ་འབྲི་མི་ཚར་བའི་བརྩེ་དུང་ཞིག་ཆགས་བཞིན་ཡོད་པ་ཤེས་ནས་ཡོད།
   ༤
   ད་ལོ་དགུན་གནང་གི་སྐབས་སུ་ང་རང་ཕ་ཡུལ་དུ་ལོག་ནས་དུས་ཡུན་རིང་བོ་ཞིག་འགོར་ཡོད། ངའི་ཕ་ཡུལ་ནི་འབྲོག་ས་ཞིག་ཡིན་པས་དབྱར་དགུན་སྟོན་དཔྱིད་མེད་པར་ཁ་པར་ལ་བརྡ་རྟགས་མེད་ས་ཞིག་ཏུ་འདུག་དགོས། དེ་ནི་ཕ་ཡུལ་ལ་རྫ་མགོ་རི་མགོ་མང་ཞིང་འགྲིམ་འགྲུལ་ཞན་པས་ཀྱང་ཡིན་སྲིད། གང་ལྟར་ང་རང་ཕ་ཡུལ་དུ་འབྱོར་བ་ནས་ངའི་ཁ་པར་ལ་གྲག་འགུལ་ཅི་ཡང་མེད་པར་གྱུར།
   ང་རང་ཕ་ཡུལ་དུ་ཡོང་ཁར་ངས་རང་འགུལ་ངང་བློ་བཟང་ལ་ཁ་པར་བརྒྱབ་སྟེ། ངེད་གཉིས་ཁ་པར་ལས་ཁ་བརྡ་བྱས་པ་འདི་ལྟར་ཡིན།
   “ངའི་ཕ་ཡུལ་དུ་བརྡ་རྟགས་ཡོད་པ་མ་རེད།”
   “ངོ་མ་ཡིན་ནམ།”
   “ངོ་མ་ཡིན། ངས་ཕ་ཡུལ་ནས་ཁྱོད་རང་དྲན་སེམས་ཐག་ཡིན། ང་རང་ཁ་པར་ལས་ཁྱོད་ལ་འབྲལ་མི་འདོད་ཀི”
   “དྲང་མོ་བཤད་ན། ངས་ཀྱང་ཁྱོད་རང་དྲན་སྲིད། ང་རང་ཡང་ཁ་པར་ལས་ཁྱོད་དང་འབྲལ་ན་མི་འདོད་ཀི”བློ་བཟང་ངེད་གཉིས་ཀྱིས་ཁ་བརྡ་བྱས་ནས་མཚམས་འདི་ལ་སླེབ་དུས། བློ་བཟང་གིས་ང་ལ་སྐད་ཆ་གཞན་ཞིག་བཤད་བྱུང་།
   “ཁྱོད་ཚོའི་ཕ་ཡུལ་ན་ཁ་པར་ལ་བརྡ་རྟགས་མེད་ན། ང་རང་ནམ་རྒྱུན་མཚན་མོའི་རྨི་ལམ་ཁྲོད་ནས་ཁྱོད་རང་བཙལ་དུ་ཡོང་། དེ་དུས་ངེད་གཉིས་ཀྱིས་རྨི་ལམ་ནང་ནས་སྙིང་གཏམ་གླེང་ཆོག”ཟེར།
   བདག་གིས་བློ་བཟང་གི་སྐད་ཆ་དེ་དག་ཐོས་པས་སྔོན་ཆད་བཞིན་སེམས་རྩ་དྲོད་ལྷང་ལྷང་དུ་གྱུར་བར་མ་ཟད། ངའི་རྣ་རྩའི་ཁ་པར་དེ་ཡང་དྲོན་མོ་མེ་ལྟ་བུ་ཞིག་ཏུ་གྱུར་འདུག ངས་ཁོ་ལ“གལ་སྲིད་ང་རང་ས་ཆ་གཞན་པའམ་ཡང་ན་ཕ་ཡུལ་གྱི་རྫོང་ཐོག་ཏུ་འབྱོར་ན། ངས་ཁྱོད་ལ་ཁ་པར་གཏང་ཡོང་། དེ་དུས་ཁྱོད་ཀྱིས་ཁ་པར་གྱི་སྒོ་གཏན་ཡོད་ན་ལྟད་མོ་རྒྱང་ནས་ལྟོས་ཤིག”ཅེས་བཤད་པ་ན། བློ་བཟང་ཁ་པར་ཁྲོད་ནས་ལྷུག་ལྷུག་ཏུ་བགད་བྱུང་། ང་རང་ཡང་རང་དབང་མེད་པར་གད་མོ་ཤོར་སོང་།
   ངའི་ཕ་ཡུལ་ན་རྟ་ནོར་ལུག་གསུམ་མང་བའི་འབྲོག་པ་ཧ་ཅང་མང་། ང་རང་ནམ་རྒྱུན་ངེད་ཚང་གི་རྟ་རྫི་ལ་འགྲོ་བཞིན་ཡོད། ལམ་བར་ནས་ངས་རྒྱུན་དུ་རང་གི་གློ་ཁུག་ལས་ཁ་པར་བླངས་ཏེ་བློ་བཟང་གིས་ངའི་ཁ་པར་ནང་དུ་བཞག་པའི་རྗེས་ཤུལ་ཐམས་ཅད་ལ་ལྟ་ཞོར་དང་ཉན་ཞོར་བྱས་ནས་སོང་བ་ན། ང་རང་ངེད་ཚང་གི་རྟ་འཚོ་སའི་ལུང་བ་དེའི་ཕུ་དང་ཡང་ན་རྫ་མགོ་དེའི་རྩེར་ཇི་ལྟར་སླེབས་པའང་མ་ཤེས། ང་རང་རྟ་ཡོད་སར་སླེབས་རྗེས། བདག་གིས་ཡང་གོམས་ལོབས་ལྟར་བློ་བཟང་གིས་ངའི་ཁ་པར་ནང་དུ་བསྐུར་བའི་གླུ་དབྱངས་དག་ལ་ཉན་ཞོར་བྱས་ནས་རྟ་རྣམས་ཡུལ་དུ་འདེད་དུས་ཀྱང་ང་རང་ཡུལ་དུ་ཇི་ལྟར་སླེབས་པ་མི་ཤེས། ད་བར་ང་ལ་རེ་བ་ཞིག་ཡོད་པ་ནི་ངའི་ལག་ཏུ་ཁ་པར་ཐོགས་པས་ངེད་ཚང་གི་རྟ་རྫིར་འགྲོ་རྒྱུ་དེ་འདྲའི་དཀའ་མི་སྲིད་ལ། དེ་ནི་བདེ་སྐྱིད་ཅིག་ཏུ་སྒོམ་བཞིན་ཡོད་པ་ཁ་པར་གྱིས་གསལ་བོ་ཤེས་ན་ཅི་མ་རུང་སྙམ།
   ཐེངས་ཤིག་ལ། ཕྱི་རོལ་དུ་ཁ་བ་ལྷབ་ལྷུབ་ཏུ་འབབ་གྱིན་འདུག ངེད་ཚང་གི་ནང་མི་ཚོས་མཉམ་དུ་ནུབ་ཇ་སྐྱིད་པོ་ཞིག་འཐུང་རྗེས། རང་རང་སོ་སོའི་མལ་སར་ཉལ་དུ་སོང་འདུག ང་རང་ཡང་རང་ཉིད་ཀྱི་མལ་ཁང་དུ་ཡོང་ནས་གློ་ཁུག་ལས་ཁ་པར་བླངས་ཏེ་གོམས་ལོབས་ལྟར་རང་གི་སྔས་འགྲམ་དུ་བཞག་ནས་མལ་དུ་ཉལ་བ་ན། ངས་རྨི་ལམ་ཡ་མཚན་ཞིག་རྨིས་བྱུང་། བདག་གི་སྐུད་སྣེ་དམར་པོ་ཅན་གྱི་ཀུ་ཤུའི་ཁ་པར་དེ་གློ་བུར་དུ་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་འདུག བར་སྐབས་ཤིག་ལ། ངའི་ཁ་པར་དེ་ངེད་ཚང་གི་སྒོ་ཆེན་ལྟ་བུ་ཞིག་ཏུ་གྱུར་སོང་བས། ངས་རང་ཉིད་ཀྱི་མིག་ཟུང་ལ་ཡིད་ཆེས་མེད་པར། ང་རང་ཁ་པར་གྱི་མདུན་དུ་སོང་ནས་མིག་ཟུང་ཇེ་ཆེར་བགྲད་དེ་བལྟས། ཀྱེ་མ། གནམ་རྒན་མ། དེ་ནི་ངའི་ཁ་པར་དངོས་གནས་ཇེ་ཆེར་གྱུར་འདུག་པར་མ་ཟད། ད་དུང་ཁ་པར་ནང་ནས་བློ་བཟང་གི་གདོང་ཡོངས་འཛུམ་གྱིས་ཁེངས་ཏེ་ག་ལེ་ག་ལེར་ང་ཡོད་སར་གོམ་པ་སྤོ་བཞིན་འདུག ངས་སྐད་གསང་མཐོན་པོ་བྱས་ནས“ཁྱོད་ཇི་ལྟར་བྱས་ནས་ངའི་གམ་དུ་སླེབས་པ་ཡིན”ཞེས་དྲིས་པ་ན། “ང་ཁྱོད་ཀྱི་ཁ་པར་གྱི་ལམ་སྟོན་འོག་ཡོང་བ་ཡིན”ཞེས་བློ་བཟང་གི་བཞིན་ལ་ནན་ཏན་གྱིས་ཉམས་ཤིག་ཤར་ནས་དེ་ལྟར་ལབ། ངས་བློ་བཟང་གི་སྐད་ཆ་དག་ཐོས་མ་ཐག་བྱ་འཕུར་བ་ལྟར་བློ་བཟང་གི་གམ་ལ་རྒྱུགས་ནས་ཁོ་ལ་འཐམ་རྩིས་བྱས་པ་ན། ང་རང་གཞི་ནས་རྨི་ལམ་ལས་སད་བྱུང་། དེ་ནས་ངས་ཅི་ཞིག་བོར་སོང་བ་ལྟར་རང་ཉིད་ཀྱི་སྔས་འགྲམ་གཡས་གཡོན་ཀུན་ཏུ་ཡར་ལྟ་མར་ལྟ་ཞིག་བྱེད་དུས། ད་གཟོད་སྔས་འགྲམ་གྱི་ཁ་པར་དེ་ས་རུ་ལྷུང་འདུག་པ་མཐོང་བྱུང་། ཁ་པར་ཡ་ཁ་པར་ལགས། ཁྱོད་རང་དོན་ངོ་མ་སུ་ཞིག་ཡིན་ནམ། ཡང་ན་ཁྱོད་ཀྱིས་ངའི་རྣམ་ཤེས་ཀྱི་ཁ་ལོ་བསྒྱུར་དོན་གང་ཡིན་ལགས།
   ༥
   ཟླ་གསུམ་པའི་ཚེས་གཅིག་ནི་བདག་གིས་ཁ་པར་ལས་མི་གཞན་ལ་ལེགས་སྐྱེས་འབུལ་བའི་ཉིན་མོ་ཡིན། བདག་གིས་ཁ་པར་ནས་མི་གཞན་གྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་ཉིན་མོ་ཡང་ཡིན། དེ་བས་ཉིན་མོ་འདི་བདག་ལ་མཚོན་ན་ཧ་ཅང་དམིགས་བསལ་གྱི་ཉིན་མོ་ཞིག་སྟེ། བདག་གིས་ངེས་པར་དུ་གཅེས་སྤྲས་དང་མཐོང་ཆེན་བྱེད་དགོས་པའི་ཉིན་མོ་ཞིག་དང་། བདག་གིས་བརྩེ་དུང་དང་ཡིད་ཆེས། བདེ་སྐྱིད་སོགས་འབུལ་དགོས་པའི་ཉིན་མོ་ཞིག་ཡིན།
   ཞོགས་པར་མལ་ལས་ལངས་དུས། བདག་གིས་སྔས་འགྲམ་གྱི་ཁ་པར་སྒོ་ཕྱེ་སྟེ་སྐད་འཕྲིན་ནང་གི་གནས་ཚུལ་རྣམས་ལ་མིག་ཉུལ་ཞིག་བྱས་པ་ན། གློ་བུར་དུ་བློ་བཟང་གི་སྐྱེས་སྐར་ཡིན་པ་ཡིད་ལ་དྲན་བྱུང་བས། ང་རང་སྔ་དྲོའི་སློབ་ཁྲིད་ལ་མ་ཞུགས་པར་བློ་བཟང་གིས་ནམ་རྒྱུན་ང་ལ་བླངས་བའམ་ཡང་ན་ཁོ་རང་ཆེས་དགའ་སའི་དབྱིན་ཇིའི་གླུ་དབྱངས《 we are the world》ཞེས་པ་དེ་སྦྱོང་བའི་ཆེད་དུ་ཕྱི་རྒྱལ་གྱི་གྲོགས་མོAmy(ཨ་མེས)གམ་དུ་སོང་བ་ཡིན། ངའི་ཕྱི་རྒྱལ་གྱི་གྲོགས་མོAmy(ཨེ་མེས)ཀྱིས་བདག་གིས་དབྱིན་ཇིའི་གླུ་དབྱངས་ལེན་དུས་སྒྲ་ཡི་དག་ཆ་དང་དབྱངས་རྟ་སོགས་ལ་ནན་ཏན་ངང་རྒྱབ་སྐྱོར་ཆེན་པོ་བྱས་པས། ཕྱི་དྲོའི་ཆུ་ཚོད་གསུམ་ཡས་མས་སུ་སླེབས་པ་ན། བདག་གིས་བློ་བཟང་ཆེས་དགའ་བའི་དབྱིན་ཇིའི་གླུ་དབྱངས《 we are the world》 ཞེས་པ་དེ་ཆ་ཚང་ལེན་ཤེས་བྱུང་།
   《 we are the world》 ཞེས་པའི་གླུ་དབྱངས་དེ་ལེན་ཤེས་མ་ཐག ང་རང་གཅིག་པུ་སློབ་གྲྭའི་ཕྱི་ལ་སོང་ནས་སྲང་མདོ་བརྒྱུད་ན་ལེ་དབར་གསུམ་ཙམ་ཡོད་པའི་རི་བོ་ཆུང་ཆུང་དེའི་སྒང་ལ་བུད། དེ་ནས་བདག་གི་ལག་པ་གཡས་མས་བྱང་ཆ་ལྡན་ལ་ཧ་ཅང་མྱུར་ཚད་དང་བཅས་ཏེ་གློ་ཁུག་ལས་ཁ་པར་བླངས་ཏེ་བློ་བཟང་ལ་ཁ་པར་བརྒྱབ་པ་ན།
   ནངས་སྔ་མོ་སྐྱ་རེངས་ཀྱི་འཛུམ་མདངས།
   འཛུམ་མདང་དེའི་ཁྲོད་ན།
   རང་དབང་གི་རླུང་རྟ་ཁུར་བའི་རླུང་བུ་ཞིག་ཡོད།
   དུས་རབས་ཀྱི་པང་ནས་ང་ཚོས་གཤོག་པ་བརྐྱངས།
   རང་དབང་དང་ཞི་བདེས་ང་ཚོའི་ཕ་ཡུལ་བསུ།་་་་་་།
   ཕ་རོལ་གྱི་བློ་བཟང་གི་ཁ་པར་ལས་གླུ་བ་བློ་གསལ་གྱི་གླུ་འདི་གྲགས་ནས་མཚམས་མ་བཞག་གོང་ལ་བློ་བཟང་གིས་ཁ་པར་གྱི་སྒོ་ཕྱེས་བྱུང་།
   “ཝེ། ཁྱོད་ཡིན་ནམ།”
   “ཁྱོད་ཀྱིས་ད་ལྟ་ཅི་གནང་གིན་ཡོད།”
   “ང་རང་མཚོ་སྔོན་པོའི་འགྲམ་ན་ཡོད།” བློ་བཟང་གི་སྐད་ཆར་ཉན་ན། ཁོས་དེ་རིང་རང་ཉིད་ཀྱི་སྐྱེས་སྐར་ཡིན་པ་ཡང་ཤེས་ཀྱིན་མེད་པ་འདྲ་སྟེ། ཁོས་ད་དུང་ང་ལ“མདང་དགོང་ཁྱོད་ཀྱིས་ཁ་པར་གྱི་སྒོ་གཏན་ཡོད་པས། བདག་གིས་ཁྱོད་ལ་དོན་དག་ཅིག་བྱུང་སོང་ སྙམ་ནས་སེམས་ཁུར་བྱས་པ་ཡིན”ཞེས་ལེ་འདེད་དང་བཅས་ཏེ་བཤད་བྱུང་།
   “དེ་རིང་ཁྱོད་ལ་མཚོན་ན་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པ་མི་ཤེས་སམ།”ངས་ཕྱིར་བློ་བཟང་ལ་དེ་ལྟར་བཤད།
   “ངས་མི་ཤེས་ཀི” བློ་བཟང་ཧ་ལས་པའི་ཚུལ་གྱིས་དེ་ལྟར་ལན་འདེབས་པ་དང་། དེ་ནས་ཡང་བསྐྱར་འདྲི་རྒྱུར།
   “དེ་རིང་ངོ་མ་ཅི་ཞིག་གི་ཉིན་མོ་རེད།”
   “ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།”བདག་གིས་བློ་བཟང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་པ་ན། བློ་བཟང་ལྷུག་ལྷུག་ཏུ་བགད་ཞོར་དུ“ངས་རང་ཉིད་ཀྱི་སྐྱེས་སྐར་ཡིན་པ་བརྗེད་ཀྱིན་འདུག བཀའ་དྲིན་ཆེ”ཟེར། བདག་གིས་བློ་བཟང་ལ་ཕྱིར་ཚིག་ལན་མ་བརྒྱབ་པར། ཞོགས་པར་སྦྱངས་པའི་དབྱིན་ཇིའི་གླུ་དབྱངས《 we are the world》 ཁོ་ལ་བླངས་པ་ན། བློ་བཟང་ལ་སེམས་འགུལ་ཆེན་པོ་ཐེབས་སོང་བ་མ་ཟད། ད་དུང་ཁོ་རང་ཁ་པར་ལས་དགའ་ཆེ་བས་ངུ་ལ་ཁད་ཀྱང་བྱས་བྱུང་།
   “བདག་གིས་ནམ་ཉི་མ་ཞིག་ལ་ཁྱོད་རང་མཚོ་སྔོན་པོར་ལྟ་སྐོར་དུ་འཁྲིད་ན་འདོད་བྱུང་། མིན་་་་་་མིན། ངེད་གཉིས་མཉམ་དུ་མཚོ་སྔོན་པོའི་འགྲམ་ནས་རེ་བ་གསར་བ་ཞིག་དང་མི་ཚེ་གསར་བ་ཞིག་ལ་ལག་འཇུ་དང་དབུ་ཁྱུད་འབྲི་ཐུབ་ན་བསམ་བྱུང་།” བློ་བཟང་གིས་ད་དུང་ང་ལ་སྐད་ཆ་མང་པོ་ཞིག་ལབ་སོང་།
   བདག་གིས་ནམ་རྒྱུན་བློ་བཟང་གིས་ཁ་པར་ལས་བདག་ལ་སྐད་ཆ་བཤད་པ་ཚང་མ་ངའི་སེམས་སུ་ཉར་ཚགས་བྱས་ནས་ཡོད་ལ། ལྷག་པར་དུ་ད་ཐེངས་ཀྱི་སྐད་ཆ་དག་སེམས་ནས་རྟག་པར་འབོར་མི་སྲིད་པ་བཤད་ག་ལ་དགོས། བདག་གི་རྣ་རྩའི་ཁ་པར་དེ་ཇེ་དྲོ་ནས་ཇེ་དྲོ་རུ་གྱུར་འདུག་པ་དང་། ད་དུང་ཁ་པར་གྱིས་ངའི་ནང་སེམས་ལ་ཡང་དྲོད་ཀྱི་ཐིགས་པ་བསྩལ་བྱུང་།
   སྙིང་ཉེ་བའི་ཁ་པར་ལགས། བློ་བཟང་ངེད་གཉིས་ནི་རི་བོ་ཞིག་གི་ཕར་ཚུར་དང་གཙང་པོ་ཞིག་གི་ཕ་རོལ་ཚུར་རོལ་དུ་ཡོད་ནའང་། ཁ་པར་ཁྱོད་རང་ཡོད་པས་བློ་བཟང་ངེད་གཉིས་ཀྱི་ནང་སེམས་ལ་བར་ཐག་མེད་ལ། ཁ་པར་ཁྱོད་རང་ཡོད་པས་ངེད་གཉིས་ཀྱི་བརྩེ་བ་ལ་འགྱུར་བ་བྱུང་མ་མྱོང་། དེ་བས། ད་ལྟ་ང་རང་ཁ་པར་ཁྱེད་ལ་ཇེ་དུངས་ནས་ཇེ་དུངས་ཡིན་ལ། ཁ་པར་ནང་གི་ལོ་ཟླ་ཚེས་གྲངས་ལ་ལྟ་ཞོར་དུ་བློ་བཟང་ངེད་གཉིས་ལྷན་འཛོམས་ཡོང་བའི་ཉིན་མོར་ཡང་རེ་ཞིང་སྒུག་ནས་ཡོད་དོ། །
(སྒྲུང་གཏམ་བསྐུར་སའི་ཡིག་སྒྲོམ། 3334392847@qq.com)


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1