ཆར་བས་དཀྲོལ་རྒྱུའི་གཞས་དེ།།
སྨུག་པར་སྤྲུལ་བའི་ཁྱོད་ཡིན།།
ཡིད་ལ་ཤར་བའི་འཇའ་དེ།།
ཁྱོད་ཀྱི་སྨིན་མའི་གཞི་ཡིན།།
རྨི་ལམ་དཀར་དཀར་ཁྱོད་ཡིན།།
དྲན་པ་དམར་དམར་ཁྱོད་ཡིན།།
མདངས་ལྡན་ཁ་དོག་ཁྱོད་ཡིན།།
མཛེས་ལྡན་རྨ་བྱ་འདྲ་ཡིན།།
ཞོགས་པའི་ཉི་འོད་འདྲ་བ།།
མཚན་མོའི་ཟླ་བ་འདྲ་བ།།
ཉིན་དང་མཚན་གྱི་མཚམས་ཀྱི།།
“འོད་ཟེར་ཅན་མ”ཁྱོད་ཡིན།།
རོང་གི་རྩམ་པ་དཀར་དཀར།།
འབྲོག་གི་འབྲི་མར་སེར་སེར།།
རྒྱ་ཡུལ་ཕྱེ་མ་ཀ་ར།།
ཁྱོད་ལས་ཞིམ་ཞིག་མིན་འདྲ།།
ཤ་རུས་བྱ་ལ་གནང་ཆོག།
རིག་པ་རླུང་ལ་སྐུར་ཆོག།
ཁྱོད་ལ་དུང་བའི་བློ་འདི།།
རྒྱུ་མཚན་གང་གིས་མ་ཤོད།།
ཆོས་ཀྱི་ཁྲིམས་ལ་འགལ་ཏེ།།
འདི་ཕྱིའི་བདེ་ལམ་ཆད་རུང་།།
ཁྱོད་ཀྱི་ལུས་ངག་ཡིད་གསུམ།།
འཐད་པ་དང་བཅས་མྱོང་ཆོག།
འཇིག་རྟེན་མི་ཆོས་ཟེར་ནས།།
མི་ཁའི་གཡང་ལ་ལྷུང་རུང་།།
ཁྱོད་ལ་དུང་བའི་ཚུལ་འདི།།
ག་དུས་དོར་འདོད་མི་དྲན།།
ཁྱོད་རང་བདེ་ན་དེས་ཆོག།
ཁྱོད་རང་སྐྱིད་ན་དེས་ཆོག།
ལུས་ཞིག་དྲན་པ་འཐོར་ཡང་།།
སྨོན་ལམ་འདི་ལས་ཅི་ཡོད།།
དག་སྣང་དང་གདུང་བ།
དྲན་པ་རོང་གི་ཞིང་ཁར།།
ལང་ཚོའི་འཛུམ་རྒྱ་དགོད་པའི།།
དར་ཟབ་གསོལ་བའི་ལྷ་མོ།།
ཁྱེད་རང་ཡིན་པ་འདྲ་བྱུང་།།
མིག་གིས་སྐྱི་ལྤགས་བསྡམས་ནས།།
སྣང་བའི་སྒོ་མོ་གཏན་རུང་།།
ཡིད་ཆུང་གཞུང་གི་རི་དྭགས།།
ད་དུང་མིག་ནས་མ་ཡལ།།
ཁ་བ་གངས་ཀྱི་རྐང་རྗེས།།
ལྷ་མོའི་གར་སྟབས་ཨེ་རེད།།
གཡེར་དྲིལ་དཀྲོལ་བའི་བུ་མོ།།
གང་ནས་ཡོང་བ་སུས་ཤེས།།
ངས་ནི་ལྷ་མོ་མ་མཇལ།།
ཁྱེད་ལ་ལྷ་མོར་འབོད་དོ།།
བསྐལ་བའི་ཁུག་སོ་འདི་ལ།།
ལས་ཀྱི་མདུད་པ་རྒྱག་འདོད།།
སེམས་པ་གངས་ལ་བྲིས་ཀྱང་།།
འཇའ་ཚོན་ནག་པོ་ཞིག་རེད།།
སྐྱོ་བ་ཐང་ལ་བརྡལ་དུས།།
གདུང་བ་རླན་གཤེར་ཞིག་རེད།།
གཟི་ཆུང་ཆག་གྲུམ་ཤོར་རུང་།།
རིན་ཆེན་ནོར་བུའི་འདང་ཡོད།།
འདང་ཆེན་ནོར་བུའི་བདག་པོ།།
ང་མིན་གཞན་ཡིན་མ་ཟེར།།
གཙང་བོའི་བཞུར་རྒྱུན་ཆད་དུས།།
ལས་བསོད་རྡོ་ལ་བརྐོས་འདུག།
ལོ་མའི་མལ་སྟན་སྟེང་གི།།
སྣང་ལ་ཆོས་དང་འགལ་སོང་།།
སྐྱེ་བ་ལས་ཀྱིས་བསྐོར་བའི།།
གྲུ་ཆུང་འགྲོ་ལམ་ཆད་ན།།
ལམ་མདོར་འཁྲུལ་བས་བྲིས་པའི།།
གཞིས་དེ་མེ་ཏོག་ཅིག་རེད།།
ཁོ་མོའི་བཞིན་གྱི་རལ་གྲིས།།
སུ་ཡི་དྲན་པ་བྲག་སོང་།།
དྲན་པ་བོར་བའི་མི་དེའི།།
མགུལ་ལ་ཅི་ཞིག་བཏགས་ཡོད་།།
ཁུར་མོང་དགུང་ལ་འཕུར་དུས།།
སྨོན་ལམ་ས་ལ་འཐོར་ན།།
རྣང་ཞིང་གྲོང་གི་རི་སྡེ།།
སྨྲེང་བའི་སྣོན་མར་འགྱུར་འགྲོ།།