གླུ་ལེན་ཤེས་པའི་གཙང་བོ།

བིས་མདོ་བ་ཆོས་སྐྱོང་། (མཚོ་སྔོན།) རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-11



གཙང་བོ་འདི།
གྲམ་གཞུང་ན་ཐུར་དུ་འབབ་བཞིན་ཡོད།
ལོ་ཟླ་དང་གྲང་རླུང་གི་མཆེ་བར་ན།
ཐུར་ནས་ཐུར་དུ་འབབ་བཞིན་ཡོད།


གཙང་བོ་འདིས་གླུ་ལེན་ཤེས།

སེམས་རྣལ་ལ་འབབ་ཐུབ་ན།
གཙང་བོའི་གླུ་སྐད་གོ་ཐུབ།
འཇགས་པ་མེད་པའི་གླུ་སྐད་གཅིག་གོ་ཐུབ།


སྐྱོ་གདུང་གིས་ཉན་ན།

གཙང་བོས་སྐྱོ་གླུ་ལེན་གྱིན་འདུག
འཛུམ་མདངས་ཀྱིས་གསན་ན།
གཙང་བོས་སྤྲོ་གླུ་ལེན་གྱིན་འདུག


གླུ་ལེན་ཤེས་པའི་གཙང་བོ་འདི།

སུ་ཞིག་གི་སེམས་འགྱུ་དང་འདྲ་བྱུང་།
གང་ཞིག་གི་བདེ་སྡུག་དང་འདྲ་བྱུང་།


འཇིག་རྟེན་འདི་རུ་གླུ་ལེན་ཤེས་པ་མང་བོ་འདུག

གླུ་སྐད་དེ་ཡང་རང་གི་བདེ་སྡུག་དང་འབྲེལ་འདུག
གླུ་ལེན་ཤེས་པའི་གཙང་བོ་དེས།
མཚན་དཀྱིལ་ཞིག་ལ་ང་གཉིད་ལས་བསླངས་སོང།
ངས་གླུ་སྐད་མ་ཡིན་པའི་གླུ་སྐད་གང་ལ་ཉན་ཨང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1