ཞི་ཅིན་ཕིང་གིས་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་འགོ་ཚུགས་པར་བཀྲི་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 08-21


        སྤྱི་ཟླ་8པའི་ཚེས་19ཉིན་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་ལྷ་སར་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀྲི་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བསྐུར་ནས། ཚན་རིག་རྟོག་ཞིབ་ནང་ཞུགས་མཁན་ཚན་ཞིབ་མི་སྣ་དང་། གཞོན་ནུ་སློབ་མ། འགན་སྲུང་མི་སྣ་བཅས་ཚང་མར་བཀྲི་ཤིས་བདེ་ལེགས་ཞུས་གནང་བ་དང་མཛའ་བརྩེའི་འཚམས་འདྲི་གནང་།
        ཞི་ཅིན་ཕིང་གིས་བཀྲི་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་ནང་། མཚོ་བོད་མཐོ་སྒང་ནི་འཛམ་གླིང་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་མཛོད་ཡིན་པ་དང་། སའི་གོ་ལའི་གླིང་སྣེ་གསུམ་པ་ཡིན་ལ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱེད་ས་གལ་ཆེན་ཞིག་ཡིན། ད་རེས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་པ་དེས། མཚོ་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་བའི་གནས་ལུགས་ཤེས་རྟོག་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་བཅོས་བྱེད་པ། མཚོ་བོད་མཐོ་སྒང་གི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་རྐྱེན་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད་པ་དང་། 
        ཞི་ཅིན་ཕིང་གིས་རྟོག་ཞིབ་ཞིབ་འཇུག་ནང་ཞུགས་མཁན་གྱི་ཚན་ཞིབ་མཁས་པ་དང་། གཞོན་ནུ་སློབ་མ། འགན་སྲུང་མི་སྣ་བཅས་ཚང་མས་ཚན་རིག་མཁས་ཅན་རྒན་གྲས་ཚོས་དཀའ་སྤྱད་འབད་འཐབ་དང་། མཐུན་སྒྲིལ་ཡར་བརྩོན། ཡང་རྩེར་འཛེགས་ཕོད་པ་བཅས་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཆུ་དང་སྐྱེ་ཁམས། མིའི་རིགས་ཀྱི་བྱེད་སྒོ་བཅས་ལ་གཅིག་བསྡུས་ཐོག་དོ་སྣང་བྱས་ནས། མཚོ་བོད་མཐོ་སྒང་གི་ཐོན་ཁུངས་ཁོར་ཡུག་གི་འདེགས་སྐྱོར་ནུས་པ་དང་། གནོད་འཚེའི་ཉེན་ཁ། གནོད་མེད་གོང་འཕེལ་གཏོང་ཐབས་སོགས་ཐད་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ། འཛམ་གླིང་ཐོག་གི་ཡུལ་ལུང་གཙང་མ་དེར་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། མཛེས་སྡུག་ལྡན་པའི་མཚོ་བོད་མཐོ་སྒང་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པ་དང་། མཚོ་བོད་མཐོ་སྒང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་འགོ་འཛུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་ཕྱག་ཡིག་སྒྲོག་སྦྱངས་གནང་བ་དང་། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད་པ་དང་།  
        ཁོང་གིས་ཚན་ཞིབ་ནང་ཞུགས་མཁན་ཚན་པ་དང་རུ་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་འཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་ཞུ་བྱེད་པ། མ་ལག་ལྡན་པའི་ངང་ཚན་རིག་རྟོག་ཞིབ་བྱེད་པ། ཕྱོགས་བསྡུས་མཉམ་བསྲེས་ཞིབ་འཇུག་ལ་མཐོང་ཆེན་བྱེད་པ། མཐུན་སྦྱོར་གསར་གཏོད་དང་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འབད་བརྩོན་ཆེན་པོས་ཚན་ཞིབ་འགག་གཏོར་གལ་ཆེན་ཡོང་བ་བྱེད་པ་བཅས་བྱས་ཏེ། མཚོ་བོད་མཐོ་སྒང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།
        མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་ཐེངས་གཉིས་པ་དེ་ནི་ཀྲུང་གོའི་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གིས་སྣེ་ཁྲིད་པ་དང་། མཚོ་བོད་མཐོ་སྒང་གི་ཆུ་དང་སྐྱེ་ཁམས། མིའི་རིགས་ཀྱི་བྱེད་སྒོ་སོགས་ཁོར་ཡུག་གནད་དོན་ཐད་རྟོག་ཞིབ་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། མཚོ་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་བས་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་ཐད་ཀྱི་ཤུགས་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ནུས་པ་སྲུང་སྐྱོབ་དང་གླིང་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་སྐྲུན་རྒྱུའི་ཇུས་གཞི་འདོན་རྒྱུ་ཡིན་པ་རེད། དུས་རབས་གོང་མའི་ལོ་རབས་70པ་ནས་བཟུང་། རང་རྒྱལ་གྱིས་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་དང་པོ་བྱས་ཡོད་པ་དང་། སྔ་རྗེས་སུ་ལོ་20ལྷག་བརྒྱུད་ནས། ཚན་རིག་ཡིག་ཆ་འབོར་ཆེན་གསོག་འཇོག་བྱས་ཡོད་པས། མཚོ་བོད་མཐོས་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ཆེད་ཚན་རིག་གི་གཞི་འཛིན་ས་བརྟན་པོ་འཁོ་འདོན་བྱས་ཡོད་པ་རེད། །







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1