གསེར་མདོག་གི་ཉི་མ་གཞོན་ནུ་མཁའ་རུ་འཕགས་ཏེ་འོད་ཀྱི་ཟེགས་མ་ས་བདག་རྒྱལ་པོའི་མལ་ཁང་དུ་མགྲོན་ལ་སླེབས་པ་ན། ས་བདག་རྒྱལ་པོས་མལ་སའི་ནང་དུ་རྨྱང་ཤད་ཅིག་བྱས་ཏེ་གཞི་ནས་གཉིད་ལས་སད།
ས་བདག་རྒྱལ་པོ་ཞེས་པ་ནི་ཁོ་དང་མཉམ་དུ་ས་བདག་རྩོད་པའི་ཤོག་ཤོ་རྩེད་མཁན་ཚོས་བཏགས་པའི་མིང་ཞིག་རེད། མ་གཞི་ཁོ་ནི་གསེར་ལུང་ཡུལ་ཚོའི་གཞུང་ཞབས་པ་ཞིག་ཡིན་ལ། ཁོའི་དངོས་མིང་ལ་ཀུན་དགའ་ཟེར། འོན་ཀྱང་ས་བདག་རྩོད་པའི་ཤོག་ཤོ་རྒྱག་པར་བཟང་བས་གྲོགས་པོ་ཚོས་ཀུན་དགའི་དངོས་མིང་ནས་མི་འབོད་པར་ས་བདག་རྒྱལ་པོ་ཞེས་འབོད་ཀྱིན་ཡོད།
ས་བདག་རྒྱལ་པོས་མིག་འཕུར་ཞོར་ཁ་པར་ལ་ཉན་པ་ན། དེ་ནི་མི་རྐྱང་གཅོད་པ་རེད། ཁོས་ཁ་པར་ལས་ཨ་རོགས། ས་བདག་རྒྱལ་པོ་མགྱོགས་པོ་ཤོག་དགེ་རྒན་མགོ་དམར་གྱིས་གེ་སར་ཇ་ཁང་དུ་ངེད་གཉིས་བསྒུག་ནས་ཡོད་ཟེར།
ཡ་ཡ། མདངས་ནུབ་ཝུ་ཆང་འཐུང་བ་མང་དྲགས་པས་ད་རུང་མགོ་ཡོམ་འཁོར་གྱིན་འདུག་རུང་ང་མགྱོགས་པོར་ཐོན་ཡོང་། དེ་རིང་ཡང་དགེ་རྒན་མགོ་དམར་གྱི་མཛོ་རྒན་མ་བཞོ་དགོས་ཀྱི་རེད། ཧ་ཧ་ཞེས་ཁ་པར་གཏན།
ས་བདག་རྒྱལ་པོ་དང་། མི་རྐྱང་གཅོད་པ། དགེ་རྒན་མགོ་དམར་བཅས་ཀྱིས་ནམ་རྒྱུན་ས་བདག་རྩོད་བཞིན་ཡོད་ལ། ཁ་སང་ཡང་མུན་མ་རུབ་བར་དུ་ས་བདག་བརྩད་པ་དང་། འགྲོ་ཁར་ས་བདག་རྒྱལ་པོ་སྒོར་སྟོང་གཉིས་ལྷག་ཁེ་ཡོད་པས་ཁོས་གྲོགས་པོ་གཉིས་ལ་མགྲོན་བྱས་ཏེ་རྒྱ་ཁོག་ཟ་རུ་སོང་ལ། མཚན་མོའི་དུས་ཚོད་དང་པོ་ཡོལ་རག་བར་ཁོ་ཚོས་ཝུ་ཆང་འཐུང་ནས་བསྡད། འདི་ནི་འབྲོང་རྫོང་ཞེས་པའི་ས་ཆ་འདིའི་གཞུང་ཞབས་པ་དང་། སྨན་པ། དགེ་རྒན། ཚོང་པ། ད་རུང་སྡེ་བའི་དགེ་བཅུ་མི་སྲུང་བའི་མི་རྐྱང་གཅོད་པ་ལྟ་བུའི་མི་ཚོའི་འཚོ་བ་རོལ་སྟངས་གཙོ་བོ་ཞིག་རེད།
སྔ་དྲོ་དེར། དུས་ཚོད་འགོར་འགྱངས་མེད་པར་གཞུང་ཞབས་པ་ས་བདག་རྒྱལ་པོ་དང་། མི་རྐྱང་གཅོད་པ། དགེ་རྒན་མགོ་དམར་བཅས་གེ་སར་ཇ་ཁང་དུ་འཛོམས་བྱུང་། དགེ་རྒན་མགོ་དམར་ཞེས་འབོད་དོན་ནི་ཁོའི་སྐྲ་མདོག་དམར་སེར་ལ་བསྒྱུར་ཡོད་པ་དང་། གསེར་ལུང་སྡེ་བའི་སློབ་ཆུང་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་པས་སོ། མི་རྐྱང་གཅོད་པས་ཧ་ཅང་བྱང་ཆ་ལྡན་པའི་ངག་གིས་ཇ་ཁང་གི་ཞབས་ཞུ་མ་ལ་ཇ་ཕོར་གསུམ་དང་། ཤོག་ཤོ་གཅིག་ཁྱེར་ཤོག་ཅེས་ལབ།
ཞབས་ཞུ་མས་སྤྲོ་ཉམས་དང་བཅས་ཁོ་ཚོའི་མདུན་ཅོག་ཐོག་ཏུ་ཇ་ཕོར་དང་ཤོག་ཤོ་བསྒྲིགས་བྱུང་།
ཁོ་ཚོས་ཇ་བཏུང་ཞོར་ནམ་རྒྱུན་ལྟར་ཤོག་ཤོ་བརྩིས་ནས་བསྡད། ཨ་རོགས། ས་བདག་རྒྱལ་པོ། དེ་རིང་ཁྱོད་ཀྱིས་རླུང་རྟ་རྟ་རྒོད་རྒྱུག་རྒྱུག་རེད། མི་རྐྱང་གཅོད་པས་གསུམ་ནས་བདུན་བར་གྱི་ཤོ་ཞིག་མདུན་དུ་གཡུག་ནས་དེ་ལྟར་བཤད།
འོ་ལེ། ད་བཀོད་པ་ཞིག་ཡོད་དམ། ཕོ་ལོ་ཉི་ཤུ་ལུས་ན་འདུག དུང་སོ་སུམ་ཅུ་ཁ་ན་ཡོད། ཅེས་ས་བདག་རྒྱལ་པོས་བཅུ་ནས་བཅུ་གསུམ་བར་གྱི་ཤོ་འཕངས་ཏེ་མི་རྐྱང་གཅོད་པའི་ཤོ་འོག་ཏུ་མནན།
ད་ཁྱོད་གཉིས་ལ་དེ་ལས་ཆེ་བའི་ཤོ་ཡོད་དམ། ཅེས་མིག་གིས་རིག་རིག་ངང་ཁོང་གཉིས་ཀྱི་གདོང་གི་ཉམས་ལ་བལྟས།
མི་དགོས།
མི་དགོས།
ཁོ་གཉིས་ཀྱིས་མགྲིན་གཅིག་གིས་དེ་ལྟར་ལབ།
ས་བདག་རྒྱལ་པོས་མི་དགོས་ན་ད་རུང་འགད་རྫས་ཤིག་སྦྱིན་ཟེར་ནས་ཤོ་བརྒྱད་པ་བཞི་མདུན་དུ་འཕངས་ནས་ཡང་བསྐྱར་ཧ་ཧ་ཞེས་གད་མོ་ལྷུག་ལྷུག་ཏུ་དགོད་བཞིན་མི་རྐྱང་གཅོད་པ་དང་དགེ་རྒན་མགོ་དམར་གཉིས་ཀྱི་ས་ནས་སྒོར་བརྒྱ་དང་སུམ་ཅུ་རེ་བླངས།
ས་བདག་རྒྱལ་པོ་ནི་ཁོ་རང་གིས་བཤད་པ་བཞིན་ཕོ་ལོ་ཉི་ཤུ་ལུས་ན་ཡོད་པའི་རྒྱལ་ཁབ་གཞུང་ཞབས་པ་ཞིག་ཡིན། སྔོན་ཆད་སློབ་གྲྭ་ཆེན་མོ་འགྲིམ་ནས་བོད་ཀྱི་རྩོམ་རིག་དུས་དེབ་གྲགས་ཅན་ཞིག་གི་ཐོག་སྙན་ངག་ཁ་ཤས་ཀྱང་འགོད་མྱོང་མོད། ལས་ཞུགས་བྱས་རྗེས་ཁོའི་སྤྱི་སེམས་ཇེ་ཆུང་དང་སྒེར་སེམས་ཇེ་ཆེར་ཕྱིན་ཏེ། རིམ་གྱིས་ས་གནས་ཁོར་ཡུག་གི་ཤུགས་རྐྱེན་ངན་པའི་དབང་བསྒྱུར་འོག་ཐོག་མར་ཤོག་ཤོ་དང་། དེ་ནས་འགྲིག་ཤོ དུད་ཆང་བཅས་ལ་རིམ་གྱིས་གོམས་པར་གྱུར་ཏེ་ད་ལྟ་གྲོགས་པོ་ཚོས་ཀྱང་ཁོ་ལ་ས་བདག་རྒྱལ་པོ་ཞེས་པའི་ཆོ་ལོ་བསྩལ་ཡོད།
ཤོ་རྒྱན་གྱི་རྩེད་འཇོ་ལ་རོལ་ན། དུས་ཚོད་ནི་ཁུ་སིམ་མེར་གང་ཞིག་ལ་བུད་སོང་བ་སུ་ཡིས་ཤེས།
མི་རྐྱང་གཅོད་པས་ཇ་ཧུབ་གང་འཐུང་ཞོར་ཨ་རོགས་ཚོ། དུས་ཚོད་གཉིས་པ་བརྒལ་ཟིན་པས་ང་ཚོའི་ཟ་མ་ཞིག་འབོད་དགོས་པ་མིན་ནམ་ཞེས་བཤད།
ཏག་ཏག་རེད། དོ་ནུབ་ང་ཚོ་ས་མ་རུབ་བར་དུ་རྩེ། མཚན་མོ་ང་ལ་སློབ་ཁྲིད་ཅིག་ཡོད། དུས་ལྟར་མ་སོང་ན་སློབ་གཙོས་ངའི་ཟླ་ཕོགས་ནང་ནས་ཆད་པ་གཅོད་ངེས། ཟླ་ཕོགས་མེད་ན་ས་བདག་རྒྱལ་པོས་ངའི་མཛོ་མོ་བཞོ་ཐབས་མེད་ཅེས་བཤད་པ་ན།
ཁོ་ཚོས་མཉམ་དུ་ཧ་ཧ་ཧ་ཞེས་གད་མོ་བགད།
ཁོ་ཚོས་ཆུ་མོག་ཟ་ཞོར་མུ་མཐུད་དེ་ཤོ་བརྒྱབ་ནས་ས་བདག་རྩོད་རེས་བྱས། རྒྱན་འཇོག་པ་ནི་ཅི་འདྲའི་བྲེལ་བ་ཆེ་ལ་མི་ཚོར་དཀའ་སྣང་མེད་པར་ཨུ་ཚུགས་བྱེད་ཐུབ་པའི་བྱ་བ་ཞིག་རེད་ཨང་།
ཕྱི་དྲོའི་ཉི་ཟེར་གཉོམ་པོ་དེ་ཡང་གེ་སར་ཇ་ཁང་གི་སྒེའུ་ཡོལ་ངོས་སུ་ཅི་ཞིག་ལ་ཨ་ཐང་ཆད་དེ་ནུབ་རིར་བཞུད་ལ་ཉེ། ད་ནི་ཕྱི་དྲོའི་དུས་ཚོད་དྲུག་པ་ཡོལ་འདུག མུན་རུབ་པར་དུས་ཚོད་གཅིག་ལྷག་འདུག
ས་བདག་རྒྱལ་པོ། ཁྱོད་ཀྱི་སྒོར་ཁུག་གི་ཕོ་བ་ལྟོགས་ཀྱི་ཡོད་པ་རེད་དམ། ཀྲུང་གོའི་ཞིང་ལས་དངུལ་ཁང་ཉེ་འགྲམ་ན་ཡོད་པས་ངས་ཁྱོད་ལ་རོགས་པ་བྱེད་ཆོག་ཅེས་མི་རྐྱང་གཅོད་པས་ས་བདག་རྒྱལ་པོའི་སྒོར་ཁུག་ནང་སྒོར་བརྒྱ་མ་གཏོགས་ལྷག་མེད་པ་མཐོང་བས་དེ་ལྟར་བཤད།
ས་བདག་རྒྱལ་པོའི་ལག་པ་འདར་ཞོར་སེམས་སུ་ད་ནངས་སྔ་དྲོ་ང་སྒོར་སྟོང་གཉིས་ལྷག་ཁེ་ཡོད་ཀྱང་། ད་ནི་དེའི་སྟེང་ལ་རང་གི་སྒོར་ཁུག་ནང་གི་སྒོར་སྟོང་གསུམ་ཡོད་པ་ཤོར་ཏེ་སྒོར་བརྒྱ་མ་གཏོགས་ལྷག་མི་འདུག་བསམས་ནས་མི་རྐྱང་གཅོད་པ། ངས་ཤོག་ཤོའི་ཨང་ཀི་གསལ་པོ་ཞིག་མི་མཐོང་བ་ཅི་རེད་ཅེས་འཇིགས་ཡེལ་ཡེལ་ངང་དྲིས་པ་ན། མི་རྐྱང་གཅོད་པས་ཁོའི་གདོང་གི་ཉམས་གང་ཞིག་མཐོང་ནས་རེ་ཞིག་ལ་ཧ་ལས་ཏེ་སྐད་ཆ་བཤད་མི་ཐུབ་པ་ཞིག་ཏུ་གྱུར་སོང་།
དགེ་རྒན་མགོ་དམར་ཡང་ཧ་ལས་ཏེ་ས་བདག་རྒྱལ་པོ། ཁྱོད་ཀྱིས་ས་བདག་རྩོད་བཞིན་རྒས་སོང་ཞིག མགྱོགས་པོར་མེ་ལོང་ནང་དུ་ལྟོས་དང་། ཁྱོད་ཀྱི་གཟི་མདངས་ཡལ་བའི་མིག་ཟུང་ནི་གཏིང་དུ་རྡིབ་འདུག་ལ། སྐྲ་ལོ་ཡང་དཀར་པོར་གྱུར་འདུག་ཅེས་རྨི་ལམ་ལྟ་བུའི་སྐད་ཆ་དེ་བཤད།
ས་བདག་རྒྱལ་པོ་ཅི་ཞིག་ལ་ཡིད་མི་ཆེས་པར་ཡར་ལངས་པ་ན། ཁོའི་ལུས་པོ་ནི་གཞུ་ལྟར་འཁྱོག་འདུག་ལ། རྐང་ལག་གི་ཤེད་ཤུགས་ཉམས་འདུག་པས་འཁྱར་འཁྱོར་ངང་གེ་སར་ཇ་ཁང་ནས་སྒོར་བུད་དེ་མདུན་ཕྱོགས་སུ་སོང་། །
● ལྗང་མདོག་གི་འཇིག་རྟེན། ཀྲེན་དབྱང་གིས་པར་བླངས།