མེ་ལོང་།

གངས་དབང་། (དཀར་མཛེས།) རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-14


   ན་ཆུང་དུས་དབང་ཐང་ཅན་ལ་ཡིད་སྨོན་ཤོར་མྱོང་སྟེ། དབང་ཆེན་གྱི་གོམ་སྟབས་ནི་གླང་ཆེན་གྱི་འགྲོས་ལྟར་གཟི་ཉམས་ཀྱིས་ཕྱུག འབྱོར་བ་ཅན་ལ་ཁ་ཆུ་ཤོར་མྱོང་སྟེ། རྒྱུ་ཆེན་གྱི་འདུག་སྟངས་ནི་རི་རྒྱལ་ལྷུན་པོ་ལྟར་ལྷུན་ཞིང་བརྗིད། མཁས་དབང་ལ་དད་པ་སྐྱེས་མྱོང་སྟེ། མཁས་ཆེན་གྱི་གཏམ་ནི་རྡོ་ལེབ་ལྟར་གང་ལའང་ཁྲིགས་སེ་འབྱར།

   འབའ་འབུ་རྣམས་དགུན་གྱི་རུམ་དུ་ཉལ་ཉལ་བའི་མཐར། གནམ་ས་འདར་བའི་འབྲུག་སྒྲ་ཞིག་གིས་གཉིད་ལས་བསླངས་པ་དང་། མེ་ཏོག་གི་གོང་བུ་རྣམས་ལོ་མས་ཐུམ་བུར་བསྒྲིལ་བའི་མཇུག་ཏུ། དྲོད་འཇམ་དཔྱིད་རླུང་གིས་ཁ་ཕྱེ་བ་ལྟར་བློ་ངོའི་མ་རིག་མུན་པ་མཐར་རུ་བསྐྲད་པས། འབྱོར་བ་གནམ་ལས་འབབ་མི་སྲིད་ལ། དབང་ཐང་ས་ནས་འབུས་མི་རུང་།ཤེས་རིག་སྒུག་ནས་འོངས་རྒྱུ་ཞིག་མེད་པའི་གནས་ལུགས་ཡིད་ཀྱི་ཐིག་ལེ་རུ་བཀོད། སེམས་ཀྱི་འཁྲི་ཤིང་ལ་བཙུགས་ཏེ། གུས་གུས་ཞུམ་ཞུམ་གྱི་འགྲོ་ལུགས་དེད། གཉོམ་ཆུང་དུངས་ངེའི་འདུག་སྲོལ་བཙལ་ཏེ་འབུར་དུ་ཐོན་པའི་རང་གཤིས་ཀྱི་རྩེ་མོ་ལ་གཅད་གཏུབ་གཞོག་གསུམ་བྱས། བླ་ན་འཕགས་པའི་སེམས་སྟོབས་ལ་བསྲེག་བཅད་བརྡར་གསུམ་བྱས་པ་ལས་སྐྲ་ལོའི་རིང་ཐུང་དང་ངོ་གདོང་གི་དཀར་ནག གཟུགས་བྱད་ཀྱི་ཡག་བཙོག་བཅས་ལ་དང་དོད་བྱེད་པའི་ཁོམ་ལོང་མེད་པས། གྱང་དུ་བཀལ་བའི་ཤེལ་གྱི་མེ་ལོང་ཐལ་བས་བསྒྲིབས་ཏེ་ཅི་ཡང་མི་མཐོང་མོད། ཁོག་ཏུ་ཉར་བའི་སེམས་ཀྱི་མེ་ལོང་དུ་རང་ཉིད་ཀྱི་འདས་མ་ད་གསུམ་གསལ་ལེར་བཀྲ་སྟེ་རང་གིས་རང་ལ་ཡིད་ཆེས། བློ་འཁེལ།
   དུས་ཡུན་རིང་པོར་ཁྲོམ་ནང་འདུར་རྒྱུག་མང་བའི་དྲིན་གྱིས་སྤྲེའུ་ལྟ་བུའི་ལད་མོ་དང་།ལྦུ་བ་ནང་བཞིན་གྱི་གསོག་གསོབ། ནེ་ཙོ་ལྟ་བུའི་གཡོ་ཟོལ་ལ་བྱང་སྟེ། ཆེན་པོ་རྣམས་ཀྱི་སྣང་ངོར་འཇམ་ཞིང་མཉེན་ལ་སྒོར་ཞིང་རིལ་བའི་གྲམ་རྡོའི་རིགས་སུ་མཐུན། ཆུང་ངུ་རྣམས་ཀྱི་མིག་ལམ་དུ་རང་ལ་རང་ཚུགས་མེད་ཀྱང་གཞན་ལ་གནོད་པའང་མེད་པའི་ལ་ཁའི་དར་ལྕོག་དང་གཉིས་སུ་མེད། ཁོ་རང་ཉིད་ལ་མཚོན་ན་ཤ་གསེང་རུས་རྐང་དུ་ཟུག་པའི་གཤིས་སྤྱོད་དེ་བསམ་གཟས་ཀྱིས་བསྒྱུར་ཏེ། བདེན་རྫུན་དབྱེ་མཚམས་གསལ་མི་རུང་ལ། དགའ་སྐྱོ་གསལ་ཐག་ཆོད་བྱེད་མི་ཕོད་པ་ནི་སྨྲ་བརྗོད་ལས་འདས་པའི་སྡུག་བསྔལ་ཞིག་ལགས་མོད། དེ་རིང་གི་སྒུར་སྒུར་ནི་སང་ཉིན་གྱི་ཀྲོང་ཀྲོང་གི་དོན་དུའོ་སྙམ་སྟེ་རང་གིས་རང་ལ་བདེན་ཁ་སྟེར།
   མེས་པོས་ཤུལ་དུ་བཞག་པའི་ནོར་བུའི་ནོར་ཉམས་དེ་ཙམ་ཆོད་མེད་ཀྱང་། གཞན་བསྟུན་ཐབས་མཁས་ཀྱིས་གང་བསྐུལ་བསྒྲུབས། གང་མཁོ་ཕུལ་བའི་དྲིན་གྱིས་ཆུ་རྒྱུག་ཤུལ་དུ་ཡུར་བ་ངང་གིས་ཆགས་པ་ལྟར། གོང་ནས་མ་ཆེ་མ་ཆུང་གི་ཆོ་ལོའི་འབོད་མིང་ཞིག་གནང་བའི་ཉིན་དེ་ལ། ཡུན་རིང་པོར་ས་རྡོ་བར་དུ་བཙིར་རྗེས། གློ་བུར་དུ་མཁའ་དབུགས་གཙང་མ་དང་ཉི་འོད་དྲོན་པོ་ཐོབ་པའི་ཚོར་སྣང་སྐྱིད་པོ་ཞིག་སྐྱེས། ལོ་ཟླ་མང་པོར་མ་འདོད་བཞིན་དུ་སྒུར་སྒུར་གྱི་སྡུག་བསྔལ་དང་ཁྱད་གསོད་ཀྱི་མནར་གཙོད་མྱོང་དགོས་ཀྱང་། ད་ནི་མགོ་བཀྱགས་ཏེ་དབུགས་འབྱིན་བའི་སྐལ་བ་ཞིག་ཤར་སོང་སྙམ་སྟེ། ལུས་ལ་གྱོན་པའི་གོས་ལྷམ་ཚང་མ་གསར་པར་བརྗེས་ཏེ་གྱང་ལ་བཀལ་བའི་མེ་ལོང་ཆེན་པོ་དེའི་མདུན་དུ་ལངས་དུས།ཤེལ་གྱི་མེ་ལོང་དེ་ནི་ཁང་རྙིང་ནང་གི་ཅ་ལག་རྙིང་པ་ཞིག་དང་འདྲ་བར་ཐལ་རྡུལ་གྱིས་སྦགས།སྡོམ་རྒྱ་ཡིས་དཀྲིས་ཡོད་མོད། སེམས་ལྷོད་པོ་ཡི་ངང་ནས་ལག་འཇམ་པོ་ཡིས་མེ་ལོང་གི་ངོས་གཙང་མར་ཕྱིས་རྗེས། ཡུན་རིང་པོར་མ་མཐོང་བའི་རང་ཉིད་གསལ་གྱི་ལེར་བཀྲ་སྟེ། མགོ་ཡི་སྐྲ་ལོ་ནི་སྟུག་པོར་འཛིངས་ཏེ་བྱིའུ་ཚང་དང་འདྲ་ཡང་། སྐྲ་ཤད་ཀྱིས་ཡང་ནས་ཡང་དུ་ལྟག་རྒྱབ་ལ་ཤད་དུས་སྤྱི་གཙུག་དང་རྣ་རྩར་འབུར་དུ་ཐོན་པའི་སྐྲ་དཀར་རྣམས་ནི་སྲིད་པའི་གངས་རི་ལ་ཁ་བ་བབས་པའི་ཚུལ་དུ་བསྒོམས། མིག་ཟུང་ཐོག་གི་སྨིན་མ་ནི་དེ་སྔོན་ནམ་བཞིན་བྱ་རྒོད་ཀྱིས་གཤོག་ཟུང་བརྐྱངས་པ་ལྟར་འགྱུར་བ་མེད་ཀྱང་། མིག་ཟུར་དང་ཐོད་པར་བརྩེགས་པའི་གཉེར་མའི་ཕྲེང་བ་ལ་མཛུ་གུས་ཕུར་ཕུར་བྱེད་ཀྱིན་འདི་ནི་འཚོ་བའི་ཉམས་མྱོང་གི་རི་མོ་དང་དཔའ་བོའི་ཤུལ་རིས་ཤིག་ཡིན་སྣང་ཤར། ཁ་སྤུ་དང་ཨག་ཚོམ་ཡང་སེར་སྐྱ་ལ་གྱུར་ཏེ་ལམ་འགྲམ་ལ་སྐྱེས་པའི་རྩྭ་ལྡུམ་དང་འདྲ་ཡང་། ཇེམ་རྩེ་རྣོན་པོས་གྲལ་སྙོམས་སུ་དྲས་རྗེས་ལག་པས་བྱིལ་བྱིལ་བྱས་ཏེ་འདི་ནི་མཁས་པའི་ཞལ་ལྕེའི་འོག་གི་གདན་དང་ཐོག་གི་གདུགས་ལོས་ཡིན་བསམས། སྐེ་ནི་སྔོན་མ་ལས་རིང་པོར་ཆགས། ལུས་པོ་ནི་སྒུར་སྒུར་དུ་གྱུར་ཏེ་ཇི་ལྟར་བསྒྲིམས་ཀྱང་ཀྲོང་ངེར་ལངས་མ་ཐུབ་མོད། སྐེད་རགས་དམར་སེར་གྱིས་དམ་དུ་བཅིངས་པའི་བོད་ཆས་ཀྱི་དྲིན་ལས་ལུས་པོ་སྒུར་ཡང་བོད་མི་ཞིག་གི་ཚུགས་ཀ་ད་དུང་ཡལ་ཚར་མེད་པས།འདི་ནི་གནས་སྐབས་ཙམ་ལས་སླད་མར་མདའ་ལྟར་དྲང་ཤིག་གེར་ལངས་ཐུབ་རྒྱུ་རེད། ཡུན་རིང་པོར་སྒུར་སྒུར་བྱས་པའི་དམིགས་ཡུལ་ཡང་དེ་མིན་ནམ་སྙམ་སྟེ་ཁོང་དགོད་ཅིག་ཤོར་དུས།གྱང་ངོས་ཀྱི་མེ་ལོང་དེ་ཡང་མཛེས་མ་ཞིག་གི་འཛུམ་ཀོང་དང་མཚུངས།
   རྩྭ་དང་རྩི་ཤིང་རྣམས་ཀྱིས་འདམ་སྙགས་དང་བྲག་སྲུབས་ལས་རང་རང་གི་སྐྱེ་སྟོབས་ལ་བརྟེན་ནས་འཇམ་མཉེན་གྱི་ལོ་མ་དང་སྡུག་གུའི་མེ་ཏོག་ངོམ་ལ། བྱ་དང་བྱིའུ་དག་གིས་ལྷན་སྐྱེས་ཀྱི་མགྲིན་ངག་དང་གཤོག་འགྱུར་གྱིས་མཁའ་ལམ་འཚོལ་བའི་དུས་སུ། སྟོད་སྨད་བར་གསུམ་ནས་ཡོང་བའི་རྒྱུ་ཆེན་དང་དབང་ཆེན། མཁས་ཆེན་རྣམས་འདུ་ར་གླིང་ག་ཁྲ་མོ་ནང་ལྷན་དུ་འཛོམས། ད་བར་དུ་མགོ་བོ་སྒུར་ཏེ་གཞན་རྗེས་འབྲངས་པའི་ཁོའང་ད་ནི་བོས་ན་མིང་ཅན་དང་བགོས་ན་སྐལ་བ་ཅན་ཞིག་ལགས་པས། འདུ་ར་གླིང་ག་ཁྲ་མོའི་ཕྱོགས་སུ་གླང་ཆེན་གྱི་གོམ་སྟབས་སྤོས། རི་རྒྱལ་གྱི་ཚུགས་ཀ་བཟུང་། སྨྲ་མཁས་ཀྱི་ལྕེ་རྩེ་འགུལ་ཡང་། རྐང་ཟུང་ཐག་པས་སྒྲོག་པ་ལྟར་འགྲོ་མ་བདེ། ལུས་པོ་ཆང་གིས་བཟི་བ་བཞིན་ཚུགས་མ་ཐུབ། ཁ་ལྕེར་མདུད་པ་ཐེབས་པ་ལྟར་གཡོ་དཀའ་ཡང་མིག་ཟུར་གྱིས་གྲལ་འགོའི་མིག་མདའ་འཚོལ། རྣ་བ་ཡིས་གྲལ་མཇུག་གི་གཏམ་གླེང་ལ་ཉན་དུས།
   ཧ་ཧ། མི་སྒུར་དེའི་འགྲོ་སྟངས་འདུག་སྲོལ་ལ་ལྟོས་དང་།
   ཁྱི་རྒན་ཞིག་ཡར་གྱེན་དུ་ལངས་པ་དང་མར་ཙོག་པུར་བསྡད་པ་དང་འདྲ།
   ཧི་ཧི། དེ་ནི་ད་བར་དུ་རང་སྡེ་ཡི་དྲུང་དུ་མགོ་བོ་བཀྱགས་ཏེ་རྐང་མགོ་མི་རིག གཞན་སྡེ་ཡི་མདུན་ལ་སྒལ་ཚིགས་གུག་སྟེ་ནམ་མཁའ་མི་མཐོང་བའི་མི་དེ་མིན་ནམ།
   ཧུ་ཧུ། མི་སྒུར་དེའི་སྐད་ཆ་བཤད་སྟངས་དང་ལག་བརྡ་བྱེད་ཚུལ་ལ་ལྟོས་དང་།གཞན་རྐུབ་བལྡག་པ་དང་རང་མགོ་གཡོ་བའི་ལབ་བརྡོལ་རྐྱང་རྐྱང་རེད།
   ཧེ་ཧེ། དེ་ནི་དེ་སྔོན་སྤྲེལ་ལད་ལ་མཁས་ཤིང་གསོག་གསོབ་ཀྱིས་འཕྱོ་བའི་མི་ཉམས་ཆུང་དེ་མ་ཡིན་ནམ།
   ཧོ་ཧོ། མི་སྒུར་དེའི་ཚུགས་ཀ་ལ་ལྟོས་དང་། རོང་པ་ཞིག་གིས་འབྲོག་པའི་ཆ་ལུགས་བྱས་འདུག

   ཧ་ཧ་་་་་་་

  

   ཧོ་ཧོ་་་་་་་

   བསམ་ཡུལ་ལས་འདས་པའི་དམའ་འབེབས་ཀྱི་ཧབ་ཆ་ཡིས་ཁོ་རང་འདུག་བཟོད་མེད་པར་ལག་པས་རྣ་བ་བཀབ་ནས་སྒུར་རུབ་རུབ་ཀྱིས་བྲོས་ཏེ་ཁྱིམ་དུ་འབྱོར་མ་ཐག་ཤེལ་གྱི་མེ་ལོང་མདུན་དུ་ལངས་དུས། ཨ་ཙི་ཙི། དེ་སྔོན་གངས་རིའི་རྩེ་ལ་ཁ་བ་བབ་པའི་སྣང་བ་སྐྱེས་མྱོང་བའི་སྐྲ་དཀར་རེ་རེ་ནི་རྒྱ་ཁབ་རྣོན་པོ་ལྟར་མིག་ནང་ཟུག་ཅིང་། ཐོད་པ་དང་མིག་ཟུར་གྱི་གཉེར་མ་ལ་དཔའ་ཉམས་ཅི་ཡང་མེད་པར་འདམ་ལྕི་ནང་གི་སྲིན་བུའི་སུག་རྗེས་དང་འདྲ།མཁས་པའི་ལྕེ་གདན་དུ་བརླམས་པའི་ཁ་སྤུ་ནི་ར་རྒན་ཞིག་གི་ཨག་ཚོམ་ལྟར་འཛིངས། ལུས་ལ་གྱོན་པའི་བོད་གོས་ནི་ཐོ་ཡོར་ལ་བསྐོན་པའི་རས་ལྭ་ལྷན་པ་ཅན་དང་འདྲ། སྐེད་རགས་དམར་སེར་ནི་རྟ་ཕོའི་ཁ་ལོ་སྒྱུར་བྱེད་ཀྱི་སྲབ་མདའ་དང་མཚུངས།མདུན་གྱི་མེ་ལོང་ནི་གཅན་གཟན་ཞིག་གིས་ཁ་གདངས་པ་དང་འདྲ་བས། ཁོང་ཁྲོ་ཁོང་དུ་མ་ཤོང་བར་ཤེལ་གྱི་མེ་ལོང་ལ་ཁུ་ཚུར་ཤེད་ཀྱིས་བརྒྱབ་པས་ཆག་ལྷང་ལྷང་ཞེས་པའི་སྒྲ་ཞིག་མི་ཚོགས་ཀྱི་ཧེ་ཧེ་ཧོ་ཧོ་ཡི་ཧབ་ཆ་དང་ལྷན་དུ་ཁང་པའི་སྒེའུ་ཁུང་ནས་ཕྱི་རོལ་དུ་ཁྱབ། ཁྲག་འཛག་བཞིན་པའི་ལག་པ་བྲང་ཁར་བཞག་སྟེ་གན་རྐྱལ་དུ་ལོག་དུས།
   སྒུར་སྒུར་འགྲོ་དུས་ཤེལ་གྱི་མེ་ལོང་ཐལ་བས་བསྒྲིབས།།
   ཀྲོང་ཀྲོང་ལངས་དུས་སེམས་ཀྱི་མེ་ལོང་དུག་གིས་དཀྲིས།།
   ཤེལ་གྱི་མེ་ལོང་ཤེད་ཀྱིས་ཧྲུལ་པོར་བཅགས་པ་ལས།།
   སེམས་ཀྱི་མེ་ལོང་སེམས་ཀྱིས་བཀྲུས་ན་མི་དགའ་འམ།།
   ཞེས་སེམས་ཀྱི་མེ་ལོང་གིས་ཁོག་པའི་གཏིང་ནས་དེ་སྐད་བརྗོད་དོ།།


རྩོམ་ཡིག་སྔོན་མ།
མགྲོན་ཤོག་ཐོག་གི་བུ་མོ།
རྩོམ་ཡིག་རྗེས་མ།
དཔྱིད་ཀྱི་རང་མདངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1