སྐལ་བཟང་རྡོ་རྗེ་ལགས་ནི་ཁམས་རྫ་ཆུ་ཁར་སྐུ་འཁྲུངས་ཤིང་། ཆུང་དུས་ནས་བཟུང་བོད་ཡིག་གི་རྨང་གཞི་དང་ཚེམ་དྲུབ་ཀྱི་བཟོ་རྩལ། རི་མོ་དང་བྲིས་སོགས་ལ་སྦྱངས་པ་བྱས། ལོ་བཅུ་བཞིའི་སྟེང་སི་ཁྲོན་བོད་ཡིག་སློབ་གྲྭ་ནས་སློབ་སྦྱོང་བྱས། བོད་ཀྱི་རིག་གནས་ལ་མཁས་པའི་དབང་པོ་དཔལ་སྤུངས་མཁན་པོ་དིས་ཆུང་བློ་ཆོས་དང་། མཁན་པོ་པཎ་ཚེ། ཐུབ་རིག། ཐུབ་དབང་། རྡོར་ལོོ་རིན་པོ་ཆེ་སོགས་ཀྱི་མདུན་ནས་ཡིག་གཟུགས་དང་བྲིས། མཛེས་བཟོ་སོགས་ཀྱི་གདམས་ངག་དང་དངོས་སློབ་ཐོབ་པས་ཐང་གའི་སྒྱུ་རྩལ། བརྐོས་བརྙན་དང་ཚེམ་དྲུབ་སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱེད་པར་རྨང་གཞི་བརྟན་པོ་བཏིང་།
2008ལོ་ནས་བཟུང་ལོ་ངོ་4000སྔོན་གྱི་སྟག་གཟིགས་སྤུངས་ཡིག་དང་གཟི་ཡིག་གྱི་གཟུགས་མང་དག་ལ་ཞིབ་འཇུག་གནང་། དུས་མཚུངས་སུ་གདན་ཞུའི་ཆེད་མཁས་པའི་གྲས་སུ་ཞུགས་ནས་དཀར་མཛེས་ཁུལ་རིག་གནས་ཁང་གིས་གཙོ་སྒྲིག་བྱས་པའི་བོད་ཁུལ་དུ་གྲགས་ཆེ་བའི་བོད་ཡིག་ཡིག་གཟུགས་120ལྷག་ལ་ཤན་རྒྱན་མཛེས་བཟོ་བྱས།
ལོ་ངོ་སུམ་ཅུ་ལྷག་གི་འཚོལ་ཞིབ་དང་ཞིབ་དཔྱད་ཁྲོད་སྐལ་བཟང་རྡོ་རྗེ་ལ་རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞེས་པའི་མཚན་སྙན་ཐོབ་པ་དང་།
རྒྱལ་ཡོངས་རང་བཞིན་གྱི་ཡིག་གཟུགས་སྒྱུ་རྩལ་འགྲེམ་སྟོན་ཁྲོད་བྱ་དགའ་ཐེངས་མང་པོ་ཐོབ། ལྷག་པར་དུ་ཀྲུང་གོའི་མི་རིགས་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་། ཁམས་པའི་རིག་གནས་ཞིབ་འཇུག་གིི་གདན་ཞུའི་ཆེད་མཁས་པ། སི་ཁྲོན་དཀར་མཛེས་ཁུལ་གྱི་སྒྱུ་རྩལ་ཆེད་མཁས་པ་དང་། བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དམངས་ཁྲོད་ཡིག་གཟུགས་པ་དང་ཁམས་སྡེ་དགེའི་བོད་ཀྱི་ཡིག་གཟུགས་འབྲི་བའི་རྒྱུད་འཛིན་པ་བཅས་ཀྱི་འགན་བཞེས་ཡོད།
ད་སྐབས་ཁོང་གིས་བོད་ཀྱི་བྲིས་གཟུགས་ཀྱི་འབྲི་སྟངས་དང་། མཐའ་རྒྱན་རྒྱག་སྟངས། ཐ་ན་སྣག་ཤོག་སྤྱོད་སྟངས་སོགས་ལའང་ལྷག་ཏུ་ཞིབ་འཇུག་གནང་བཞིན་བྲིས་གཟུགས་ཀྱི་རྣམ་པ་དེ་དེང་རབས་མིའི་བསམ་ཕྱོགས་དང་མཐུན་ཐབས་བྱས་ཏེ་སྣག་ཤོག་དང་མཐའ་རྒྱན་སྤྲས་སྟངས་སོགས་ཀྱང་རྒྱལ་སྤྱིའི་འགྲོས་དང་བསྟུན་ཞིང་། མཐར་ཐུག་སྒྱུ་རྩལ་ཚོང་རའི་འགྲན་རྩོད་ནང་བོད་ཀྱི་བྲིས་གཟུགས་རིན་ཐང་དང་བོད་ཀྱི་བྲིས་པའི་ཐོབ་ཐང་དེ་རྒྱ་ཡིག་གི་བྲིས་གཟུགས་ཀྱི་སྒྱུ་རྩལ་པ་ནང་བཞིན་ཡོང་ཐུབ་པའི་ལས་ལ་འབད་ནས་བོད་ཀྱི་བྲིས་གཟུགས་དེ་རྒྱལ་ཕྱི་ནང་གི་ཁང་ཁྱིམ་གྱི་དབུས་སུ་བཤམ་ཐུབ་པར་འབད་པ་བླ་ལྷག་ཏུ་བསྐྱེད་བཞིན་ཡོད་དོ། །