ཁྱད་མཚར་བའི་རང་བྱུང་འཇིག་རྟེན་དུ་བགྲང་གིས་མི་ལངས་པའི་སྲོག་ཆགས་འདྲ་མིན་སྣ་ཚོགས་ཤིག་མཆིས་པར་བརྫུས་སྐྱེས་དང་རླན་སྐྱེས།སྒོང་སྐྱེས་དང་མངལ་སྐྱེས་དག་ལས་འགྲོ་བ་མིའི་རིགས་ནི་ཕོ་མོའི་ཁུ་ཁྲག་འདྲེས་པ་ལས་བྱུང་བའི་མངལ་སྐྱེས་སུ་གཏོགས་པས་ན།ཐོག་མའི་ལྟེ་ཁྲག་འཕོ་ས་ནི་ཁྱིམ་ཚང་གང་རུང་ཞིག་ཏུ་མ་ཡུམ་གྱི་པང་ཁུག་ཏུ་བཙས་པ་ཡིན།དེ་བཞིན་བྱིས་པ་དེ་ཉིད་འཇིག་རྟེན་དུ་སླེབས་ནས་སེམས་ཤེས་པ་ཙམ་དང་མིག་གིས་ཕ་རོལ་པོའི་ཡུལ་ཏུ་བལྟ་ཤེས་པ་ནས་ལད་མོ་བྱེད་ས་ནི་རང་གི་ཕ་མ་དང་ཁྱིམ་མི་ཡིན།འཇིག་རྟེན་འགྲོ་བ་མི་ཡི་འགྲོ་འདུག་སྤྱོད་གསུམ་ཡང་དུས་དེ་ཤད་དུ་བྱིས་པས་བསླབ་མགོ་བརྩམས་པ་ཡིན། དེའི་ཕྱིར། ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་གི་ཆེད་དུ་མི་ལེགས་པའི་སྤྱོད་པ་བཅོས་ཏེ་སྤྱོད་ལམ་བཟང་པོས་བུ་ཕྲུག་ལ་མིག་དཔེ་འཇོག་དགོས། ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཐོག་མ་ཡིན་ཕྱིན།ཕ་མས་བྱ་བ་ཡག་བཙོག་གང་ཞིག་བསྒྲུབ་ཀྱང་ཁོས་མིག་ལྟོས་འཆའ་བས་ཕ་མ་གང་འདྲ་ཞིག་ཡིན་ན་བུ་ཕྲུག་ཀྱང་དེ་འདྲ་ཞིག་ཏུ་འགྱུར་སྲིད་པ་ནི་མིག་མཐོང་ལག་ཟིན་རེད། དཔེར་ན། ཕ་ཡབ་དུད་ཆང་ལ་རོལ་མཁན་ཞིག་ཡིན་ན།བུ་ཕྲུག་དག་ཀྱང་དེ་བཞིན་ཡིན་པ་དང་།མ་ཡུམ་ཁོག་རྒྱ་ཆུང་བ་དང་ཞེ་སྡང་ཅན་ཞིག་ཡིན་ན་བུ་ཕྲུག་དག་ཀྱང་དེ་ལྟར་ཡིན། འདི་ནི་མིའི་རུས་རྒྱུད་དང་མི་གཞི་བཟང་ངན་གྱི་དབྱེ་བ་ཡིན་འདོད་མཁན་ཡང་ཡོད་མོད། དོན་དངོས་སུ་ཚན་རིག་པ་དང་སེམས་ཁམས་རིག་པ་བས་རུས་རྒྱུད་བཟང་ངན་ལ་འབྲེལ་བ་མེད་པར་བརྗོད།ཕར་བལྟས་ནའང་དེ་འདྲ་ཡིན་པར་སེམས།ཕ་མ་གཅིག་པའི་སྤུན་མཆེད་ཡིན་ཡང་ཡུལ་དང་གནས་དུས་ཀྱི་འཚོ་བ་རོལ་སྟངས་ཀྱིས་སྤྱོད་པ་དང་མི་གཞི་མི་འདྲ་བར་མངོན་གྱིན་འདུག གལ་ཏེ་བྱིས་པའི་ཕ་མས་རང་གི་ཕ་མ་ལ་བརྩི་བཀུར་དང་ཁ་ལེན་ཚིག་བརྩི་ཡིས་བུ་ཕྲུག་དག་ལ་མིག་ལྟོས་ཀྱི་ཡུལ་ཏུ་བཞག་ན།མཐར་རང་ཉིད་རྒ་བའི་དུས་སུ་བུ་ཕྲུག་ཚོས་ཀྱང་དེ་བཞིན་རང་ལ་བརྩི་བཀུར་དང་ཁ་ལེན་ཚིག་རྩི་བྱ་ངེས།ཕ་མའི་བྱ་བ་ཕྲན་ཚེགས་ཤིག་ཀྱང་ལོག་པར་སོང་ན་བུ་ཕྲུག་ཚོར་བག་ཆགས་ཟབ་མོ་འཇོག་སྲིད།ཐ་ན་ཁྱིམ་མཚེས་བར་ལ་འཁོན་འཛིང་དང་འཆལ་གཏམ་བཤད་པ། མ་བྱིན་པར་ལེན་པ་ཙམ་གྱིས་ཀྱང་བུ་ཕྲུག་གི་མི་ཚེ་གཅིག་གི་མདུན་ལམ་བརླག་པར་བྱ་སྲིད།དེ་མིན་བཟའ་བཏུང་ལ་རོལ་སྟངས་དང་གཙང་སྦྲ་འཕྲོད་བསྟེན་བྱེད་ཚུལ་གྱི་བག་ཆགས་ཀྱང་ལེགས་པོ་འཇོག་དགོས།ང་ཚོ་ན་གཞོན་གང་མང་ཞིག་བག་མེད་བྱེད་པར་དགའ་པོ་ཡོད།བཟའ་བཏུང་ལོངས་སྤྱོད་གང་ལའང་གྲོན་ཆུང་བྱེད་པའི་འདུ་ཤེས་ཧ་ཅང་ཞན་པོ་ཡིན།དེ་ཡང་ཁྱིམ་ཚང་དང་ཕ་མས་བག་ཆགས་འཇོག་སྟངས་ཀྱིས་ལན་པ་རེད།གཙང་སྦྲ་འཕྲོད་བསྟེན་དགོས་ཚུལ་ནི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནའང་ཡོད། བོད་རང་གི་རིག་གནས་སྨན་གྱི་གཞུང་ན་ཡང་ཡོད། འོན་ཏེ། མདོ་དབུས་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་ས་བབ་ཁོར་ཡུག་དབང་གིས་ཡིན་པ་འདྲ། གོས་འཁྲུད་ལུས་བཀྲུ་བྱེད་པ་དང་གྲ་དག་གཙང་མ་བྱེད་རྒྱུ་ནི་དཀོན་མོ་ཙམ་རེད།གང་ལྟར་ཕ་མས་རང་གི་བུ་རྒྱུད་བདེ་ཐང་ཡོང་ཆེད་དུ་རང་གིས་གཙང་སྦྲ་འཕྲོད་བསྟེན་ལེགས་པོ་བྱས་ཏེ་བྱིས་པའི་རྒྱུད་ལ་བག་ཆགས་འཇོག་དགོས། བྱིས་པ་ཆུང་ངུ་ལ་ཡི་གེ་དང་ཤེས་རིག་སློབ་པ་ལས་གཙང་སྦྲ་འཕྲོད་བསྟེན་ལེགས་པོའི་འདུ་ཤེས་འཇོག་རྒྱུ་གལ་ཆེ་བར་བཤད།ནད་མེད་བདེ་ཐང་གི་ལུས་པོ་ཞིག་ཡོད་ན་ཤེས་རིག་དང་ཡོན་ཏན་བསླབ་རྒྱུ་ནི་དེ་འདྲའི་དཀའ་ལས་ཁག་པོ་ཞིག་མིན།གཞན་ཡང་ཕ་མས་རང་གི་ཤ་ཆད་ཀྱི་བུ་རྒྱུད་གཅེས་དྲགས་པའི་དབང་གིས་བྱིས་པ་དག་སྒྱིད་ལུག་ཅན་དང་རང་ཚུགས་མེད་པ་རུ་འགྱུར་བཞིན་ཡོད།འདི་ནི་བྱིས་པའི་མི་ཚེའི་ནང་དུ་ཆེས་བག་ཆགས་ངན་པ་ཞིག་ཡིན།བྱིས་པ་འཁྱར་འཁྱོར་ངང་འགྲེང་ཐུབ་པ་ནས་རང་ཉིད་ལ་བརྟེན་ནས་ཟ་མ་ཟ་བ་དང་གྱོན་གོས་གོན་འཕུད་སོགས་བྱེད་པར་འདོད། དེའི་ཕྱིར།བྱིས་པས་རང་གི་གྱོན་གོས་ཆུང་ཆུང་བླངས་ནས་གྱོན་ཨེ་ཐུབ་ལྟ་བ་དང་ལག་ཟུང་གིས་འཕུར་འཕུར་བྱེད། ཁྱིམ་གྱི་དངོས་པོ་དང་ཅ་ལག་ཆག་ཀྲུམ་བཟོ་བ། ཟ་མ་དང་ཅ་ནེ་སོགས་ལ་སྤར་འཛིན་གྱིས་འཕོ་གཏོར་སོགས་བྱ་ངེས།ཡིན་ནའང་།ཕ་མ་དང་ཁྱིམ་མི་ཚོས་དེ་དག་འགོག་པར་བྱ།ཨ་མ་ཅུང་བཙན་པོ་ཞིག་ཡིན་ན་བྱིས་པའི་ལག་མགོར་ཀྱང་གཟེར་ཐག་ཆོད་ཅིག་རྒྱག་སྲིད།དེ་ནས་བཟུང་བྱིས་པའི་རང་རྟེན་རང་ཚུགས་ཀྱི་འདུ་ཤེས་རྩད་ནས་བརླག་པ་མ་ཟད།གྱོན་གོས་གོན་པ་དང་ཅ་ནེ་ལ་རག་པ་སོགས་ཀྱང་སྐྲག་པའི་དབང་གིས་དོར་འགྲོ།བྱིས་པས་སྐད་ཆ་གསལ་མོ་བཤད་མ་ཤེས་ཀྱང་སེམས་ཀྱིས་མང་པོ་ཞིག་རྟོགས་ཀྱི་ཡོད།ཕ་མས་བྱིས་པར་གང་ཡང་བསྒྲུབ་ཏུ་མ་བཅུག་པ་དེས་རང་ཉིད་གཞན་དང་འདྲ་བར་རང་རྟེན་རང་ཚུགས་ཀྱིས་འཚོ་མི་ཐུབ་་པར་སྙམ་ཞིང་ཕ་མ་དང་ཁྱིམ་མིས་རང་ལ་མཐོང་ཆུང་ཡང་བྱེད་པར་འདོད།གནས་ཚུལ་ཕྲ་ས་དང་ཆུང་ས་དེ་ནས་མགོ་བརྩམས་ཏེ་བྱིས་པ་རང་ཚུགས་མེད་པ་དང་སྒྱིད་ལུག་ཅན།བག་འཁུམས་སུ་གྱུར་ནས་མི་ཚེ་གང་བོའི་མདུན་ལམ་ལ་བར་ཆད་དུ་འགྱུར་སྲིད།སྤྱིར་རང་ཅག་བོད་ཀྱི་ཕ་མ་དེ་དག་གི་ཡི་གེ་ཤེས་ཀྱང་མ་ཤེས་རུང་སེམས་ཀྱི་གཏིང་རིམ་ན་ཕུལ་ཏུ་བྱུང་བའི་བསམ་བློ་ཞིག་ཉལ་ཡོད།དེ་ནི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་ཡིན།དད་པའི་སྟོབས་ནི་སྟོབས་ཤུགས་བླ་ན་མེད་པ་ཞིག་ཡིན་ཕྱིར།བུ་ཕྲུག་གིས་ཨ་མ་ཞེས་འབོད་ཤེས་པ་ནས་ཕ་མས་བུ་ཕྲུག་ལ་མ་ཎི་འདོན་པ་སློབ་ཅིང་།རང་གི་ཤེས་ཚོད་ཀྱིས་ལས་རྒྱུ་འབྲས་ཀྱི་དཀར་ནག་དང་ཞིང་ཁམས་ཀྱི་བཀོད་པ།དམྱལ་བའི་སྡུག་བསྔལ་སོགས་བཤད་ནས་བུ་ཕྲུག་དག་དགེ་བའི་ལམ་དུ་འཁྲིད་པར་བྱ།དེའི་ཕྱིར།བོད་མི་རེ་རེའི་རྒྱུད་ན་བྱམས་དང་སྙིང་རྗེ།གཞུང་དྲང་རྒྱུད་འཇམ།འཚེ་མེད་ཞི་བདེའི་བསམ་སྦྱོར་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད།ཕ་མས་ཆུང་དུས་ནས་བཞག་པའི་བག་ཆགས་དེ་དག་གིས་འུ་ཅག་གི་མི་རིགས་ལ་གདུག་རྩུབ་ཀྱི་སྤྱོད་པ་བྲལ་ཞིང་།ཆུང་ཆུང་ས་འབུ་ནུར་འགྲོའི་སྲོག་ལའང་སྲུང་སྐྱོབ་གང་ནུས་བྱ།དྭངས་གཙང་གི་སེམས་རྒྱུད་དང་གཞན་ཕན་རིང་ལུགས་ཀྱི་གཤིས་རྒྱུད་དེས་མི་ཕལ་ཆེ་བར་ནད་མེད་བདེ་ཐང་གི་གཟུགས་གཞི་དང་སྤྲོ་སྣང་གིས་ཕྱུག་པའི་མི་ཚེ་ཞིག་འོང་ཐུབ་ཀྱིན་ཡོད།སེམས་ཁམས་རིག་པ་བ་དང་ཚན་རིག་པ་རྣམས་ཀྱིས་བསྙད་ན་ཡང་།མི་ལ་དྭངས་གཙང་གི་སེམས་པ་དང་ཕན་སེམས་ཀྱི་ཀུན་སྤྱོད་མངའ་ན།ཡིད་ལ་སྤྲོ་སྣང་འཕེལ་ཞིང་ནད་མེད་བདེ་ཐང་འབྱུང་བ་མ་ཟད་ཚེ་ཐག་ཀྱང་རིང་པོར་གནས་པར་བརྗོད།ཕྱོགས་འདི་ཡི་ཡོན་ཏན་ནི་འཛམ་གླིང་མི་རིགས་ཀུན་ལས་ཁྱད་དུ་འཕགས་པ་ནི་རང་ཅག་བོད་མི་རིགས་ཡིན་པར་སེམས་ཡོད།ཡིད་ཕངས་པ་ཞིག་ལ།བོད་ཀྱི་ཕ་མ་ཕལ་ཆེ་བ་ཡིག་རྨོངས་པ་ཡིན་པ་དང་ལྷག་པར་ཏུ་ཨ་མ་དག་ནི་དེ་ལས་མང་།གནས་ལུགས་ལྟར་ན།ཕྲུ་གུའི་སློབ་གསོ་ནི་ཨ་མ་ནས་དབུ་རྩོམ་དགོས།ཕྲུ་གུ་ལ་ཤེས་བྱའི་ཡོན་ཏན་གྱི་བག་ཆགས་ཀྱང་ཕ་མས་འཇོག་དགོས།ཡིན་ནའང་། ཤེས་ཡོན་ཏོག་ཙམ་མི་ཤེས་པའི་བོད་ཀྱི་ཕ་མ་ཚོས་བུ་ཕྲུག་གསོ་སྐྱོང་བྱེད་ཐབས་དང་ཤེས་བྱའི་ཡོན་ཏན་གྱི་བག་ཆགས་ཕྲུ་གུར་འཇོག་མ་ནུས་པས།བོད་ལ(བུ་ཁར་ཝེ་ཐི་卡尔·威特དང་བུ་མོ་ཝུན་ཉི་ཧྥུ་ར་ཐི维尼芙雷特)ལྟ་བུ་འཁྲུངས་མ་ཐུབ་པ་རེད།དགོས་པའི་དབང་གིས་བྱིས་པ་འདི་གཉིས་པོའི་ལོ་རྒྱུས་མདོར་བསྡུས་ཤིག་བྱ།
འདི་ནས་ཕྱིར་བརྩིས་པའི་སྤྱི་ལོ1800ལོར་ཡོ་རོབ་གླིང་གི་འཇར་མན་རྒྱལ་ཁབ་ཀྱི་ས་ཆར་མཚན་ལ་ཁའར་ཝེ་ཐི་བྱ་བའི་མི་བུ་ཞིག་ལ་ཁྱེའུ་ཞིག་འཁྲུངས་པར་བཤད།ཁྱེའུ་དེའི་མཚན་ལའང་ཁའར་ཝེ་ཐི་གསོལ་ཞིང་།དང་ཐོག་བྱིས་པ་དེ་ཅུང་གླེན་ཞེད་ཅན་ཞིག་ཡིན་ཡང་ཕ་དམ་པ་ཞིག་དང་ཨ་མ་མཛངས་མ་གཉིས་ཀྱིས་བུ་ཟླ་ཕྱེད་དུ་སླེབས་པ་ནས་ཁྱིམ་ཚང་སློབ་གསོ་ལེགས་པོས་རིམ་གྱིས་བསྐྱངས་ཏེ།བུ་ཁའར་ཝེ་ཐི་ལོ་ངོ2ལ་སོན་ཙ་ན།ཨ་ཕས་བཙན་ཤེད་དང་བཀོད་འདོམས་མིན་པའི་སྒོ་ནས་ཡི་གེ་སློབ་མགོ་བརྩམས།ཐབས་སྣ་ཚོགས་ཀྱིས་བྱིས་པའི་ཁམས་དང་མོས་པར་བསྟུན་ནས་སློབ་གསོ་སྤྲད།བྱིས་པའི་ཨ་མས་ཀྱངABCDདབྱངས་ལ་བཀུག་ནས་བསླབས།བུ་ལོ3ལ་སོན་དུས་ཨ་ཕས་ཁྲིད་ནས་ཡུལ་སྐོར་ལྟད་མོར་ཆས་ཤིང་ཞོར་ནས་རི་ར་བ་ཁང་ཁྱིམ་གྱི་དངོས་པོ་མཐོང་ཚད་བསྟན་ནས་དེའི་མིང་དང་གྲུབ་ཚུལ།ཡོན་ཏན་འབྱུང་རྐྱེན་སོགས་བཤད་ནས་བུ་ལ་ཐོས་རྒྱ་བསྐྱེད།དེ་ལྟར་བུ་ཁའར་ཝེ་ཐི་ལོ6ལ་སོན་དུས་འཇར་ཡིག་ཐོགས་མེད་དུ་ཀློག་ནུས་པ་མ་ཟད་མཐོང་རྒྱ་ཅན་གྱི་བྱིས་པ་ཞིག་ཏུ་གྱུར།རྨང་གཞི་དེ་དག་གི་སྟེང་དུ་ཕ་རྒན་གྱིས་ཡང་ཧྥ་རན་སིའི་སྐད་ཡིག་དང་ཨི་ཐ་ལིའི་སྐད་ཡིག ལ་ཐིན་གྱི་སྐད་ཡིག་སོགས་བསླབས། 1808ལོར་དགེ་རྒན་ཞིག་གིས་སློབ་མ་ཚོའི་མདུན་དུ་བུ་ཁའར་ཝེ་ཐི་ཁྲིད་ནས་ཨི་ཐ་ལིའི་ཡི་གེ་དང་གྷི་རི་སིའི་ཡི་གེ ལ་ཐིན་ཡི་གེ་དང་ཧྥ་རན་སིའི་ཡི་གེ་སོགས་ཀྱིས་དྲི་བ་སྣ་ཚོགས་དྲིས་པ་ན།བུ་ཁའར་ཝེ་ཐིས་སྐད་རིགས་སོ་སོས་དྲིས་ལན་ཐོགས་རྡུགས་མེད་པར་བཏབ་པ་ན།དེར་ཡོད་ཀྱི་དགེ་སློབ་ཡོད་ཚད་ཧ་ལས་ཧང་སངས་པར་བྱས།སྐབས་དེར་ཁོ་ལོ་ན7ཡིན་འདུག དེ་ནས་ལོ8ལ་སོན་པ་ན་འཇར་ཡིག་དང་ཧྥ་རན་སིའི་ཡི་གེ།ཨི་ཐ་ལིའི་ཡི་གེ་དང་ལ་ཏིང་ཡི་གེ དབྱིན་ཡིག་དང་གྷི་རི་སིའི་ཡི་གེ རོ་མའི་ཡི་གེ་སོགས་སྐད་རིགས་བདུན་བརྒྱད་ཅིག་གི་རྩོམ་ཡིག་ཀུན་ཀློག་ནུས་པར་བཤད།ལོ9ཙམ་ནས་གོང་གི་སྐད་ཡིག་དག་དང་དབྱིན་ཡིག་སོགས་ཀྱིས་ལོ་ཙཱ་བྱ་བ་དང་སྙན་ངག་འབྲི་བར་དཀའ་སྡུག་མེད་ཅིང་ལེབ་ཟེ་སློབ་གྲྭ་ཆེན་མོར༼莱比锡大学ཚུད།ལོ10པའི་སྐབས་སུ་ཀོ་ཐིན་ཀེན་སློབ་ཆེ(哥根大学)དུ་ཞུགས་ནས་ལོ་བཞིའི་རིང་ལ་གནའ་རབས་ལོ་རྒྱུས་དང་དངོས་ལུགས་རིག་པ།སྐྱེས་དངོས་དང་གྲངས་རིག དངོས་མིང་རིག་པ་དང་ཉེར་སྤྱོད་གྲངས་རིག རྫས་འགྱུར་རིག་པ་དང་དངོས་གཤེར་རྫས་འགྱུར་རིག་པ། གཏེར་དངོས་རིག་པ། ཆབ་སྲིད་ལོ་རྒྱུས་དང་མི་ཆོས་རིག་པ། མཐོ་རིམ་གྲངས་རིག་དང་སྐད་བརྡ་རིག་པ་སོགས་སློབ་སྦྱོང་མཛད།ལོ12ཙམ་ནས་གྲངས་རིག་སྐོར་གྱི་དཔྱད་རྩོམ་དང་གཞུང་ལུགས་གཞན་དག་ལ་དགག་བཞག་སྤོང་གསུམ་གྱི་བློ་གྲོས་རྒྱས། སྤྱི་ལོ814ལོར་ལོ་ན14ལ་སོན་པའི་བུ་ཁའར་ཝེ་ཐི་ལ་ཇེ་སི་སློབ་ཆེན(吉森尤斯图斯-李比希大学)གྱི་སློབ་གཙོས་རབ་འབྱམས་པའི་མིང་ཐོབ་བསྩལ།ལོ16ལ་སོན་པ་ནས་ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་གོ་གནས་བླངས་ཤིང་པེར་ལེན་སློབ་ཆེན(柏林大学)གྱི་ཁྲིམས་ལུགས་རིག་པའི་སློབ་དཔོན་法学教授༽མཛད་ཅིང་བརྩམས་ཆོས་མིང་གྲགས་ཅན་ཡང་མང་།ཁོང་གིས་མི་ཚེ་གང་བོར་འཇན་མན་གྱི་མིང་གྲགས་ཅན་གྱི་སློབ་ཆེན་དེ་ནས་སློབ་ཁྲིད་མཛད་ནས1883ལོའི3པའི་ཚེས6ཉིན་འཇིག་རྟེན་མི་ཡུལ་དང་གྱེས་བརྡ་བཏང་ངོ།།