འཆི་བ།

མགར་ཐར་བཀྲ་ཤིས་ཆོས་ལྡན། (དཀར་མཛེས།) རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-14


   

   འཆི་བ་ནི། སྐྲ་ཡི་ཉག་མ་དང་འདྲ་བའི་སྲོག་དབང་འགག་པའི་མར་ངོས་ཀྱི་ཚེ་ཞག་ཅིག་ཡིན་ནམ། ཡང་ན་འཆི་བ་ནི། འབྱུང་བ་བཞིའི་ནུས་པ་རིམ་གྱིས་བསྡུས་ཏེ་ཐ་མའི་དབུགས་རྒྱུན་འགག་པའི་འཕོ་འགྱུར་ཞིག་ཡིན། འཆི་བ་ནི། མི་རྣམས་ལ་སྔངས་འཚུབ་དང་འཇིགས་ཡེར་སློང་བའི་སྣང་བ་རྫོབ་པོ་ཞིག་ཡིན་ནམ། ཡང་ན་འཆི་བ་ནི། འཇིག་རྟེན་པ་དག་གི་ཆེས་མཐའ་མཇུག་གི་ངུ་སྐད་ལས་མཆེད་པའི་མིག་ཆུ་རྡོག་ཅིག་ཡིན། འཆི་བ་ནི། བར་དོ་ཁམས་པའི་སྐས་རིམ་ལ་འཛེག་པའི་མཐར་ཐུག་གི་གསང་བ་ཞིག་ཡིན་ནམ། ཡང་ན་འཆི་བ་ནི། རེས་སྐྱིད་རེས་སྡུག་གི་དཀར་ངོགས་ལ་གྱེས་བརྡ་གཏོང་བའི་རྫོགས་ཚིག་ཅིག་ཡིན། འཆི་བ་ནི། སྐྱིད་ལ་སྤྲོ་སྣང་ལྡན་པའི་གཞིས་ཁྱིམ་ལ་རྒྱབ་གཞུངགཏད་པའི་ཉིན་མོ་དེ་ཡིན་ནམ། ཡང་ན་འཆི་བ་ནི། འུར་འུར་ཟང་ཟིང་གི་འཁོར་བ་ལ་བཞི་ཤད་འབྲི་པའི་མཚན་མོ་ཞིག་ཡིན།

   འཆི་བ་ནི། མི་རྟག་པའི་སོ་ཁར་ལྷུང་བའི་སྲོག་ཆགས་ཇི་བཞིན་སྐྱབས་དང་ཁེན་ས་ཡེ་ནས་མེད་པའི་མགོན་མེད་ཉམ་ཆུང་ཞིག་སྟེ། ཆེས་མུན་ནག་ལས་ཀྱང་སྨག་རུམ་ཡིན་པའི་ཉི་ཚེ་བ་དང་ཉེ་འཁོར་བའི་འབོད་པ་དབ་དོབ་ཏུ་ཐོས་དུས་ནི་འཆི་བ་ཡིན། ཆེས་ཚ་བ་ལས་ཀྱང་རབ་ཏུ་སྲེག་པའི་ཡང་སོས་པ་དང་ཐིག་ནག་པའི་སྣོད་བཅུད་ལམ་མེར་དུ་ཤར་དུས་ནི་འཆི་བ་ཡིན། ཆེས་འཇིགས་རུང་ལས་ཀྱང་རབ་ཏུ་སྔངས་པའི་བསྡུས་འཇོམས་པ་དང་མནར་མེད་པའི་ཉག་གར་བྲེལ་འཚུབ་ཀྱིས་རྒྱུ་དུས་ནི་འཆི་བ་ཡིན། ཆེས་ངུ་འབོད་ལས་ཀྱང་མིག་ཆུ་སྐྱོམ་པའི་ཆུ་བུར་ཅན་དང་མནར་མེད་པའི་ངུ་སྐད་འུར་འུར་དུ་གྲག་དུས་ནི་འཆི་བ་ཡིན། ད་དུང་གླེན་ཞིང་ལྐུག་པའི་དུད་འགྲོའི་གཟུགས་རིས་ཆེ་ཆུང་དེ་ཚོ་ཐོལ་གྱིས་འཆར་བ་དང་། ལྟོགས་ཤིང་སྐོམ་པའི་ཡི་དྭགས་ཀྱི་སྣང་བ་མག་མོག་དེ་དག་རབ་རིབ་ཏུ་མཐོང་དུས་ནི་འཆི་བ་ཡིན། འཆི་བ་སྟེ། འཆི་བ་ནི་དྲན་མེད་ཚོར་མེད་ངང་སུ་ཞིག་གི་མགོ་སྟེང་དུ་ཐོག་བརྒྱབ་པ་ལྟར་བཙན་གྱིས་བབ་དུས། གང་ཞིག་གིས་ལེ་བདའ་དང་འཁང་ར་རུམ་གང་ཁྱེར་ནས་འཆི་བའི་ལམ་ནས་འཆི་བ་གླེང་ཞིང་འཆི་ཚུལ་རྟོགས་པ་ནི་འཆི་བའི་རྣམ་གཞག་ཡིན།
   འཆི་བ་ནི། འགྲོ་བ་རིགས་དྲུག་གི་ལས་སྲུང་བ་མང་པོས་ཉེན་བརྡ་གཏོང་བའི་འཇིགས་སྐུལ་ཞིག་ཡིན་པའོ།། འཆི་བ་ནི། ལན་ཅིག་འཇིག་རྟེན་ཁམས་སུ་འགྲོན་པོར་ཡོང་བའི་གློ་བུར་བའི་འགྲུལ་བཞུད་ཅིག་འགྲོ་གྲབས་བྱེད་པའི་དུས་ཚིགས་ཤིག་སྟེ། ཁོའི་མིག་ལམ་ནས་རང་ཉིད་ཀྱི་ཁང་ཁྱིམ་དང་འཚོ་བ། གཉེན་ཉེ་དང་ནོར་རྫས་ཡོད་ཚད་རབ་རིབ་ཏུ་གྱུར་བ་ནས་མི་མཐོང་བར་འགྱུར་འགྲོ་བ་དེའོ། ། འཆི་བ་ནི། སྔོན་དུས་ཀྱི་སྲིད་པ་ལས་ཐོལ་གྱིས་བརྒལ་བའི་སྲིད་པ་གཞན་ཞིག་གི་ཉེར་བསྡོགས་སྒྲུབ་པའི་བག་ཆགས་ཤིག་སྟེ། འཆི་བས་འཇིག་རྟེན་ཁམས་པའི་སྲོག་ཆགས་དག་གི་འགྲོ་འཆག་ཉལ་འདུག་ལ་གློག་འོད་དང་འདྲ་བའི་སྐད་ཅིག་མའི་འཕེལ་འགྲིབ་བསྩལ་བས་སོ།།
   འཆི་བ་མི་རྟག་པའི་ཆོས་ཉིད་རེ་རེས་ཟུངས་ཁྲག་གི་སྙིང་པོ་གཅིག་ཏུ་བསྲེས་པའི་མ་བུ་གཉིས་གཏན་དུ་གྱེས་པའི་སྙིང་གི་ཆུ་འགོ་གཏིང་ནས་སློག་ཐུབ་ལ། བརྩེ་སེམས་འོ་མའི་རླབས་རིས་ལྷན་དུ་འཕྱོ་པའི་ཁྱོག་ཤུག་ཟུང་གི་ཕུགས་ཀྱི་འདུན་མ་རླུང་གིས་སྤུར་སྲིད། གཞན་ཡང་། ལང་ཚོའི་གཞོན་ཤ་འཇམ་པོར་ཆགས་པའི་བྱིས་པའི་བླ་དང་། གདོང་ལ་གཉེར་རིས་ལྷུག་པོར་དོད་པའི་རྒན་པའི་ཚེ། འཚོ་བའི་གནས་ལ་གོམ་སྟབས་བྲེལ་བའི་དར་མའི་སྲོག་སྟེ། བདེ་བ་ལ་དགའ་ཞིང་སྡུག་བསྔལ་ལ་ཞེད་པའི་མི་རྣམས་ཀྱི་འཚོལ་སྙེག་གི་ལམ་བུ་རེ་རེ། འཐབ་རྩོད་ཀྱི་བདེན་པ་རེ་རེ། དཔལ་འབྱོར་གྱི་གསོག་འཇོག་རེ་རེ། སློབ་སྦྱོང་གི་འབྲས་བུ་རེ་རེ། རྒྱལ་ཕམ་གྱི་དབྱེ་འབྱེད་རེ་རེ། བྱམས་བརྩེ་ཡི་ཕན་རླབས་རེ་རེ། དངོས་གཙོ་པས་ཕྱི་ལུས་ཀྱི་གནས་མལ་གྱི་ཕྱིར་དུ་འཚོ་བ་སྒྲུབ་པ། སེམས་གཙོ་པས་ནང་སེམས་ཀྱི་སྤྲོ་སྣང་གི་ཆེད་དུ་སྙིང་རྗེ་འཚོལ་བ། ཆོས་ལུགས་པས་སྐྱོན་ཟད་པའི་ཞིང་ཁམས་ཀྱི་དོན་དུ་ཉོན་མོངས་འཇོམས་པ། འཇིག་རྟེན་པས་ལྷུན་ཆགས་པའི་འཚོ་གནས་ཀྱི་སླད་དུ་སྡུག་རུས་བྱེད་པ་སྟེ། མདོར་ན། སྟོབས་ལྡན་རྒྱལ་པོ་དང་ས་འབུ་རྐང་མེད་བར་གྱི་སྐྱེ་འགྲོ་ཡོད་ཚད་ཀྱིས་བླ་ལ་གཅེས་སྤྲས་ཆེ་ཤིང་། ཚེ་ལ་དགའ་སྣང་འཕེལ་བ། སྲོག་ལ་བདག་སྐྱོང་བྱེད་པ་བཅས་ནི། སྐྱེ་རྒ་ན་འཆི་ཡི་གྲུ་ཁ་ན་རྩེན་པའི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་འཇིག་རྟེན་འདིར་གསོན་དགོས་པའི་ཡང་སྙིང་དམ་པ་དེ་ཡིན་པར་གདོན་མི་ཟའོ།།
   འཆི་བ་སྟེ། མི་ཞིག་གི་དོན་ལྔ་དང་སྣོད་དྲུག་གི་དབང་ཤུགས་ཉམས་པའི་འདེགས་འཇོག་རེ་རེའི་བར་མཚམས་ནས། གོ་སྙོད་ནག་པོའི་མེ་ཏོག་ལྟ་བུའི་མིག་དབང་ལ་འཆར་བའི་སྣོད་བཅུད་ཀྱི་མདོག་དབྱིབས་སྣ་ཚོགས་ཤིག་འཇའ་ཚོན་ལྟར་མུ་མེད་པའི་དབྱིངས་སུ་ཡལ་ནས་འགྲོ་བའོ།། གྲོ་གའི་མཛེར་བ་ལྟ་བུའི་རྣ་དབང་ལ་སྣང་བའི་སྙན་ལ་འཇེབས་ཤིང་སྡུག་ལ་བཙན་པའི་སྒྲ་དབྱངས་མང་པོ་ཞིག་སྟོང་བའི་ཁམས་སུ་ཞིག་ནས་འགྲོ་བའོ།། ཟངས་ཀྱི་མོ་ཁབ་ལྟ་བུའི་སྣ་དབང་གིས་མྱོང་པའི་སིམ་གདུང་བཏང་སྙོམས་ཀྱི་དྲི་མ་འབེལ་པོ་ཞིག་ནུབ་ཀྱི་ཉི་ཟེར་བཞིན་ཟད་ནས་འགྲོ་བའོ།།ཟླ་བ་བཀམ་པ་ལྟ་བུའི་ལྕེ་རྩེས་འཇིབ་པའི་རོ་བརྒྱའི་མྱོང་བ་མཐའ་ཡས་ཤིག་མེ་མདའི་འཕེན་ཚད་ལྟར་ཟགས་ནས་འགྲོ་བའོ།། ཏིལ་ལ་མར་ཞུགས་པ་ལྟར་སྤྱི་གཙུག་ནས་རྐང་མཐིལ་བར་དུ་ཁྱབ་པའི་ལུས་དབང་གི་ཡུལ་གྱི་འཇམ་དང་རྩུབ་པའི་རེག་སྣང་མང་དག་ཅིག་རྡོ་ལ་བཏབ་པའི་ཁ་རླངས་ཇི་བཞིན་ཅི་ཡང་མེད་པའི་གནས་སུ་རིམ་གྱིས་རིམ་གྱིས་དེང་འགྲོ་ཞིང་། བར་སྣང་སྟོང་བའི་གནས་སུ་ཡུན་གྱིས་ཡུན་གྱིས་ཐིམ་སོང་བའི་སྐད་ཅིག་མའི་བར་གསེང་ན་བཞུར་བའི་འཇིག་རྟེན་པའི་འགག་པའི་རྣམ་ཤེས་ཤིག་གི་འཕག་འཚག་དེ་ལ་འཆི་བ་ཟེར་ཞིང་། འཆི་བའི་རིམ་པའང་ཡིན།
   འཆི་བ་ནི། ནས་འབྲུ་ཡི་ལང་ཚོ་ལས་སྨིན་པའི་ལྗང་མྱུག་ལྟར་དུ་ལས་དཀར་ནག་གི་རྗེས་སུ་དེད་པའི་ཐོག་མེད་མཐའ་ཡོད་ཀྱི་རྒྱུན་ཆགས་ཤིག་ཡིན་ནམ། འཆི་བ་ནི། ཤ་མོ་ལྟར་བརྡོལ་ཞིང་གློག་ཞགས་ལྟར་ཆད་པའི་རྐྱེན་མེད་རྒྱུ་ཟད་ཀྱི་འབྱུང་བ་གློ་བུར་བ་ཞིག་ཡིན་ནམ། འཆི་བ་ནི། ལྷ་མིའི་བཟོ་བཀོད་ལྟར་ཚངས་པ་དང་དབང་ཕྱུག་གིས་བསྐྲུན་པའི་བྱེད་པོའི་ཆོ་འཕྲུལ་ཞིག་ཡིན་ནམ།
   གང་ལྟར། འཆི་བ་ནི། ཕྱུག་པོས་ནོམ་པ་སྤྲད་ནས་ཡོལ་སའི་བཙོན་ཁང་ཞིག་མ་རེད། འཆི་བ་ནི། མཐོན་པོས་དབང་ཤུགས་ཕུད་ནས་གཟུར་སའི་འགག་མདོ་ཞིག་མ་རེད། འཆི་བ་ནི། གྲུང་པོས་ངོ་དགའ་བཤད་ནས་འགྲོ་སའི་སྒུག་ར་ཞིག་མ་རེད། འཆི་བ་ནི། སྤྲང་པོས་མེད་ཤེད་ཁུར་ནས་ཤོར་སའི་ལྟག་སྒོ་ཞིག་མ་རེད། འཆི་བ་ནི། མཁས་པས་དགག་བཞག་སྤྲོས་ནས་ཐར་སའི་ཚོགས་ར་ཞིག་མ་རེད། འཆི་བ་ནི། མཛེས་པོས་རྒྱན་སྤྲས་བྱས་ནས་བཤར་སའི་སྟེགས་བུ་ཞིག་མ་རེད། དེས་ན། འཆི་བ་ནི་ཅི་ཞིག་རེད། སུ་ཞིག་གི་འཆི་བ་ལ་གོ་བ་ལེན་ཐུབ་བམ། འཆི་བ་ནི། སྤྲང་ཕྱུག་འདྲ་མཉམ་དུ་གཏོང་བའི་གོ་སྐབས་རྣལ་མ་ཞིག་ཡིན་སྲིད། འཆི་བ་ནི། རྒྱལ་པོ་བང་མཛོད་ལ་གྱེས་པའི་སྨེ་ངག་བཙའ་མ་ཞིག་ཡིན་སྲིད། འཆི་བ་ནི། མཐོན་པོ་ཁྲི་འཕང་ལས་ལྷུང་བའི་འགྱོད་པ་ཆེན་པོ་ཞིག་ཡིན་སྲིད། འཆི་བ་ནི། སྙིང་གི་མཛའ་མོ་དང་འབྲལ་བའི་སྡུག་ཡུས་ནག་པོ་ཞིག་ཡིན་སྲིད། འཆི་བ་ནི། མཛེས་པའི་ཕ་ཡུལ་ནས་ཕུད་པའི་བར་དོ་འཁྱམ་པོ་ཞིག་ཡིན་སྲིད། འཆི་བ་ནི། ཅི་ཞིག་རེད།
   འཆི་བ། གནའ་མི་ཚོ་འཆི་བ་ལ་སྐྲག་ཅིང་ཤི་བ་ལ་འཇིགས་པས་འཆི་བ་ཞེས་པའི་ཐ་སྙད་འདིས། འཆི་བ་ལ་གཏན་ནས་གཏན་དུ་གྲོལ་བའི་ཐབས་དང་ཤེས་རབ་ལ་གཞོལ་བ་ནི་མི་ཚེའི་འདུན་མ་རུ་བཟུང་སྟེ། འཆི་བའི་ཆེད་དུ་མི་ཚེ་རི་ལ་སྐྱེལ་ཞིང་རི་ནས་འཆི་མེད་ཀྱི་བདུད་རྩི་རྙེད་མྱོང་། ཁོང་ཚོས་རྟག་པར་འཆི་བ་དྲན་པའི་མེ་ལོང་ཞིག་གི་དོད་དུ་འཆི་བ་དང་རྒ་བ། སྲིད་པ་དང་ལེན་པ། མ་རིག་པ་དང་མིང་གཟུགས། འཚོ་བ་དང་སྲེད་པ་སོགས་ཀྱིས་མཚོན་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཇུག་ལྡོག་སེམས་ལ་སྒོམ་ཞིང་ཚོན་རིས་རྩིག་པར་བྲིས་མྱོང་། དེ་ནི་འཆི་བ་ལ་བཅངས་པའི་སེམས་ཁྲལ་ཞིག་དང་འཆི་བས་བཞག་པའི་བག་ཆགས་དཀར་པོ་ཞིག་ཅི་ལ་མིན།
   འཆི་བ་སྟེ། དེ་ཡི་རིན་ཐང་ལ་སེམས་ཅན་སོ་སོའི་ཁམས་མོས་ཀྱིས་འཇལ་སྟངས་མི་འདྲ་པའང་སྣ་ཚོགས་ཤིག་མཐོང་མོད་དེ། སྐྱེས་སྐར་ལས་ཀྱང་འཆི་སྐར་བརྩི་ཆེན་དུ་འཛིན་པའི་མེས་པོ་ཚོས་གཉེན་པོ་གསང་བར་བློ་བཀལ་ནས། ལོ་ཟླའི་ཁུག་པ་རིང་མོ་དད་པས་སྐྱེལ་བཞིན་རྡོ་ལག་བརྗེ་ཡི་ཚུལ་དུ། འཆི་སྐར་དོན་ཆེན་ཡིན་པའི་གནས་ལུགས་ཤིག་དེ་རིང་གི་ང་དང་ངའི་ན་ཟླ་ཚོར་འོད་ཀྱིས་སྤྲད་དུས། ང་དང་ངའི་ན་ཟླ་ཚོས་སྐྱ་རེངས་དང་པོའི་འོད་ཟེར་གྱིས་བཞེངས་པའི་དྲོད་ཁོལ་ལ་དགའ་བ་བྱེད་པ་ལས། ཉི་ནུབ་དང་ས་སྲོས་ཀྱི་སྨག་རིམ་ལ་བསམ་གཞིག་ཙམ་ཡང་གཏོང་འདོད་མེད་པའི་འདུ་ཤེས་ཤིག་རྒྱ་མཚོའི་རླབས་ལ་འདྲེས་འདུག་ཕྱིར། འཆི་བའི་རིམ་པ་རྒྱང་དུ་གཡུག་ཅིང་གསོན་པའི་ཁ་དོག་རྩིས་སུ་འཛིན་པའི་དེ་རིང་གི་འདུ་ཤེས་འདིས། ང་དང་ངའི་ན་ཟླ་ཚོའི་བྲང་གཞུང་ཤེད་ཀྱིས་བཤག་ནས་སྙིང་ཁར་ལྷོད་ཀྱིས་ཞུགས་སྐབས། སྐྱེ་རྒ་ན་འཆི་དང་འདས་མ་ད་གསུམ་ལྷུག་པོར་བསྙད་པའི་བང་ཁ་མཐུག་པའི་པོ་ཏི་དག་ལ་སུ་ཞིག་གིས་བདག་པོ་རྒྱག་དགོས་སམ།
   མདོར་ན། འཆི་བ་ནི། སུ་ཞིག་གི་ཚེ་ཡི་འཕེན་པ་རྫོགས་པའི་མཇུག་མཐའི་དབུགས་ཐེངས་ཤིག་རེད། འཆི་བ་ནི། སུ་ཞིག་གིས་འཚོ་བ་གཞན་པ་ཞིག་གི་འགོ་རྩོམ་པའི་ལུང་བསྟན་གསོན་པོ་ཞིག་རེད། འཆི་བ་ནི། རིགས་མཐུན་པའི་རྣམ་ཤེས་ཤིག་མཚམས་སྦྱོར་བའི་གོ་རིམ་ཞིག་རེད། འཆི་བ་ནི། ཡང་སྲིད་རྗེས་མ་ཞིག་གི་ལུས་རྟེན་རྙེད་པའི་འཁོར་བའི་སྟ་གོན་ཞིག་རེད། དེའི་ཕྱིར། འཆི་བ་མི་རྟག་པ་ཡིད་ལ་སྒོམ་པའི་ཁྱོད་ཀྱིས་འཆི་བ་འོད་གསལ་གྱི་མ་བུ་ངོ་འཕྲོད་བྱུང་སྟེ། འཆི་བ་དོན་ལྡན་དུ་ཡོང་བའི་སྨོན་ལམ་འདེབས་སོ།།


རྩོམ་ཡིག་སྔོན་མ།
ས་བདག་རྒྱལ་པོ།
རྩོམ་ཡིག་རྗེས་མ།
མགྲོན་ཤོག་ཐོག་གི་བུ་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1