སྟག་འབུམ་རྒྱལ་གྱི་སྒྲུང་ཐུང 《 ཧཱ་པ་གསོས་པའི་ཟིན་ཐོ》 ལས་མི་གཤིས་སྐོར་རགས་ཙམ་དཔྱད་པ།

ཕོད་རི་ཕུན་ཚོགས་ལྷུན་གྲུབ། (དཀར་མཛེས།) ལྷ་རིག་ཚེ་རིང་དབང་མོ། (དཀར་མཛེས།) རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-14


【 ནང་དོན་གནད་བསྡུས】 དཔྱད་རྩོམ་འདིར་མི་གཤིས་ཞེས་པའི་ཐ་སྙད་ཀྱི་བྱུང་བ་དང་དེའི་གོ་དོན་མདོར་བསྡུས་ཙམ་བཤད་ཡོད་ལ། སྒོས་སུ་སྟག་འབུམ་རྒྱལ་གྱི་སྒྲུང་ཐུང《ཧཱ་པ་གསོས་པའི་ཟིན་ཐོ་》 ཁྲོད་ཀྱི་ཧཱ་པ་དང་འབྲོག་ཁྱི་སོགས་མི་སྣ་སོ་སོའི་སྣང་བརྙན་གྱི་མངོན་སྟངས་ལས་མི་གཤིས་ཀྱི་དགེ་སྡིག་གི་ཆ་དེ་བོད་ཀྱི་རིག་གནས་དང་སྤྱི་ཚོགས་ཁོར་ཡུག ཐ་ན་མིའི་འཚོ་གནས་བྱ་ཐབས་ཤིག་གི་ནང་དུ་དྲངས་ནས་དེར་དབྱེ་ཞིབ་རོབ་ཙམ་བྱས་ཡོད།

【 བརྡ་ཆད་གཙོ་བོ།】 མི་གཤིས། གཤིབ་བསྡུར། རིག་གནས།

   གླེང་གཞི།
   སྤྱིར་སྒྲུང་ཐུང་ནི་དཔེ་མཚོན་ཅན་གྱི་དོན་སྙིང་ཡོད་པའི་འཚོ་བའི་དུམ་བུ་ཞིག་གམ་གཏུབ་ངོས་ཞིག་བདམས་ཤིང་། མི་སྣའི་གཤིས་ཀའི་ཁྱད་གཤིས་གཙོ་བོ་འགའ་དམིགས་ཀྱིས་བཟུང་སྟེ་སྤྱི་ཚོགས་འཚོ་བའི་རྩ་བའི་ངོ་བོ་མཚོན་པར་བྱེད་པ་ཡིན། གདོད་མའི་སྲོག་ཆགས་ཀྱི་རང་གཤིས་དང་ཕྱིས་ཀྱི་སྤྱི་ཚོགས་ཀྱི་རང་གཤིས་བཅས་ཁྱད་ཆོས་གཉིས་ལྡན་གྱི་མི་ནི་དགེ་སྡིག་གཉིས་སྣང་གི་ཕུང་བོ་ཅན་ཞིག་དང་། འགལ་བ་འདུག་པའི་ཁྱད་ཆོས་དེ་གཉིས་མིའི་གདོད་མའི་རང་གཤིས་སུ་གཅིག་ལ་གཅིག་བརྟེན་གྱིས་གཞི་གཅིག་ཏུ་གནས་པ་ནི་ཆོས་ཉིད་དུ་གྲུབ། རྩོམ་པ་པོས་མི་གཤིས་དེ་ཉིད་བརྩམས་སྒྲུང་གི་ལམ་ནས་བརྩམས་ཚེ་དམིགས་གསལ་གྱི་རིན་ཐང་ངེས་པར་ལྡན་ཏེ། མི་གཤིས་ནི་བརྩམས་སྒྲུང་གི་ཆེས་མཇུག་མཐའི་ཟབ་ཚད་ཡིན་པས་སོ། དེས་ན་སྟག་འབུམ་རྒྱལ་གྱི་ཁྱི་དང་འབྲེལ་བའི་བརྩམས་སྒྲུང་དེ་དག་བོད་ཀྱི་རྩོམ་སྟེགས་ནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པར་འདུག་པ་ནི་བརྩམས་སྒྲུང་དེ་དག་གིས་མི་གཤིས་གཙོ་གནད་དུ་བཟུང་སྟེ་གཤག་བཅོས་མཐིལ་ཕྱིན་བྱས་པས་ཡིན་པ་མ་ཟད། ཚད་ངེས་ཅན་ཞིག་ནས་གླེང་ན་བོད་ཀྱི་བརྩམས་སྒྲུང་གིས་མི་གཤིས་རྙེད་པའི་ཐོག་མའི་གྲས་རེད་ཅེས་བརྗོད་ནའང་མི་ཆོག་པ་མེད་པར་འདོད། སྒོས་སུ་སྒྲུང་ཐུང་གྲགས་ཅན《 ཧཱ་པ་གསོས་པའི་ཟིན་ཐོ 》 ནི་ཁོང་གིས་ཁྱི་བརྗོད་བྱ་བྱས་ནས་བྲིས་པའི་སྒྲུང་གཏམ་གསར་ཤོས་ཡིན་ལ། རྩོམ་པ་པོས་ཧཱ་པ་དང་འབྲོག་ཁྱི་སོགས་མི་སྣ་སོ་སོའི་ཁྱད་ཆོས་དམ་དུ་བཟུང་ཞིང་། མི་དང་ཁྱིའི་རང་གཤིས་གཤིབ་བསྡུར་བྱས་པ་བརྒྱུད། མི་གཤིས་མཛེས་པའི་ཆ་དང་མི་གཤིས་བཙོག་པའི་ཆ་གསོན་ཉམས་ལྡན་པའི་ངང་ཕྱིར་མངོན་ཡོད། རྩོམ་པ་པོས་ཁྱིའི་སྣང་བརྙན་ལས་མིའི་རང་གཤིས་ཤིག་མངོན་གྱིན་ཡོད་ལ། མི་གཤིས་དེའི་རྒྱབ་ན་གནས་པའི་རིག་གནས་ཤིག་དང་སྤྱི་ཚོགས་ཤིག་སྟོན་གྱིན་ཡོད།
   དང་པོ། མི་གཤིས་ཞེས་པའི་ཐ་སྙད་ཀྱི་བྱུང་བ་དང་དེའི་གོ་དོན་གྱི་སྐོར།
   མི་གཤིས་ནི་ལོ་རྒྱུས་ཀྱི་ཁོངས་གཏོགས་ཤིག་ཡིན་ཏེ། གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ་མིའི་རིགས་སྤྱི་ལ་ཐུན་མོང་གི་མི་གཤིས་མངའ་ཞིང་། གྲལ་རིམ་སྤྱི་ཚོགས་སུ་སྒེར་དབང་ལམ་ལུགས་བྱུང་བས་མིའི་སྤྱི་ཚོགས་རང་བཞིན་ལ་བག་ཆགས་སམ་རྟགས་མཚན་མངའ་བས་གྲལ་རིམ་གྱི་རྟགས་མཚན་གྱི་མི་གཤིས་སུ་བསྒྱུར་བའམ་གྲལ་རིམ་གྱི་རང་བཞིན་ཅན་དུ་གྱུར། གྲལ་རིམ་རང་བཞིན་གྱི་བག་ཆགས་མ་འགོས་པའི་མིའི་སྤྱི་ཚོགས་རང་བཞིན་གྱི་ཆ་དེ་ལ་ཐུན་མོང་གི་མི་གཤིས་སུ་བཤད། དེའང་མི་རིགས་རང་རང་ཚོར་མི་གཤིས་ཞེས་པའི་བརྡ་ཆད་ཀྱི་བྱུང་རབས་དང་དེ་ལ་གོ་བ་ལེན་ལུགས་ངེས་ཅན་རེ་ཡོད་པ་སྨོས་ཅི་དགོས་ཀྱང་། རིག་གནས་བསམ་བློའི་དབུལ་ཕྱུག་གི་ཁྱད་པར་གྱིས་དོན་དམ་པའི་མི་གཤིས་ཀྱི་གོ་བ་ལའང་ཕར་དེད་ན་ནུབ་གླིང་ལ་མི་གཏུགས་ཐབས་མེད་ལྟ་བུ་ཞིག་རེད།
   གནའ་བོའི་གྷི་རི་སིའི་སྐབས་སུ་མི་གཤིས་ནི་མི་སྒེར་རམ་མི་བྱེ་བྲག་པའི་གཤིས་རྒྱུད་ཡག་མིན་དང་ཕྱི་ཚུལ་གྱི་བརྩི་ཐང་ལ་གོ་དེ་ནས་དུས་རབས་བར་མའི་སྐབས་སུ་མི་གཤིས་དེ་ཆོས་ལུགས་ཀྱི་ལྟ་བ་ལས་ཐར་ཏེ་མི་རང་སྟེང་དུ་ལྷན་སྐྱེས་སུ་གྲུབ་པའི་ནང་གི་གཟུང་གཞུགས་དང་རིག་གནས་ཀྱི་གཟུང་གཞུགས་ཡོད་མེད་ལ་གོ རིག་རྩལ་བསྐྱར་དར་སྐབས་མི་ཚུལ་རིང་ལུགས་ཀྱི་བསམ་བློ་ཡི་བྱེད་སྒོ་མཚོན་པའི་མི་གཤིས་དེ་ཚོགས་པའི་ངོས་ནས་ལས་འགུལ་རབ་རིམ་དུ་བསླངས་འོང་ནས་ལྷའི་བརྩི་ཐང་ཁས་མི་ལེན་པར་བཀག་འགོག་དང་མིའི་བརྩི་ཐང་ཡོངས་སུ་ཁས་ལེན་བྱུང་ལ། དེའི་སྐབས་མི་གཤིས་ལ་གོ་བ་ཁྱད་པར་ཅན་བྱུང་དུ་བཅུག་ལ་འགྱུར་ལྡོག་ཀྱང་ཆེན་པོ་བྱུང་དུ་བཅུག་སྟེ། མི་གཤིས་ཡོད་ན་མིའི་བརྩི་ཐང་ཡོད་སོང་བར་འདོད། དུས་རབས་བར་མ་རྫོགས་པ་ན།མི་གཤིས་ཀྱི་གོ་བ་ཆོས་ལུགས་ཀྱི་རྒྱ་ལས་ཐར་ནས་མི་གཤིས་ཞེས་ད་གཟོད་མིའི་རྩིས་ཐང་ངོ་མར་གོ་ཐུབ་པར་གྱུར།དུས་རབས་བཅུ་དྲུག་པའི་ནུབ་གླིང་བློ་འབྱེད་ལས་འགུལ་གྱི་གཞུག་ནས་མི་གཤིས་རིང་ལུགས་ཞེས་པའི་བརྡ་ཆད་ཀྱང་སྤྱོད་འགོ་བརྩམས་མོད།གཞུང་དོན་ཡོངས་སུ་རྫོགས་པའི་མི་གཤིས་མཚན་ཉིད་རིག་པའི་རྩ་ལག་ད་དུང་གྲུབ་མ་ཐུབ་པར་བཤད། དེ་ནས་དུས་རབས17པའི་སྨད་ཀྱི་དུས་ཨ་རིའི་མཁས་ཆེན་སྦོནBowne Borden Parker鲍恩སྐབས་མ་ལག་ཆ་ཡོངས་སུ་ཚང་བའི་མི་གཤིས་མཚན་ཉིད་རིག་པའི་རིང་ལུགས་ཀྱི་ཤིང་རྟའི་སྲོལ་ཕྱེས་ལ། དེ་ནས་བཟུང་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་མང་བོར་གཞུང་ལུགས་སྣ་ཚོགས་བྱུང་སྟེ། ཨ་རིའི་མི་རབས་གཉིས་པའི་འཇིག་རྟེན་གྱི་མི་གཤིས་རིང་ལུགས་དང་། སྣ་ཚོགས་མི་གཤིས་རིང་ལུགས། ཀྲུང་གོའི་ཧོ་ཅིན་གྱི་མཐར་ཐུག་གི་མི་གཤིས་རིང་ལུགས། ཧྥ་རན་སི་མོར་ནེར་གྱིས་རང་དབང་གསར་གཏོད་ཀྱི་མི་གཤིས་རིང་ལུགས་སོགས་སྣ་ཚོགས་བྱུང་། དེ་དང་མཉམ་དུ་ད་ལྟ་ནུབ་གླིང་དུ་མི་གཤིས་སློབ་གསོ་རིག་པ་དང་མི་གཤིས་སེམས་ཁམས་རིག་པ་སོགས་གཞུང་ལུགས་ཀྱང་མང་བོ་བྱུང་། ནུབ་གླིང་ལ་མཚོན་ན་དུས་རབས 18པའི་དུས་སྔོན་གྱི་རིག་གནས་ཀྱི་རྨང་གཞིའི་སྟེང་། མི་གཤིས་ཞེས་པའི་བརྗོད་བྱ་འདི་མཚན་ཉིད་རིག་པ་དང་། སེམས་ཁམས་རིག་པ། མི་ཆོས་རིག་པ། སྤྱི་ཚོགས་རིག་པ། རིག་གནས་རིག་པ། ཁྲིམས་ལུགས་རིག་པ་སོགས་ཀྱི་རིག་ཚན་མང་བོ་ནང་དུ་གཞུང་ལུགས་ཀྱི་སྙིང་བོར་ཆགས་པ་མ་ཟད། དེ་ལ་གོ་བ་ལེན་ལུགས་ཀྱང་སྣ་ཚོགས་བྱུང་། མཚན་ཉིད་རིག་པས་བདག་གི་འདུ་ཤེས་དེ་རིས་སུ་མ་བོར་ཞིང་རང་ཁ་སྐྱེད་པའི་ནུས་པ་ཡོད་པ་དང་རང་གི་ཚོར་བ་དང་བརྩེ་བ་སོགས་ལ་གཙིགས་སུ་འཛིན་པ་དང་། མོས་པ་དང་འདུན་པ་སོགས་ལ་མཐོང་ཆེན་བྱེད་པ་དང་། དེ་ལྟ་བུའི་བསམ་བློའི་འགྱུར་བ་དང་ལུས་ངག་གི་སྤྱོད་ལམ་ལ་གོ་བ་ལེན་ལ། ཐུགས་ཁུར་བྱེད་ས་ནི་འགྲོ་མིའི་གོ་ཐོབ་དང་རིན་ཐང། རང་གཤིས། བརྩི་ཐང་གཙོ་བོར་བཟུང་བ། རང་དབང་གི་བསམ་བློ་དང་། གསར་གཏོད་ལ་མཐོང་ཆེན་དང་གཙོ་བོར་བཟུང་བ་སོགས་རེད།
   མི་གཤིས་བྱ་བ་མིའི་གཤིས་རྒྱུད་གཙོ་བོ་ཞིག་ལ་བྱ་སྟེ་མིའི་རང་བྱུང་གི་རང་བཞིན་དང་སྤྱི་ཚོགས་ཀྱི་རང་བཞིན་གཅིག་གྱུར་ཏུ་གྲུབ་པ་ཞིག་ལ་ཟེར། རང་བྱུང་གི་རང་བཞིན་ནི་དབང་ཁམས་ཀྱི་ཆའི་འདོད་ཆགས་ཀྱི་ཕྱོགས་ལ་བཤད། སྤྱི་ཚོགས་རང་བཞིན་གྱི་ཆ་ནི་མིའི་བསམ་བློ་དང་ཀུན་སྤྱོད། ཆགས་པ་དང་སྡང་བ། སེམས་ཁམས་དང་གོམས་སྲོལ་བཅས་ལ་བྱའོ། ། སྤྱི་ཚོགས་རང་བཞིན་ནི་མི་གཤིས་ཀྱི་རྩ་བའི་རང་བཞིན་ཡིན་ཞིང་། མི་དང་སྲོག་ཆགས་ཀྱི་དབྱེ་བ་འབྱེད་བྱེད་ཀྱི་རྩ་བའི་ཁྱད་ཆོས་ཀྱང་ཡིན། སྤྱི་ཚོགས་ཀྱི་རང་བཞིན་ལ་དགག་ན་མི་དང་དུད་འགྲོ་གཅིག་ཏུ་འགྱུར་བའི་ཉེན་ཁ་ཆེ། འོན་ཏེ་མི་གཤིས་ལ་མཚོན་ན་དེའི་དབང་ཁམས་ཀྱི་ཆའི་ཁྱད་ཆོས་དུ་མ་སྲོག་ཆགས་སྤྱིའི་ཆ་ཤས་འགའ་ཡང་ལྡན་པར་འདུག གང་ལྟར་མི་གཤིས་ནི་རང་གཤིས་དང་། མི་གཞི། ཀུན་སྤྱོད་ཀྱི་སྤུས་ཚད།ཀུན་སྤྱོད་ཀྱི་རྒྱུ་བདག ཀུན་སྤྱོད་མཐོ་དམའ། མིའི་རང་སྟེང་གི་འཇོན་ཐང། རྩིས་ཐང།མིའི་རང་བཞིན་གྱི་སྤྱིའི་ཚོགས་པ་ལའོ། མི་གཤིས་དེ་ཉིད་རྒྱུན་དུ་མི་རྣམས་ཀྱི་ཚེ་སྲོག་བདེ་ཐང་དང་རྒྱུ་ནོར་ལོངས་སྤྱོད་སོགས་ལུས་སེམས་གཉིས་ཀྱི་དགོས་མཁོ་སོགས་ཀྱི་སྟེང་ནས་མངོན་གྱིན་ཡོད།
   བྱེ་བྲག་བོད་མིའི་མི་གཤིས་སྐོར་ལ་གོ་བ་ལེན་ཚུལ་ཅུང་ཙམ་གླེང་ན། བོད་ལ་རིག་གནས་གསར་བ་དར་ནས་ལོ་ངོ་ཉི་ཤུ་ལྷག་འགོར་ཡང་། མིའི་མི་གཤིས་ཅི་ལྟ་བུ་ཞིག་ཡིན་པའི་ཐད་ལ་རིག་པའི་གཞུང་ལུགས་ཀྱི་དཔྱད་པ་མེད་པ་མ་ཟད། རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་ནས་ཀྱང་དེ་ཉིད་ཀྱི་གཏམ་སྦྱོར་སྤྱིར་ཉམས་དམའ་ས་ཞིག་ན་ཡོད། ང་ཚོས་སྔར་བཞིན་མིའི་སྤྱི་ཚོགས་རང་གཤིས་རྩལ་དུ་བཏོན་ནས་རིགས་རྟོག་གི་བདག་ཉིད་དུ་གྱུར་བའི་མི་འབྲི་ཞིང་བཤད་པ་ལས། མིའི་རང་བྱུང་རང་གཤིས་སམ་མིའི་དུད་འགྲོའི་རང་བཞིན་ལ་བསྙོབ་ཐུབ་མེད་པར་སྣང་། མི་ལ་རང་བྱུང་རང་གཤིས་དང་སྤྱི་ཚོགས་རང་གཤིས་གཉིས་ཡོད་དེ། རང་བྱུང་རང་གཤིས་ཀྱི་སྤྱིར་བཏང་བའི་འདོད་ཡོན་ལ་རེ་བ་འཆའ་བ་གཏན་ནས་ཡལ་བར་དོར་ཚེ་དེ་འདྲའི་མི་ནི་ལྷ་གཤིས་ཅན་གྱི་མིའམ་ཕུགས་བསམ་ཅན་གྱི་མི་རྐྱང་བ་ཞིག་ལས་དེ་ལ་མི་ཡི་དྲི་མ་ཡོད་མི་སྲིད། དེ་བས་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་མི་དེ་ད་དུང་ཡང་ཤ་ཁྲག་གདོས་བཅས་ཀྱི་གསོན་པོའི་ངང་ཚུལ་ཅན་དུ་བྱུང་མེད། རེད་དེ་དགའ་འོས་པ་ཞིག་ནི་བོད་ཀྱི་དེང་རབས་རྩོམ་རིག་གིས་མི་གཤིས་ལ་འཚོལ་དཔྱོད་བྱེད་པའི་འགོ་བརྩམས་བཞིན་ཡོད།

   གཉིས་པ། སྟག་འབུམ་རྒྱལ་གྱི་སྒྲུང་ཐུང《ཧཱ་པ་གསོས་པའི་ཟིན་ཐོ》 ལས་མི་གཤིས་སྐོར་ཅུང་ཙམ་གླེང་བ།
   གཅིག རྩོམ་རིག་ནི་མི་གཤིས་རིག་པ་ཞིག་ཡིན།
   རིག་གནས་ཀྱི་ཆ་ཤས་སུ་གྱུར་ཡོད་པའི་རྩོམ་རིག་ནི་ངོ་བོའི་ཆ་ནས་མིའི་རིག་པ་ཞིག་ཡིན་ལ་མི་གཤིས་རིག་པ་ཞིག་ཀྱང་རེད། རྩོམ་རིག་བྱ་འགུལ་གྱི་དམིགས་ཡུལ་དང་དཀྱིལ་སྙིང་ཡང་མི་ལས་མ་འདས། དེའང་རྩོམ་རིག་བརྩམས་ཆོས་ཀྱི་ཁ་གཏོད་ས་དང་རྐང་འཛུགས་ས། གཞི་བཅོལ་ས་ན་མཐར་གཏུགས་ན་མི་ཁོ་ན་ཡིན་པ་དང་། མིའི་རིགས་ལ་རྩོམ་རིག་དགོས་དོན་ནམ་རྩོམ་རིག་གསར་རྩོམ་བྱེད་དོན་ནི་རང་ཉིད་ངོས་ཟིན་དང་རང་ཉིད་ཤེས་རྟོགས་བྱ་བའི་ཆེད་དུ་རེད། དེས་ན་ཐོག་མར་མི་གཤིས་ཀྱི་བཀག་སྡོམ་དང་འཆིང་གྲོལ། ཚེ་སྲོག་གི་དོན་སྙིང་། རང་དབང་གི་བརྩོན་ལེན། འཚོ་གནས་ཀྱི་བདེ་སྡུག བརྩེ་དུང་གི་ཐོབ་ཤོར། རེ་སྨོན་དང་ཆགས་སྡང་སོགས་ལ་མྱོང་རོལ་བྱེད་པ་བརྒྱུད་ནས་ཡང་དང་བསྐྱར་ནས་རང་ཉིད་ལ་ངོས་ཟིན་དང་ཤེས་རྟོགས་བྱེད་དགོས། རྩོམ་རིག་གི་གཙོ་བོར་མི་སྣ་བརྗོད་བྱའི་ལྟེ་བར་བཟུང་ནས་དངོས་ཡོད་སྤྱི་ཚོགས་འཚོ་བ་མཚོན་ཏེ་མི་ནི་སྤྱི་ཚོགས་ཀྱི་འབྲེལ་བ་ཀུན་གྱི་རྩ་བའི་གཞི་ཡིན་པས། སྤྱི་ཚོགས་ཀྱི་བྱ་བ་གང་དང་གང་མི་དང་རྩ་བ་ནས་འབྲལ་དུ་མི་སྲིད་ལ་གལ་སྲིད་མི་དང་བྲལ་ན་མིའི་རིགས་ཀྱི་སྤྱི་ཚོགས་མངོན་པར་རྟོགས་པའི་ཐབས་ཟད་པར་ངེས། མི་ནི་སྤྱི་ཚོགས་འབྲེལ་བའི་སྣ་ཚོགས་ཀྱི་གཞི་རྩ་ཡིན་པས་དངོས་ཡོད་སྤྱི་ཚོགས་འཚོ་བ་དང་ཕྱོགས་ཡོངས་ནས་འབྲེལ་བ་སྣ་ཚོགས་ཡོད་པའི་མི་སྣའི་རང་གཤིས་ཀྱི་ཁྱད་ཆོས་མངོན་གསལ་དུ་འབྲི་ཐུབ་ན་དངོས་ཡོད་སྤྱི་ཚོགས་ཀྱི་གནས་ཚུལ་མངོན་པར་མཚོན་ནུས། རྩོམ་རིག་གི་སྲོག་ཤིང་དུ་གྱུར་པའི་མི་དེའང་མཐར་ཐུག་ནས་བཤད་ན་རིག་གནས་གང་རུང་ཞིག་གི་སྐྱེད་འབྲས་ཡིན་ལ། རིག་གནས་གང་དེ་ནི་མི་རིགས་དེའི་ལོ་རྒྱུས་ཀྱི་བྱུང་རིམ་རིང་མོའི་ཁྲོད་དུ་སྙལ་གྱི་ཡོད་པའི་ཕུང་པོ་ཞིག་རེད། དེ་བརྟེན་མི་དང་མི་གཤིས་དེར་རེག་དགོས་ན་ངེས་པར་དུ་མི་དེ་རིག་གནས་དང་ལོ་རྒྱུས་ཞིག་གི་རྒྱབ་ལྗོངས་ནང་དུ་བཞག་ནས་མྱོང་རྟོག་བྱ་དགོས།
   གཉིས། སྒྲུང་ཐུང་ཁྲོད་ཀྱི་མི་སྣ་སོ་སོའི་མི་གཤིས་ལ་དབྱེ་ཞིབ་རགས་ཙམ་བྱེད་པ།
   རྩོམ་རིག་རྩོམ་ཆོས་ཀྱི་བསམ་བློའི་ཟབ་ཚད་ཅེས་པ་ནི་རྩོམ་ཆོས་ལས་མངོན་པའི་མཚན་ཉིད་རིག་པའི་ལྟ་བ་དང་།མི་དང་མི་གཤིས་ཀྱི་ངེས་རྟོགས། མི་གཞིའི་སྙིང་སྟོབས། འཚོ་བའི་ཡིད་ཆེས་དང་དཔའ་གདེང་སོགས་ལ་བྱ་ཞིང་། དེར་ལྟ་ཀློག་བརྒྱུད་ནས་ཀློག་མཁན་གྱི་སྡེ་ལ་ཚད་མི་འདྲ་བར་དེ་མཐུན་གྱི་སྙིང་སྟོབས་བསྐྱེད་པ་ཡིན། མིའི་ངེས་རྟོགས་ཀྱི་ཚད་ཇི་ཙམ་མཐོ་བ་དེ་ཙམ་གྱིས་རྩོམ་ཆོས་ལ་བསམ་བློའི་ཟབ་ཚད་ཡོད་པ་ངེས། དེས་ན་སྒྲུང་གཏམ་ཧྲིལ་བོའི་བསྟན་དོན་ལ་བསམ་གཞིག་གཏོང་དགོས་ན་དང་ཐོག་སྒྲུང་ཐུང་ཁྲོད་ཀྱི་མི་སྣ་དག་ལ་ངོས་འཛིན་གསལ་བོ་ཞིག་བྱས་ན་ད་གཟོད་རྩོམ་པ་པོས་མི་སྣ་སོ་སོར་སྒྲུབ་ཏུ་བཅུག་པའི་བྱ་བའི་སྟེང་ནས་མི་སྣ་དེའི་འགྲོ་འདུག་སྤྱོད་གསུམ་ལ་དབྱེ་ཞིབ་ཞིབ་མོ་ཞིག་བྱ་ཐུབ། སྒྲུང་གཏམ་ཁྲོད་ཀྱི་མི་གཤིས་བཅོས་མ་ཞིག་ལ་བརྩོན་ལེན་བྱེད་རྒྱུ་དེ་ནི་སྒྲུང་གཏམ་གྱི་ཡང་སྙིང་དང་ང་ཚོས་འཚོལ་བར་བྱ་བའི་དམིགས་ཡུལ་ཡང་ཡིན།
   ༡ ཧཱ་པ།
   སྒྲུང་ཐུང་ཁྲོད་ཀྱི་མི་སྣ་གཙོ་བོ་ཧཱ་པ་ནི་སྒྲུང་གཏམ་ཁྲོད་ཀྱི་ང་ཞེས་པའི་དཔོན་པོ་དེའི་རྐང་ལྷམ་མཚན་དུ་མ་ཞིག་ལ་གཙང་ཕྱིས་བྱས་པས་མཐར་ང་ཡིས་ཁྱིམ་མཚེས་ཀྱི་ཧཱ་པ་ཡིན་པ་ཤེས་ཤིང་། དེ་ནས་བཟུང་ཧཱ་པས་ཁོ་ལ་ཁ་བརྫེ་བརྫེ་དང་སྣ་གཉེར་གཉེར་གྱིས་བྱ་སྤྱོད་དེར་བློ་བབས་ཏེ་ཁོ་རང་གི་གམ་དུ་བཟུང་ནས་གཉོར་སྐྱོང་བྱས། རྗེས་ནས་ཧཱ་པ་དེ་ང་ཡི་ལས་ཁུངས་སུ་ཁྲིད་པ་ནས་བཟུང་ཧཱ་པ་ང་རྒྱལ་དང་ཧམ་པ་ཇེ་ཆེར་སོང་ནས་མཐར་ལས་ཁུངས་ནས་རང་གི་དྲུང་ཡིག་མ་དང་གཉེན་སྒྲིག་བྱེད་རྒྱུའི་འདོད་པ་སྟོན་པ་དང་། རྗེས་ནས་ཁོ་རྫོང་དཔོན་ཞིག་གི་ཧཱ་པར་གྱུར་ནས་དྲུང་ཡིག་མ་དེའང་ཁོའིཆུང་མར་གྱུར་བ་རེད། རྩོམ་པ་པོས་ཧཱ་པའི་སྣང་བརྙན་དང་མིའི་སྣང་བརྙན་གཉིས་ཀ་མཉམ་གཅིག་ཏུ་བསྲེ་སྦྱོར་བྱས་ཡོད་པས་ཀློག་པ་པོར་ཡ་མཚན་དང་དགོད་བྲོ་བའི་སྣང་བརྙན་ཞིག་བསྐྲུན་ཡོད། སྤྱིར་བཏང་དུ་སྒྲུང་གཏམ་འདིའི་ནང་ལ་ཧཱ་པ་ནི་རང་ལས་མཐོ་བའི་མི་ལ་ངོ་དགའ་སྤྲེལ་ལད་བྱ་རྒྱུ་དང་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུད་པ་ཞིག་ཡིན་ལ་། རང་གི་ཁེ་ཕན་ལ་འཕྲད་དུས་རང་ཉིད་ལ་སྙིང་ཉེ་ཞིང་ཡར་བསྐྱངས་པའི་བདག་པོ་ཡང་ཡལ་བར་འདོར་ནུས་པ། ཐ་ན་མགོ་ཁྲིད་ཀྱི་སེམས་དགྱེས་བའི་ཆེད་དུ་རང་ཉིད་དང་རིགས་གཅིག་ཡིན་པའི་ཁྱི་ཤ་ཡང་ཟ་ཕོད་མཁན་ཞིག་མངོན་ཡོད།རྩོམ་པ་པོས་ཧཱ་པ་ཞེས་པའི་མི་སྣ་དེ་མི་ཡང་ཡིན་པ་མིའི་ཁྱད་ཆོས་ཚང་བ་ཞིག་དང་།ཁྱི་ཡང་ཡིན་པ་ཁྱིའི་གཤིས་ཀ་འཆིང་བའི་མི་སྣ་ཁྱད་པར་བ་ཞིག་བསྐྲུན་ཡོད། སྒྲུང་གཏམ་ཧྲིལ་བོར་བལྟས་ན། ཧཱ་པ་ནི་དང་ཐོག་གུས་གུས་ཞུམ་ཞུམ་བྱེད་ཅིང་རིམ་གྱིས་རང་ཉིད་ཀྱི་ཐབས་དང་གཡོ་སྒྱུར་བརྟེན་ནས་ཕ་རོལ་པོའི་སེམས་འགུགས་ནས་ཕན་ཚུན་འདྲིས་ཞིང་གོམས་པར་བྱེད་ལ། དེ་ལས་རང་གི་བདག་པོ་ལས་ལྷག་བའི་མི་ཞིག་དང་འཕྲད་སྐབས་སྔར་གྱི་བདག་པོའི་དྲིན་ཡོངས་རྫོགས་བརྗེད་ནས་ཁོ་དང་རིང་དུ་བཀྱེད་པ་སོགས་ལས་ཁོ་ནི་ནམ་ཡང་རང་ཉིད་ཀྱི་ཁེ་ཕན་ཁོ་ན་ལ་དམིགས་ནས་བྱ་བ་སྒྲུབ་མཁན་ཞིག་དང་། གནད་འགག་ལ་ཐུག་ཚེ་རང་གི་རིགས་ཀྱི་ཤའང་བཟའ་བ་ཞིག་རེད།
   རྩོམ་པ་པོས་ཧཱ་པའི་སྣང་བརྙན་བཞེངས་སྐྲུན་བྱས་ཏེ་ཧཱ་པ་ལྟ་བུའི་གཤིས་ཀ་ལ་དགག་པ་བརྒྱབ་པ་ཡིན་ཞེས་ཟེར་ན་བདེན་པ་མི་སྣང་སྟེ། རྩོམ་པ་པོས་ལར་མིས་ཧུར་བརྩོན་བྱེད་ཀྱིན་པ་ནི་རང་ཉིད་ཡར་བསྐྱེད་ཀྱི་ཆེད་ཡིན་པས་ཧཱ་པས་དེ་ལྟར་རང་ནུས་ཀྱིས་རང་གི་མདུན་ལམ་འཚོལ་བ་ནི་ནོར་འཁྲུལ་ཞིག་ཡིན་ནམ་མིན། དེ་ནི་ཧ་ཅང་བཤད་དཀའ་བའི་གནས་ཞིག་རེད།ཅེས་གསུངས་པས་དེར་དགག་པ་དང་ཟུར་ཟ་བྱེད་པ་མ་ཡིན་པར་མི་སྣ་དེ་དག་གི་གཤིས་ཀ་དེ་གྲུབ་པའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ལ་བསམ་བློ་གཏོང་གིན་ཡོད་པ་རེད། དེང་གི་སྤྱི་ཚོགས་ནང་སྲིད་འཛིན་གྱི་སྡེ་ཁག་དག་ནས་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་སྐྱུག་བྲོ་བའི་དཔེ་མཚོན་རང་བཞིན་ཅན་གྱི་སྣང་ཚུལ་ཞིག་སྒྲུང་གཏམ་ནང་འདྲེན་ཡོད། དེ་ལས་མགོ་ཁྲིད་མཐོང་ན་འཛུམ་དམུལ་དམུལ་གྱིས་ལྡག་ལ་ཁད་བྱེད་ཅིང་། རང་རང་གི་ཐོབ་ཐང་དང་མདུན་ལམ་གྱི་ཆེད་དུ་རྩིས་ཐང་དང་རང་བཀུར་གྱི་འདུ་ཤེས་ཡོད་ཚད་ལུད་པའི་སྐྱེས་བུ་ཐ་ཤལ་སྐོར་ཞིག་དྲན་དུ་བཅུག ཁོ་ཚོའི་བྱ་སྤྱོད་ལས་མི་གཤིས་ཀྱི་ཕྱེད་ཀ་ཁྱི་གཤིས་ཡིན་ལ། ཁྱི་གཤིས་ཀྱི་ཕྱེད་ཀ་མི་གཤིས་ཡིན་པའང་གཞི་ནས་ཤེས་ཐུབ། རྩོམ་འདིའི་བརྗོད་གཞི་ཕལ་བ་དེ་ཐུན་མོང་ཐུན་མིན་ཅན་དུ་གྱུར་ཏེ། ཁྱི་ནི་མི་དང་ཆེས་ཐག་ཉེ་ཞིང་འདྲིས་ཆེ་བའི་སྲོག་ཆགས་ཤིག་ཡིན་ལ་རྩོམ་པ་པོ་རང་ལ་ཆ་རྒྱུས་ཡོད་པའི་སྲོག་ཆགས་དེ་བརྩམས་ཆོས་ཁྲོད་ཀྱི་མཚོན་བྱེད་ཀྱི་བརྡ་རྟགས་ཙམ་རེད། མི་གཤིས་ཀྱི་ཟབ་ས་ནས་བརྗོད་དོན་གཏན་ལ་ཕབ་ཡོད། དེ་བས་ཁ་དཔེ་རུ། མིའི་ཁོག་མིས་མི་ལོན་རྡོ་ཁོག་ཆུས་མི་ལོན། སྟག་གི་ཁྲ་ཁྲ་ཕྱི་དང་མིའི་ཁྲ་ཁྲ་ནང་ཡིན་ཟེར་བ་སོགས་ཀྱང་སྒྲུང་ཐུང་འདིས་བདེན་དཔང་རྨ་མེད་པ་བྱས་ཡོད།
   ༢ འབྲོག་ཁྱི།
   བརྩམས་སྒྲུང་བ་རྣལ་མ་ཞིག་ལ་མཚོན་ན། བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་ནི་ཁྱད་གཤིས་ཅན་ཞིག་ཡིན་དགོས་པས་ནམ་ཡང་མི་སྣའི་གཤིས་ཀར་བརྟེན་ནས་བྱུང་རིམ་གཏན་འབེབས་བྱེད་དགོས། རྩོམ་པ་པོས་འབྲོག་ཁྱིའི་སྐོར་ལ་ཞིབ་འབྲི་ཅུང་ཉུང་ལ་དེ་སྒྲུང་ཐུང་འདིའི་ནང་དུ་ཕྱོགས་སྡོམ་ཐེངས་གསུམ་མངོན་ཡོད་དེ། ཁོ་ནི་དང་ཐོག་བྱུང་རིམ་དུ་མངོན་དུས་ཁོར་ཡུག་འདི་ནས་རང་ཉིད་དང་འཚམ་པའི་ས་ཞིག་མ་རྙེད་པར་མིག་མདུན་གྱི་འཚོ་བའི་ཁ་གཏད་ན་ལངས་ཡོད་པ་ཞིག་དང་། གུས་ལུགས་མི་ཤེས་པས་རྫོང་དཔོན་གྱི་མནར་གཅོད་མྱོང་བཞིན་ཡོད་པའི་འབྲོག་ཁྱི་དེ་ཡིན། ཡང་ཐེངས་གཉིས་པར་མངོན་དུས། ཧཱ་པ་ལྟ་བུའི་རིགས་མཐོང་དུས་སྔོན་གྱི་རྒྱུགས་པ་བཟེད་པའི་བསླབ་བྱ་དེ་བརྗེད་ནས་སྔར་བཞིན་རང་གི་སེམས་ཀྱི་ཆགས་སྡང་དག་བསྐུང་བར་མི་བྱ་བར་ཞེ་གཏིང་ནས་མི་དགའ་བའི་ཉམས་མངོན་ལ། ཧཱ་པའི་སྟེང་ལ་ཟུག་འཐེན་བྱས། ཐེངས་གསུམ་པ་མངོན་དུས་ཁོ་སྔར་བཞིན་དུ་རྫོང་དཔོན་གྱི་རྐང་བའི་ཕག་ཏུ་གཞལ་བའི་ཧཱ་པའི་ཕྱོགས་སུ་འཐེན་ལ། ཁོས་རང་ཉིད་ཀྱི་རིན་ཐང་ལྟ་ཚུལ་དེ་མཐའ་གཅིག་ཏུ་བསྲུངས་པ་ལས་ཧཱ་པ་ལ་རྫོང་དཔོན་གྱི་རྒྱབ་བརྟེན་ཡོད་པར་ཁ་ཡ་བྱས་མེད། དེར་བརྟེན་འབྲོག་ཁྱི་ཆེས་མཇུག་མཐའ་བྱུང་རིམ་དུ་མངོན་པ་དེ་ཤ་བརྔོས་ན་སྡེར་མ་དོ་རུ་གྱུར་ཡོད་པ་དེའོ། བྱུང་རིམ་དེ་དག་ལས་འབྲོག་ཁྱིའི་གཤིས་ཀ་གསལ་པོ་མངོན་ཏེ། འབྲོག་ཁྱི་ནི་ཁེ་ཕན་ལ་མགོ་མི་སྒུར་བ་དང་། བདག་པོ་གང་དགའ་གང་དགྱེས་མི་ཤེས་པའི་སྐྱོ་གར་རང་བཞིན་གྱི་མི་སྣ་ཞིག་ཡིན་པ་ཤེས་ཐུབ། ཀློག་པ་པོས་འབྲོག་ཁྱི་དང་ཧཱ་པ་སོགས་མི་སྣ་གཞན་པའི་གཤིས་ཀ་དང་བསྡུར་ནས་མི་གཤིས་ཀྱི་མཛེས་པའི་ཆ་དང་བཙོག་བའི་གནས་དུ་མ་འགྲེམས་སྟོན་བྱས་སྟེ། མི་གཤིས་མཛེས་པའི་ཆ་དེར་ཡིད་སྨོན་དང་། མིའི་གཉུག་གཤིས་སུ་གནས་པའི་འདོད་སྲེད་དང་། གདུག་རྩུབ། བདག་འཛིན་སོགས་ཀྱི་མི་གཤིས་བཙོག་པོར་ཞིབ་བྲིས་བྱས་པར་བརྒྱུད་མིའི་རྒྱུ་འབྲས་བློ་མིག་སླར་གསོ་དང་ཀུན་སྤྱོད་བདེ་ཐང་། མི་གཤིས་བཅིངས་འགྲོལ་བྱེད་པ། བདེ་ཐང་གི་མི་གཤིས་དང་། མཛེས་སྡུག་གི་མི་གཤིས་གསོ་སྐྱོང་བྱ་བའི་ཕྱོགས་སུ་འཕེལ་བར་བསྐུལ་ཡོད།
   འབྲོག་ཁྱིའི་ཁེ་ཕན་ལ་མགོ་མི་སྒུར་བ་ཞི་བདེ་དོན་གཉེར་དང་ཞི་དུལ་བག་ཡོད། བརྣབ་སེམས་དང་ཧམ་སེམས་ཆུང་བ་ནི་འཇིག་རྟེན་འདིར་འཚོ་ཞིང་གནས་པའི་མི་ཞིག་ལ་ཚང་དགོས་པའི་སྤྱིར་བཏང་གི་ཀུན་སྤྱོད་ཚད་གཞི་ཡིན་པར་འདོད་ཅིང་། དེ་ནི་ཆོས་དབོན་གཉིས་ཀྱི་ཀུན་སྤྱོད་ཚད་གཞི་དང་བསམ་བློ་མ་ལག་གིས་བསྐྱེད་པའི་མི་གཤིས་ཏེ། འདིའི་རིགས་ཀྱིས་སྟོན་པའི་གསུང་ཁོ་ན་ཚད་མར་འཛིན་ཞིང་ཐམས་ཅད་ལས་ལ་བཅོལ་བ་ལས་གནས་ལུགས་ལ་དཔྱོད་པར་སྒྱིད་ལུག་ཡིན་པ། གཞན་གྱི་བཀའ་ལ་ཉན་པའི་འདུ་ཤེས་དྲག་པས་རང་གཤིས་ངོ་མ་རྩད་ནས་བོར་བ། ཀུན་སྤྱོད་ཁོ་ན་གཙིགས་སུ་འཛིན་ཞིང་རང་དབང་རང་ཚུགས་དམན་པར་འཛིན་པ། མཆོག་གསུམ་བླ་ན་བཀུར་ཞིང་འཇིག་རྟེན་གྱི་སྐྱེ་བོ་རྣམས་དམན་པར་འཛིན་པ། ཕྱི་མ་དོན་དུ་གཉེར་ཞིང་ཚེ་འདི་ཡལ་བར་འདོར་བ། བཟོད་པ་མི་གཤིས་ཀྱི་མཆོག་ཏུ་ལྟ་བས་འགྲན་རྩོད་ཀྱི་འདུ་ཤེས་ཞན་དྲགས་པ་སོགས་ཀྱི་ཁྱད་རྟགས་མངོན་ཆེ། རེད་དེ་དེང་གི་སྤྱི་ཚོགས་འདིའི་ནང་དུ་ནམ་རྒྱུན་འཚོ་བའི་ཁྲོད་མཐོང་ཐོས་དང་ཁེ་གྲགས་གང་ཡང་མི་སེམས་པས་དྲང་ལྡོག་བཟང་ངན་དགེ་སྐྱོན་རྣམས་ལ་དཔྱད་མི་ཚུགས་ཤིང་། བློ་བདེ་བག་ཕེབས་ཀྱིས་ཉིན་མཚན་ཁོར་མོ་ཡུག་ཏུ་འདའ་བའི་མི་གཤིས་ནི་ནམ་ཡང་སྐྱོ་གར་གྱི་དྲ་རུ་ཚུད་ཡོད་པར་མཐོང་། ཁྲོམ་ར་དཔལ་འབྱོར་གཙོ་བོ་བྱས་པའི་སྤྱི་ཚོགས་འཕེལ་རིམ་ཁྲོད་ནང་སེམས་ཀྱི་བདག་ཉིད་གདུལ་བ་ལས་ཕྱི་དངོས་པོའི་ལོངས་སྤྱོད་དེ་མི་ཕན་ཚུན་བར་གྱི་འབྲེལ་བའི་རྨང་གཞིར་བྱེད་ཅིང་། མི་གཤིས་ཀྱི་མཐར་ཐུག་གི་རེ་བ་དེ་བདག་སེམས་ཀྱི་ཁེ་དང་རྒྱལ་ཁ་ལ་སྟེར་ཡོད། དེས་ན་འབྲོག་ཁྱི་ལྟ་བུའི་མི་གཤིས་གཞུང་དྲང་མོ་དེ་སྤྱི་ཚོགས་སྒྲིག་གཞིའི་ནང་དུ་ཞུགས་དུས་གྱོང་དང་ཕམ་ཁ་རང་གིས་འཁུར་རྒྱུ་ནི་ལྟ་ཅི་སྨོས།
   ༣ བདག་པོ་ཚོ།(ང་དང་རྫོང་དཔོན། བདག་པོ་སྔོན་མ།)
   ང་ནི་ཁྱིམ་ཚང་དང་བྱིས་པ་ཡོད་ལ། ལས་ཀ་ཐོག་ནས་ཅུས་ཀྲང་ཞིག་གི་གོ་ས་ཡོད་པའི་མི་ཞིག་ཡིན། རྫོང་དཔོན་ཡང་ངའི་མཐོང་སྣེ་ནས་བྲིས་ཡོད་པའི་ཁོག་རྒྱ་ཆུང་བ་དང་ཁྲོ་སླ་བ། མི་གཞན་གྱི་མདུན་སར་ངོ་སོ་ལ་དོ་སྣང་ཆེན་པོ་བྱེད་པ་སོགས་ཕྱོགས་བསྡུས་ཀྱི་ཚུལ་དུ་བཀོད་ཡོད་པའི་གཤིས་ཀ་དག་ཟུར་དུ་བཞག་ན། ཁོང་ནི་རྫོང་དཔོན་ཕལ་བ་ཞིག་ཡིན། བདག་པོ་སྔོན་མ་ནི་ཕར་བལྟས་ཚོད་ཀྱིས་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ལས་བྱེད་པ་ཞིག་ཡིན་ལ། གཏམ་རྒྱུད་སྤྱི་རུ་ཐེངས་གཅིག་ལས་མ་མངོན་ནའང་། སྐད་ཆའི་ཟུར་ལ་བརྟག་ན་ཁོའང་སྔོན་ཆད་འགོ་ཁྲིད་ཅིག་ཡིན་པ་ཤེས་ཐུབ། ཁོང་ནི་མི་སྣ་གཙོ་བོ་ང་དང་དེའི་འཕྲོར་རྫོང་དཔོན་གྱི་ལས་དབང་གི་མེ་ལོང་ཡིན་པས། གཏམ་རྒྱུད་ཧྲིལ་བོའི་བྱུང་རིམ་ལ་ནུས་པ་མི་དམན་པ་ཐོན་ཡོད། མི་སྣ་ཚོགས་པ་དེ་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་འབྲོག་ཁྱི་གཏུམ་པོ་རྩལ་ཤུགས་དང་ལྡན་པ། མི་ལ་བསྟུན་པོ་མི་ཤེས་མཁན་ལ་སྙིང་སུན་ཞིང་། ཧཱ་པ་ལྟ་བུ་གུས་གུས་ཞུམ་ཞུམ་དང་། སྐུ་གཡོག་ཞབས་ཏོག་ཚད་མེད་བྱེད་པ་ལ་སྙིང་ནས་དགའ་བ་རེད།ལྷག་པར་དུ་རྫོང་དཔོན་གྱིས་ད་སྔོན་ཁུལ་དཔོན་འདི་གར་ཕེབས་དུས་འབྲོག་ཁྱིས་ཟུག་འཐེན་བྱས་ཏེ་ཁུལ་དཔོན་ལ་འཇིགས་སྣང་སྐུལ་ཡོད་པས་རྡེག་འདེད་བྱས། ངས་ཞུ་ངོ་ཕུལ་མོད་རྫོང་དཔོན་གྱིས་ཁྱོད་ཀྱིས་ཁོ་ལ་སྙིང་རྗེ་བསྒོམས་ཀྱང་ཁྱོད་ལ་སུས་སྙིང་རྗེ་བྱེད་སྲིད་ཅེས་གནས་ལུགས་བཤད། འདིང་ཞིག་བརྒྱབ་ན་དེ་ནི་བདེན་པ་མ་རེད་ཟེར་ཐབས་མི་འདུག མི་སོ་སོར་རིག་གནས་ཀྱི་རྒྱབ་རྟེན་གཅིག་དང་དད་པ་བརྟན་པོ་ཞིག་མེད་ན་དེ་འདྲ་པོའི་བསམ་བློ་འཁོར་སྟངས་ནི་སྐྱེས་སྲིད། དེའང་བསམ་བློ་དེ་ནི་ཏག་ཏག་བྱམས་དང་སྙིང་རྗེ་དབེན་པའི་མི་གཤིས་འཚར་ལོངས་བྱེད་སའི་དྲོ་མལ་བཞིན་ཏུ་གྲུབ། བདག་པོ་དེ་ཚོས་ཁྱི་གསོས་པ་དེ་ནི་རང་ཉིད་ལ་བདེ་བ་འཐོབ་རྒྱུ་ཡིན་ཏེ། སྐབས་འགའ་ཁྱི་དེ་ནི་བདག་པོ་དེ་ཚོའི་འགོ་ཁྲིད་དང་འབྲེལ་བ་བྱེད་སའི་མཐུན་རྐྱེན་ཞིག་ཏུའང་མངོན།
   མི་གཤིས་དེ་རིགས་ནི་དེང་གི་འཚོ་བ་ནང་ཁྱབ་ཆེ་ལ། དེ་ཡང་གདིང་ཞིག་རྒྱབ་ན་དེ་ནི་མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཀྱི་བར་མཚམས་ན་གནས་ཡོད་པའི་རིག་གནས་བར་དོ་ཞིག་ལས་བསྐྱེད་པའི་མི་གཤིས་ཤིག་ཡིན་སྲིད། བོད་བརྒྱུད་ནང་བསྟན་ནི་ང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་དུ་གྱུར་བའི་ཆ་ནས་བོད་པའི་སྲོལ་རྒྱུན་གྱི་མི་གཤིས་དེ་བསྐྱེད་པར་མ་ཟད། དེང་རབས་མི་གཤིས་ཀྱི་འཕོ་འགྱུར་ལའང་ཤུགས་རྐྱེན་ཅི་རིགས་ཐེབས་བཞིན་ཡོད། བོད་པའི་སྲོལ་རྒྱུན་གྱི་གཤིས་ཀ་ནི་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་གོང་ཐང་ལྟ་བུའི་རྨང་གཞིའི་སྟེང་ཡུན་རིང་གི་ཞིང་འབྲོག་ཐོན་སྐྱེད་རྣམ་པ་དང་སྤྱི་ཚོགས་སྒྲིག་གཞི། དཔལ་འབྱོར། རིག་གནས་འཁྱེར་སོས་བསྐྱེད་པ་ཞིག་སྟེ། ཐུན་མིན་དུ་གྱུར་པའི་མི་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་ནམ་རྒྱུན་གྱི་སྤྱོད་སྟངས། རང་གཤིས། གོང་ཐང་འཁྱེར་སོ་སོགས་ཀྱི་སྤྱིའི་མངོན་ཚུལ་ཙམ་མོ། དེས་མཐར་གཏུགས་ན་མི་གཞི་བདེ་ཐང་ཅན་ཞིག་དང་རྣམ་ཤེས་དག་གཙང་ཅན་ཞིག་བཟོ་བསྐྲུན་བྱ་བ་ལྷུར་བླངས་ཡོད། རེད་དེ་སྲོལ་རྒྱུན་རིག་གནས་སམ་བོད་བརྒྱུད་ནང་བསྟན་རིག་གནས་ཀྱིས་མི་ལ་ངོས་འཛིན་བྱ་དུས་བསྒྱུར་བྱའམ་གདུལ་བྱ་རུ་བལྟས་ཏེ། མི་གཤིས་ཇི་ལྟར་དུ་ཡོད་པར་དོ་སྣང་ཆེན་པོ་མི་བྱ་བར། མི་དེ་སྐྱོན་མེད་ཡོན་ཏན་ཅན་དུ་ཇི་ལྟར་བསྒྱུར་བའི་ཐབས་ཁོ་ན་རྩལ་དུ་བཏོན་ཡོད། ཐོག་མའི་མིའི་ངོས་འཛིན་དེ་དེ་འདྲའི་ནན་ཏན་ཟབ་བརླིང་བརྟན་པོ་ཞིག་མིན་པས། མི་གཤིས་མ་གཞི་ནས་ཅི་ལྟ་བ་ཞིག་ཡིན་པའི་རིག་པའི་རྣམ་གཞག་ཀྱང་དེ་འདྲའི་ཟབ་རྒྱས་ཤིག་མིན། རིག་པའི་རྣམ་གཞག་གཙོ་བོ་ཉོན་མོངས་སྤངས་པའི་དགོས་པ་དང་མ་སྤངས་པའི་ཉེས་དམིགས་སོགས་ཀྱིས་བཟུང་ནས་ཡོད། བོད་བརྒྱུད་ནང་བསྟན་ལ་མཚོན་ན། ཉོན་མོངས་ནི་མཐའ་གཅིག་ཏུ་སྤངས་བྱ་ཡིན་ལ། དེ་ཉིད་སྤོང་མི་ཐུབ་པ་ཞིག་མིན་ལ། སེམས་ཅན་ཀུན་གྱི་རྒྱུད་ལ་གཞི་བདེ་གཤེགས་སྙིང་བོས་ཁྱབ་ཡོད་པས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་རྫོགས་ཀྱི་བྱང་ཆུབ་ཆེན་པོ་ཡང་ཐོབ་མི་ཐུབ་པ་ཞིག་མིན། སྐྱེ་བོ་སུ་ཡིན་ཡང་འདོད་ཡོན་ལྔའི་ཆགས་པ་བསྐྱུངས་ཏེ་སྦྱིན་པ་སོགས་ལ་འཇུག་དགོས་པ་བཅས་མདོར་ན་སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།།
   རང་གི་སེམས་ནི་ཡོངས་སུ་འདུལ་དགོས་པ་ཡིན། འདི་ལྟའི་བསམ་བློ་འདི་རླབས་ཆེན་གྱི་བསམ་བློ་ཞིག་ཡིན་པ་སྨོས་མེད་ཡིན་ཏེ། འདི་ལྟའི་བསམ་བློ་ལག་ལེན་དུ་ཐེབས་ན་འཇིག་རྟེན་ཞི་བདེ་ཅན་དུ་འགྲོ་ལ། མི་རྣམས་རྩོད་མེད་འཆམ་མཐུན་ཅན་དུ་འགྲོ་བའང་སྨོས་མེད་ཡིན།
   འོན་ཀྱང་། བསམ་བློ་འདིས་འདོད་ཡོན་གྱི་ཆགས་པ་སྤོང་བ་དང་། ཆོག་ཤེས་བསྟེན་པ་སོགས་དེང་གི་སྤྱི་ཚོགས་ནང་འཚོ་གནས་བྱེད་བཞིན་པའི་སོ་སྐྱེ་ཕལ་བ་ཞིག་ལ་མཚོན་ན་ནུས་མི་ནུས་དང་། དེ་ཉིད་ལ་ཐོབ་ཤོར་གྱི་ཆ་ཇི་འདྲ་མཆིས་པ་བཅས་ལ་བསམ་བློ་ནན་མོ་མ་འཁོར་ཏེ། གསལ་བོར་བཤད་ན། དེ་ལྟའི་རེ་བ་དེ་ཉིད་སོ་སྐྱེ་ཉོན་མོངས་ཁ་མ་བྲི་བ་ཞིག་གི་མ་གཞིའི་མི་གཤིས་དང་བར་ཐག་ཅི་ཙམ་ཡོད་པའི་ཆ་ལ་གཟབ་ནན་གྱིས་བསམ་བློ་བཏང་མེད། ལྟོ་གོས་གཏམ་སོགས་ཁེ་ཕན་དང་འབྱོར་བས་བྱ་དངོས་ཡོངས་ལ་ཚད་གཞི་བྱེད་པའི་སྐབས་འདིར། མི་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་རྒྱུད་ལྡན་གྱི་གང་ཟག་ཅིག་ཡིན་པས། དེས་རང་གཤིས་སུ་གྲུབ་པའི་ཆགས་པ་སྤོང་དགོས་དུས་སླ་མོ་བདེ་བླག་ཅིག་མ་ཡིན་བཞིན་དུ་བོད་ཀྱི་རིག་གནས་ཀྱིས་དེ་ལྟའི་དཀའ་ཚེགས་ཀྱི་ཆ་ལ་ཡིད་འཇོག་ཆེན་པོ་མ་བྱས་པར། དགེ་སྒྲུབ་སྡིག་སྤོངས་ཀྱི་རིན་ཐང་གི་མ་ལག་ཅིག་ཀུན་ཁྱབ་ཏུ་བསྒྲིགས་པར་བྱེད། འདི་ནི་མི་དང་མི་གཤིས་ལ་ཡིད་ཆེས་མཛད་ཅིང་མི་གཤིས་ཀྱི་ངོ་བོ་དགེ་བ་ཡིན་པར་ངོས་འཛིན་པའི་རྟགས་མཚན་ཞིག་རེད། དེ་བས། བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་ཁྲོད་ཀྱི་མིག་བལྟོས་སུ་གྱུར་བའི་མི་སྣ་ཐམས་ཅད་སྐྱོན་ཀུན་ཟད་ཀྱི་དཀར་བོ་དཀར་རྐྱང་ཅན་ཁོ་ན་ཡིན་ལ། རྒྱུན་གྱི་འཚོ་བའི་ཁྲོད་དུའང་གོ་བསྐོན་སློབ་གསོ་གཙོར་བྱས་ནས། དྲག་གཅུན་གྱི་སྒྲིག་སྲོལ་ལ་དང་དོད་མི་བྱེད་པའི་གོམས་སྲོལ་ཞིག་ཆགས།
   ༤ དྲུང་ཡིག་མ་དང་ཆུང་མ།
   དྲུང་ཡིག་མ་ནི་ན་ནིང་སློབ་ཆེན་མཐར་ཕྱིན་ཏེ་འདི་གར་བགོས་ཡོང་བ་རེད། ཁོ་མོ་ནི་བུ་མོ་འཇོན་ཐང་ཅན་ཞིག་ཡིན་པ་ནི་སྒྲུང་ནང་དུ་གསལ། རེད་དེ་མཐོ་རིམ་སློབ་གསོ་ཐོབ་མྱོང་བའི་སློབ་གྲྭ་ཆེན་མོ་བ་རྣམས་སློབ་མཐར་ཕྱིན་ནས་སྤྱི་ཚོགས་ཐོག་གོམ་ཁ་བསྒྱུར་དུས། སྤྱི་ཚོགས་ནས་སྔར་ཆགས་པའི་རྙོང་འཛིང་ཆེ་བའི་སྒྲིག་གཞི་དེའི་ནང་དུ་ཚུད་མི་ཐུབ་ལ་ཚུད་ཀྱང་མི་འདོད་པ་རེད་དེ། སོ་སོའི་འཚོ་གནས་དང་ཐོབ་ཐང་གི་མདུན་དུ་དགོས་པའི་དབང་གིས་རིམ་གྱིས་ཆོས་དང་རིག་གནས་ཀྱི་རྒྱུད་ཡོད་ཚད་ཡལ་བར་དོར་ནས་མི་གཤིས་དཀྱུས་མ་མངོན་ནས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཚོགས་འདིའི་ནང་དུ་མི་ཞུགས་ཁ་མེད་བྱུང་བ་རེད། སྒྲུང་ཐུང་ནང་གི་དྲུང་ཡིག་མའང་དེ་ལས་མ་འདས། ཁོ་མོས་ཐོག་མར་ཧཱ་པ་ལ་མི་དགའ་ཞིང་། ཡང་དང་ཡང་དུ་ང་ལ་གཏུབ་བཤེར་གྱིས་ཧཱ་པ་ཁྲིམས་མེད་ལུགས་མེད་ཡིན་ཚུལ་དང་། མོ་ལ་མི་བཀུར་པའི་དོན་མང་པོ་བསྒྲུབས་ཚུལ་སོགས་བཤད་ཡོད་ལ། ད་དུང་དེ་རིང་ནས་ངས་ཧཱ་པ་ལ་ཁ་ཡ་བྱེད་རྒྱུ་མིན་སོགས་ང་ལ་བཤད་པས། མི་གཤིས་དང་ཁྱི་གཤིས་ལ་ཁྱད་པར་ཆེན་པོ་ཡོད་པ་ཤེས་སོང་བ་ལྟར་རྣམ་པ་ཀུན་ཏུ་ང་ཡི་ཕྱོགས་སུ་ལངས་ཡོད་པའི་མི་སྣ་ཞིག་རེད། འོན་ཀྱང་ཧཱ་པ་རྫོང་དཔོན་གྱིས་གསོས་བའི་རྗེས་སུ། མོ་ལ་ཏུའུ་གྲངས་བརྒྱ་དང་བརྒྱད་ཅུའི་འགྱུར་བ་ཆེན་མོ་བྱུང་ཞིང་། ཐ་ན་ཧཱ་པ་ཡི་ཁྱི་དང་མི་གཉེན་སྒྲིག་པའི་རེ་བའང་དང་དུ་བླངས་ཟིན། དེ་ནི་དེང་སང་གི་བུ་མོ་ཚོས་རང་གི་ལྟོ་གོས་གཏམ་སོགས་ཀྱི་ཆེད་དུ་ཕོ་མོ་བར་གྱི་དྭངས་གཙང་གི་བརྩེ་དུང་ལ་དོ་སྣང་མི་བྱས་པ་མ་ཟད། ཐ་ན་རང་ཉིད་ཀྱི་ཆེས་གལ་ཆེ་བའི་མི་ཚེའི་བདེ་སྐྱིད་ཀྱང་བློས་བཏང་ཐུབ་པ་དང་གཅིག་འདྲ་རེད། གཞན་ཆུང་མ་དེ་ནི་ཐོག་མཐའ་བར་གསུམ་དུ་ཤུགས་སུ་སྦས་ཡོད་པའི་མི་སྣ་ཞིག་ཡིན་པའི་ཆ་ནས་ཁྱིམ་བདག་མ་དཀྱུས་མ་ཞིག་ཏུ་སྣང་ཡང་། བྱུང་རིམ་གྱི་མཇུག་ལ་སླེབས་དུས། ཧཱ་པ་ནང་ལ་མི་འོང་བ་ཅི་ཞིག་གིས་ལན་པ་ཡིན་ཚུལ་ང་ལ་དྲིས་པ་དང་། ཉི་མ་རེ་རེར་ཁོ་ཨེ་ཡོང་ལ་རེ་སྒུག་བྱས་ཡོད་ཚུལ་སོགས་ལས་ཁོ་མོ་ཡང་དྲུང་ཡིག་མ་དང་གོང་གི་བདག་པོ་ཚོ་དང་འདྲ་བར། གུས་ཞུམ་དང་བསྟུན་མཁས་ཀྱིས་བསླུ་བྲིད་ལ་མ་བཟོད་པར། ཧཱ་པ་ལ་སྙིང་ཉེ་བ་ནི་ཐེ་ཚོམ་མེད། ཁོ་མོ་ཚོ་ནི་རང་ཉིད་ཀྱི་དཀའ་ངལ་ལ་བརྟེན་ནས་འཚོ་བ་བྱེད་མི་འདོད་པ། སུ་ལ་ཁེ་ཕན་ཐོབ་ཡོད་ན་དེའི་ཕྱོགས་སུ་འབྲང་ཞིང་ཐ་ན་རང་གི་བདེ་སྡུག་ཀྱང་དེར་བཅོལ་པ་རེད། གཞན་བརྟེན་གྱིས་བསམ་བློ་ནི་མཐར་ཐུག་ནས་བཤད་ན་སྒྱིད་ལུག་གི་བསལ་བློ་ཞིག་སྟེ། དྲག་རྒྱལ་ཞན་ཕབ་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ། མི་གཤིས་དེ་འདྲ་ནི་མི་སྒེར་དང་མི་རིགས། ཐ་ན་རྒྱལ་ཁབ་ཅིག་ལ་མཚོན་ན་རྩ་བའི་བཀག་རྡོ་ལྟ་བུ་ཆགས་ཡོད་དོ།།
   གསུམ་པ། བརྩམས་སྒྲུང་གི་བསམ་བློ་དང་རིན་ཐང་། ---མི་གཤིས།
   མི་གཤིས་ནི་བརྩམས་སྒྲུང་གི་ཆེས་མཇུག་མཐའི་ཟབ་ཚད་ཡིན་ཞེས་གསུངས་བ་བཞིན། མིའི་ངེས་རྟོགས་ཀྱི་ཚད་ཇི་ཙམ་མཐོ་བ་དེ་ཙམ་གྱིས་རྩོམ་ཆོས་ལ་བསམ་བློའི་ཟབ་ཚད་ཡོད་པར་ངེས། དེའང་མཛེས་དཔྱོད་ལ་དགའ་བ་ནི་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་རང་བཞིན་ཞིག་ཡིན་ལ། མིའི་རིགས་ཀྱིས་མི་རང་ལ་རྟོགས་འདོད་ཀྱི་སེམས་ནི་མི་གཤིས་ཀྱི་མཛེས་རྟོག་གི་རྩ་བའི་རང་བཞིན་ཞིག་ཡིན། མིའི་རིགས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་མི་རང་གིས་རང་ལོངས་སུ་སྤྱོད་ཅིང་རྟོགས་པ་དང་འཚོལ་ཞིབ་རྟོག་དཔྱོད་བྱས་ནས་མི་ཚེའི་སྐྱོན་ཡོན་ལ་ཁས་ལེན་གདེང་འཇོག་དང་དགག་སྒྲུབ་མཚང་འབྱིན་གྱི་དམིགས་པ་འགྲུབ་པར་བྱེད་དགོས། དེའང་དོ་སྣང་བྱེད་དགོས་པ་ཞིག་ལ། མི་སྣའི་གཤིས་རྒྱུད་དེ་སྒྱུ་རྩལ་གྱི་བདེན་དངོས་དང་མཐུན་པར་དོ་སྣང་བྱེད་དགོས་པ་ལས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་འགལ་མི་རུང་བ་དང་། རྩོམ་པ་པོའི་རང་སྣང་གི་ཆགས་པ་དང་སྡང་བའི་རྣམ་འགྱུར་དྲང་བདེན་དུ་ངེས་དགོས།
   སྒྲུང་ཐུང་འདིའི་ཕུལ་དུ་བྱུང་བའི་ཆ་གཙོ་བོ་ནི་ཁྱི་གཤིས་དང་མི་གཤིས་གཉིས་ཀ་ཅན་གྱི་ཧཱ་པའི་བྱ་སྤྱོད་དང་གཤིས་ཀ་ཞིབ་བྲིས་བྱས་ཡོད་པར་མ་ཟད། དེ་དང་འབྲེལ་བའི་མི་སྣ་གཞན་འབྲོག་ཁྱི་དང་བདག་པོ་སོགས་དང་ཧཱ་པའི་བར་གྱི་འགལ་འབྲེལ་སྐོར་གང་ལེགས་ཞིབ་བྲིས་བྱས་ཏེ། རྩོམ་པོས་རང་གི་བརྗོད་དོན་དང་མཚོན་བྱ་གསལ་པོ་མི་གཤིས་དེ་མངོན་བའི་ཆེད་དུ་ཧཱ་པ་གཙོར་བྱེད་པའི་བྱུང་རིམ་ཆེན་པོ་དེ་དང་དེར་ཞབས་འདེགས་སུ་བྱུང་རིམ་ཕྲ་མོ་གང་མང་བཀོད་སྒྲིག་བྱས་ཡོད། དེ་ལས་གཞན་སྒྲུང་ཐུང་འདིར་རང་སྟེང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་མཆིས་ཏེ། ཧཱ་པའི་གཤིས་ཀ་དེས་གཏམ་རྒྱུད་ཀྱི་བྱུང་རིམ་གྱི་གཞིར་བཞག་བྱས་ཏེ་དེ་ལས་མི་གཤིས་མི་འདྲ་བ་སོ་སོ་ནང་དུ་དྲངས་ནས་མི་གཤིས་ཕན་ཚུན་མངོན་བའི་མེ་ལོང་ལྟར་དུ་བཀོད་ཡོད། དེ་ཐོག་མཐའ་བར་གསུམ་དུ་མི་སྣ་སོ་སོའི་མི་གཤིས་རྩལ་དུ་བཏོན་པར་ཤུགས་བསྣན་ཏེ། མི་གཤིས་དེ་ཉིད་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དབང་དུ་ཆེར་མ་ཚུད་པའི་མི་གཤིས་ཤིག་གམ་དེང་གི་སྤྱི་ཚོགས་ནང་ཁྱབ་ཆེ་བའི་མི་གཤིས་ཤིག་ཡིན་ཏེ། དེས་སྤྱི་ཚོགས་དང་མི་ཕན་ཚུན་བར་གྱི་འབྲེལ་བའི་གཙོ་བོར་བྱེད་པས་རིགས་ཀྱི་འདུ་ཤེས་དང་སྤྱི་ཕན་གྱི་ལྟ་བ་ཞན་དྲགས་པའི་ཆ་ནས་ཉེ་རིང་ཆགས་སྡང་དང་ཕྱོགས་ཞེན་འཐེན་འཁྱེར་གྱི་ལས་སྟངས་ལ་ཡ་མི་ང་ཞིང་། རང་དོན་དང་གཞན་དོན། རང་ཚིས་དང་སྤྱི་ཚིས། རང་ཕྱོགས་དང་གཞན་ཕྱོགས་ཀྱི་རྣམ་དབྱེ་དེ་བས་གསལ་པོར་འབྱེད། འདི་ལྟ་བུའི་སྣང་ཚུལ་དང་འབྲེལ་བ་ལས་བྱུང་བའི་འབྲས་བུ་ནི། ཇི་སྐད་དུ་རྗེ་མི་ལས། མི་ནི་མ་བཅོས་སྔོན་གྱི་མི། ། གཏམ་ནི་མ་བཅོས་དྲང་བོར་སྨྲ། ། སྤྱོད་པ་མ་བཅོས་ལྷོད་ལྷོད་པོ། ། ཞེས་གསུངས་པ་ནང་བཞིན་ནོ། སྔོན་གྱི་བོད་པ་ཚོའི་མི་གཤིས་དང་སྤྱོད་སྟངས་བཟང་བོ་དག་བསྐྱུར་ནས་ཁ་སང་དེ་རིང་ང་ཚོའི་སྤྱི་ཚོགས་སྟེང་རྒྱུག་ཆེ་བའི་གཤིས་ཀ་སྟེ་ཕྱི་ལེགས་ནང་སྐྱོན། ཕྱི་འཇམ་ནང་རྩུབ། ཁ་དཀར་གཏིང་ནག མགོ་བདེ་དྲན་འཕྲུལ། ངོ་ལྐོག་གཡོ་ལྷད། ཚུལ་འཆོས་ཟོག་རྫུ། མི་སྔོན་གྱི་ཇོ་བཟང་སོགས་ཀྱི་བསམ་ཚུལ་དང་ལས་སྟངས་ཀྱི་ལྷད་ཞུགས་ཚར་བ་དེ་ཡིན་པས། མིའི་གཉུག་གཤིས་སུ་གནས་ཡོད་པའི་འདོད་ཧམ་དང་གདུག་རྩུབ་ཀྱི་རྐྱེན་པས་གཅིག་གི་གཡོ་སྒྱུ་གཅིག་ལས་ཆེ་ཞིང་། ཐ་ན་མིའི་ཆེས་མཐར་ཐུག་གི་ཀུན་སྤྱོད་ཀྱི་ཚད་ཐིག་ཀྱང་ཡལ་བ་དོར་ཐུབ་ལ། རང་ཉིད་ལ་དགོས་གལ་བྱུང་ཚེ་ཡོད་ཚད་ཀྱི་ཡོད་ཚད་རྨེག་མེད་དུ་གཏོང་ཐུབ། ངའོ་སྙམ་པའིི་བློས་ཁ་ལོ་བསྒྱུར་ཁར་ལྷག་བསམ་དང་གཞན་ཕན་གྱི་སེམས་བསྐྱེད་ནི་དེ་འདྲའི་ཉམས་དམའ་བ་ཞིག་རེད། མི་གཤིས་ཀྱི་རིགས་འདི་ང་ཚོར་མཚོན་ན་ལྷག་ཏུ་སྐྱི་གཡའ་དགོས་པའི་གནས་ཏེ་དེ་ཚོ་མི་རིགས་ཞིག་གི་མ་འོངས་འབྱུང་འགྱུར་གྱི་འཕེལ་བདེ་དང་ནང་ཁུལ་གཅིག་གྱུར་ཡོང་བར་མར་འཐེན་གྱི་གཏིང་རྡོ་ལྟ་བུར་ཆགས་ཡོད།
   མཇུག་སྡུད་ཀྱི་གཏམ།
   རྩོམ་རིག་དང་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་གཞན་དག་ཚང་མས་དངོས་ཡོད་ཀྱི་སྤྱི་ཚོགས་གནས་ཚུལ་མཚོན་པ་གཅིག་མཐུན་ཡིན་ལ། འོན་ཏེ་རྩོམ་པ་པོས་འཚོ་བ་ལ་ལྟ་རྟོག་དང་ཉམས་ལེན་གྱི་སྒོ་ནས་གསར་རྩོམ་ལ་འཇུག་པའི་དམིགས་བྱ་མི་ལ་འབབ་པ་དང་། ཚེ་སྲོག་གི་དཔལ་དང་རང་གཤིས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱེད་རྒྱུ་ནི་རྩོམ་པ་པོའི་གསར་རྩོམ་གྱི་འོས་འགན་དངོས་ཡིན། རྩོམ་རིག་གིས་དུས་དང་རྣམ་པ་ཀུན་ཏུ་མི་ལ་རྟོག་དཔྱོད་ཞིབ་འཇུག་བྱས་ཏེ་མཛེས་རྟོག་རིག་པའི་ཐབས་ལམ་ལ་བརྟེན་ནས་ནང་སེམས་ཀྱི་འགྱུར་བ་དང་ལུས་ལང་ཚོའི་ཚེ་སྲོག་གི་དཔལ་འཛིན་པའི་མི་སྣ་རིས་འབྲི་བྱེད་པ་འབྲི་བྱའི་སྙིང་བོར་བཟུང་ནས་བརྩོན་ཞིང་། མི་རྣམས་ཀྱིས་དེ་དག་རྒྱུ་མཚན་དུ་བཟུང་ནས་རྩོམ་རིག་ལ་མིའི་རིག་པའམ་མི་གཤིས་རིག་པ་ཞེས་ཆེ་བ་བརྗོད། མདོར་ན“སྒྲུང་གཏམ་གྱིས་དོ་ཁུར་བྱ་ཡུལ་གཙོ་བོ་ནི་མིའི་མཐར་ཐུག་གི་བདེ་སྡུག་ལ་གདུང་སེམས་འཆང་བ་དང་མི་གཤིས་བཅིངས་འགྲོལ་བྱེད་པར་སྐུལ་བ། ལེགས་ཉེས་ཀྱི་རྣམ་དབྱེ་འབྱེད་པ། སྐྱུག་བྲོ་བའི་བྱ་དངོས་ལ་སུན་འབྱིན་པ། ཀུན་སྤྱོད་ཕྱོགས་ནས་བདེ་ཐང་ཅན་དུ་བསྙེག་པ་སོགས་ཡིན”ཞེས་པ་ལྟར། བརྩམས་སྒྲུང་དེའི་ནང་དུའང་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་མི་དང་ཁྱིའི་བར་གྱི་ཆ་འདྲ་བའི་གནས་དུ་མ་འགྲེམས་སྟོན་བྱས་སྟེ། མི་གཤིས་མཛེས་པའི་ཆ་དེར་ཡིད་སྨོན་དང་། མིའི་གཉུག་གཤིས་སུ་གནས་པའི་འདོད་སྲེད་དང་། གདུག་རྩུབ། བདག་འཛིན་སོགས་ཀྱི་མི་གཤིས་བཙོག་པོ་ཞིབ་བྲིས་བྱས་པར་བརྒྱུད་མིའི་རྒྱུ་འབྲས་བློ་མིག་སླར་གསོ་དང་ཀུན་སྤྱོད་བདེ་ཐང་། མི་གཤིས་བཅིངས་འགྲོལ་བྱེད་པ། བདེ་ཐང་གི་མི་གཤིས་དང་། མཛེས་སྡུག་གི་མི་གཤིས་གསོ་སྐྱོང་བྱ་བའི་ཕྱོགས་སུ་འཕེལ་བར་སྐུལ་ཡོད།།
བསྒྱུར་རྩོམ་དང་རྩོམ་རིག་དཔྱད་བརྗོད་བསྐུར་སའི་ཡིག་སྒྲོམ། 2799729719@qq.com


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1