སྙན་ངག་གླེགས་བམ་དཀར་པོའི་པོ་ཏི་ལགས །།
ཁྱོད་ཀྱི་གསེང་གི་ཡིག་འབྲུ་དཀར་དམར་དེར།།
ཁོ་བོ་ཤིན་ཏུ་གློ་བ་ཉེ་བས་ན ། །
ཁྱེད་ཞལ་འཛུམ་ཁ་དགོད་ཀྱིན་ང་ལ་ལྟོས །།
བདག་གི་ཚོར་བའི་དགའ་སྡུག་ཞུ་སྟངས་སོམས།།
བདག་སེམས་བྱང་རླུང་གྲང་བས་གཙབ་པའི་དུས །།
མིག་ཆུ་ཁྱོར་བ་གང་ཙམ་བྱོ་བའི་དུས ། །
ང་ལ་སྙན་ངག་ཡོད་པས་ཞེ་རྩ་དྲོ ། །
དབྱངས་ཅན་མ་མའང་བདག་གི་ཚེ་གྲོགས་གྱུར།།
ང་ཡི་ལམ་ཀྱི་སྙན་ངག་ལྷ་མོར་འབུལ །།
ལྷ་མོ་དབྱངས་ཅན་མ་ཁྱོད་གང་དུ་བཞུགས །།
ད་ལྟ་ད་ལྟར་བདག་གིས་མཐོང་བར་སྨོན །།
བདག་གིས་ཁྱེད་ཞལ་མཐོང་བར་རབ་ཏུ་སྐོམ །།
བདག་ལ་སྙན་ངག་བསིལ་བའི་ཆུ་སྦྱིན་རོགས །།
བདག་ལ་ངལ་གསོ་ཐེངས་ཅིག་གནང་བར་ཞུ །།
ཚོར་བའི་གསེང་དུ་བསྙལ་བའི་དགུན་ཆང་དེའི །།
ཁ་རླངས་རྔུབ་པའི་གཞོན་པའི་ཚོགས་དེ་དག །
ལྷ་མོའི་སྐུ་ཡི་རེག་བྱ་ལུས་སུ་གློན ། །
དབྱངས་ཅན་ལྷ་མོ་གསང་ཡུམ་ཚུལ་དུ་བསྟེན །།
དབྱངས་ཀྱི་དངོས་གྲུབ་བརྙེས་པའི་སྦྱོར་བ་མཛད །།
སྐྱེ་རྒ་ན་འཆི་བཀྲམས་པའི་མི་ཡུལ་དུ ། །
ཉིན་དང་མཚན་མོ་ནོར་བའི་འཁྲུལ་བ་གཅོང་། །
ཟས་དང་གོས་ལ་རེ་བའི་མི་ཚོགས་འདིས། །
བུ་ལོན་ལན་ཆགས་འཇལ་བའི་ད་ཞག་ལ །།
མི་ཡི་ཡིད་ཁ་སོས་པའི་ཉི་མ་དབེན ། །
ང་ནི་མི་ཡི་རིགས་སུ་གཏོགས་ཡོད་པས །།
ཁོ་བོའི་ཚེ་ལ་འཕེལ་འགྲིབ་ཡོང་གིན་གདའ །།
ཚེ་ལ་ཚད་ཡོད་སྡུག་ལ་ཚད་མེད་པས ། །
འཁོར་བའི་གྲུ་ཁ་ནས་ཀྱང་འདུག་འདོད་བྲལ།།
སྐྱིད་འདོད་དབེན་པ་འཚོལ་བའང་དེ་བས་མིན།།
འུ་ཅག་འཁོར་བའི་ཀློང་དུ་སྨྱོན་པར་གྱུར ། །
སྨྱོ་ཆུ་འཐུང་བ་གྲངས་སུ་འཁྱོལ་གྱུར་ན ། །
མཐའ་ཡས་རྒྱ་མཚོ་དེས་ཀྱང་དཔེར་མི་ལོང །།
སྡུག་བསྔལ་ཡོད་ཚད་མིག་གིས་རིག་སྲིད་ན །།
རི་རབ་ལྷུན་པོའི་གཤིབ་མཚུངས་ག་ལ་འོང་།།