འགོ་ཚུགས་མཛད་སྒོའི་ཐོག་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་ཕུལ་བ་རེད། ཁོང་གིས་དཀར་མཛེས་ཁུལ་ནི་མི་རིགས་མཉམ་འདྲེས་ཀྱི་བརྒྱུད་ལམ་ཡིན་ཞིང་མཛའ་གཞས་རིག་གནས་དང་ཨཀྱ་ཁ་པའི་རིག་གནས། ཆོས་ལུགས་རིག་གནས། གསར་བརྗེའི་རིག་གནས། ཇ་འདྲེན་བདལ་ལམ་རིག་གནས་སོགས་རིག་གནས་སྣ་མང་མཉམ་འདྲེས་བྱུང་བ་ལས《དར་མདོའི་མཛའ་གཞས》དང《གླིང་གེ་སར་རྒྱལ་པོའི་སྒྲུང》དེ་མིན་གངས་ལྗོངས་རིག་གནས་གཏེར་མཛོད་དེ་སྡེ་དགེའི་པར་ཁང་སོགས་ཉམས་མེད་ཀྱི་རིག་གནས་ཤུལ་རྫས་བསྐྲུན་ཡོད་པ་དང་། འོད་སྟོང་འཕྲོས་པའི་ཁམས་པའི་རིག་གནས་བསྐྲུན་ཡོད། དེ་དང་ཆབས་ཅིག་ཁམས་པའི་མི་དམངས་ཀྱི་ལས་ལ་བརྩོན་ཞིང་ཤེས་རབ་མངའ་བ་དང་། སྙིང་སྟོབས་ཆེ་ཞིང་ཁོག་རྒྱ་ཡངས་པ། ཆགས་སྡང་གསལ་བ་བཅས་ཀྱི་གཤིས་རྒྱུད་ཡོངས་སུ་གྲུབ་ཅིང་དུས་དང་རྣམ་པ་ཀུན་ཏུ་བརྩི་བཀུར་དང་ཁོག་ཡངས། སྒོ་འབྱེད། གསར་སྐྲུན་གྱི་མི་རིགས་སྙིང་སྟོབས་མངོན་དང་མངོན་བཞིན་ཡོད་ཅེས་གསུངས་པ་རེད།
ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ནི་སྣོད་བཅུད་ཐོན་ཁུངས་ཀྱི་གཏེར་མཛོད་ལྟ་བུ་ཡིན་ཞིང་། འཛམ་གླིང་ཐོག་རང་བྱུང་གི་སྐྱེ་ཁམས་ཆ་ཚང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། རྩྭ་ར་དང་ནགས་ཚལ་གྱིས་ཁེབས་ཚད་བརྒྱ་ཆ97ལ་ཟིན་པ་དང་། ཀྲུང་ཧྭའི་ཆུ་གསོག་མཛོད་ཁུངས་དང་རྒྱལ་ཁབ་ཀྱི་གཙོ་ནུས་ཐོན་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ད་དུང་དཀར་མཛེས་ནི་རི་ཀླུང་ཡུལ་སྐོར་གྱི་ཞིང་ཁམས་ཡིན་ཞིང་། མཚོ་བོད་མཐོ་སྒང་ནས་སི་ཁྲོན་གཤོང་སའི་བར་བརྒལ་ཁུལ་གྱི་རང་བྱུང་གི་མཛེས་སྡུག་གཅིག་ཏུ་བསྡུས་པ་དང་། ཤམ་བྷ་ལའི་རྩེ་མོར་འགྱིང་པའི་གངས་དཀར་རི་བོའི་བརྗིད་ཉམས། ཤམ་བྷ་ལའི་བླ་སྲོག་ལྟ་བུའི་འདབ་པ་ཉི་སྟེན་གྱི་ངོ་མཚར་གྱི་མཛེས་སྡུག འཛམ་གླིང་གི་ས་བབ་ཆེས་དམའ་ཤོས་ཀྱི་འཁྱགས་ཀླུང་གླིང་ག་དུང་དཀར་ལུང་པའི་བརྗིད་ཉམས་དང་ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གྲོང་གསེབ་བརྒྱ་རྒྱུད་བོད་གྲོང་གི་གནའ་ཉམས་སོགས་རང་བྱུང་ཡུལ་ལྗོངས་ཀྱི་མཛེས་སྡུག་གཅིག་ཏུ་སྤུངས་པས་ས་ཡི་གོ་ལའི་སྟེང་གི་ཆེས་མཐའ་མའི་གནས་མཆོག་ཅེས་འབོད་བཞིན་ཡོད་ཅེས་གསུངས།
ཞའོ་ཡིའུ་ཚའེ་ཡིས་སྔར་ལྷག་གིས་དཀར་མཛེས་རི་ཀླུང་ཡུལ་སྐོར་གྱི་ཟོང་རྟགས་དང་འདབ་པའི་ཉི་སྟེན་རྒྱལ་སྤྱིའི་རི་ཀླུང་ཡུལ་སྐོར་བྱེད་ཡུལ་དུ་འཛུགས་སྐྲུན་བྱེད་པ་དང་། དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་རྒྱུན་སྲིང་འཕེལ་རྒྱས་གཏོང་ཆེད་ལས་སྨོན་བཟང་པོས་བསྐུལ་བའི་འོག་ཏུ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དངGSTCསྟེ་འཛམ་གླིང་རྒྱུན་སྲིང་ཅན་གྱི་ཡུལ་སྐོར་ཨུ་ཡོན་ལྷན་ཚོགས་དངPATAཏེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ཡུལ་སྐོར་མཐུན་ཚོགས་དང《འཐབ་ཇུས་མཉམ་ལས་གྲོས་མོལ》གཞག་རྒྱུ་ཡིན་ཞིང་། འཛམ་གླིང་དུ་དྲིལ་བསྒྲགས་ཁྱབ་སྤེལ་དང་ཡུལ་སྐོར་ལས་གཞི་གསར་སྤེལ། ཡུལ་སྐོར་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཁྱབ་ཁོངས་དུ་མར་མཉམ་ལས་སྤེལ་རེས་བྱ་ཆོག་པ་རེད་ཅེས་གསུངས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་འཛམ་གླིང་རྒྱུན་སྲིང་ཅན་གྱི་ཡུལ་སྐོར་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ལུའུ་དབྱི་ཅེ·ཁ་པི་ལི་ཉི། དེ་སྔོན་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ཡུལ་སྐོར་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་ཞབས་ཨན་ཏེ་ལུའུ·ཆུང་སི་རྣམ་གཉིས་དང《འཐབ་ཇུས་མཉམ་ལས་གྲོས་མོལ》བཞག་པ་རེད།འགོ་ཚུགས་མཛད་སྒོའི་ཐོག་འཛམ་གླིང་རྒྱུན་སྲིང་ཅན་གྱི་ཡུལ་སྐོར་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཉམ་འབྲེལ་རྒྱལ་ཁབ་ཡུལ་སྐོར་རྩ་འཛུགས་ཀྱི་བློ་འདྲི་བ་སྐུ་ཞབས་ལུའུ་དབྱི་ཅེ·ཁ་པི་ལི་ཉི་ཡིས་ཤིས་ཚིག་ཕུལ་བ་དང་དཀར་མཛེས་ཁུལ་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་བཏོན་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག《འདི་ནི་ངའི་འཇིག་རྟེན་ཡིན》ཞེས་པའི2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན་གྱི་རྣམ་པ་དྲིལ་བསྒྲགས་གློག་བརྙན་བཏང་བ་རེད།
དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།